དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་མེ་རི་ཁའི་གནམ་གྲུ་ཆུང་གྲས་ཤིག་ལྷུང་ནས་བརླག་པ།

2025-04-01 10:30:34   |   481

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་། 


གནམ་གྲུ་ཆུང་གྲས་ཤིག29ཉིན་ཨ་མེ་རི་ཁ་མིང་ཉི་སུའུ་ཏ་ཀྲོའུ་པུ་ལུའུ་ཁུ་ལིན་ཕ་ཁུ་གྲོང་ཁྱེར་དུ་ལྷུང་ནས་བརླག་པ་དང་། ས་ངོས་ཀྱི་ཁང་བ་ཞིག་ལ་མེ་སྐྱོན་བསླངས། ས་གནས་དེ་གའི་མེ་གསོད་སྡེ་ཁག་གི་མི་སྣས་གནམ་གྲུའི་ཐོག་སྲོག་ཉེན་ལས་ཐར་མཁན་མེད་ཅེས་བཤད་མོད།  འོན་ཀྱང་ཞིབ་ཕྲའི་ཤི་རྨས་གནས་ཚུལ་སྔར་བཞིན་གསལ་པོ་ཤེས་ཀྱི་མེད།     

ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཉིན་གུང་གི་དུས་ཚོད12དང་སྐར་མ20ཡས་མས་སུ། ཨའེ་ཨའོ་ཝ་ཀྲོའུ་ཏེ་མེ་དབྱིན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་མིང་ཉི་སུའུ་ཏ་ཀྲོའུ་ཡི་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་དུ་འཕུར་བའི་སོ་ཁ་ཏTBM7ཅན་གྱི་གནམ་གྲུ་ཞིག་པུ་ལུའུ་ཁུ་ལིན་ཕ་ཁུ་གྲོང་ཁྱེར་གྱི་སྡོད་དམངས་ཁུལ་ཞིག་ཏུ་ལྷུང་བ་རེད། རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུ་ཡིས་གནམ་གྲུའི་སྟེང་དུ་མི་ག་ཚོད་ཡོད་པ་ད་དུང་གསལ་བོར་ཤེས་མེད།    

ཨ་མེ་རི་ཁའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་དོན་གནམ་གྲུ་དེའི་ནང་ཆེས་མང་ན་མི6འདུག་ཐུབ་པ་དང་། གནམ་གྲུ་སྔོན་བཀོད་ནས་དམིགས་སར་འབྱོར་བར་སྐར་མ6ཡོད་དུས་ལྷུང་བ་རེད། པུ་ལུའུ་ཁུ་ལིན་ཕ་ཁུ་གྲོང་ཁྱེར་མེ་གསོད་མི་སྣས་གནམ་གྲུའི་ཐོག་མི་གསོན་མེད་པ་དང་། ས་ངོས་སུ་མེ་ཤོར་བའི་ཁང་བའི་ནང་དུ་མི་ཤི་རྨས་བྱུང་མེད་པའི་སྙན་ཞུ་ཕུལ།    

པུ་ལུའུ་ཁུ་ལིན་ཕ་ཁུ་གྲོང་ཁྱེར་ནི་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་སྤྱི་ལེ17མཚམས་སུ་ཡོད། ས་གནས་དེ་གའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྙན་ལམ་ཐོག་ནས་མངོན་པར་གཞིགས་ན།    ནགས་ཚལ་གྱི་མཐར་ལུས་པའི་འཛུགས་སྐྲུན་དངོས་པོ་ཞིག་མེ་དང་དུ་བ་སྟུག་པོས་བསྒྲིབས་ཡོད།   

 ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུ་དང་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེར་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད།    


མཉམ་སྤྱོད།