དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕྱི་འབྲེལ་པུས་གལ་ཏེ་ཨ་རི་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་སྒོ་ཁྲལ་དམག་འཐབ་དང་ཉོ་འཚོང་དམག་འཐབ་རྒྱག་པ་མཐའ་འཁྱོངས་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་འཐབ་རོགས་བྱ་ངེས་ཡིན་ཞེས་བཤད།

2025-04-09 11:02:52   |   355

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


 ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྔར་ལས་ལྷག་པར་སྒོ་ཁྲལ50%ཁ་སྣོན་གྱིས་བསྡུ་བའི་འཇིགས་སྐུལ་ལ་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཟླ4ཚེས8ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གང་བྱུང་དུ་བསྡུས་པས། རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་ཁེ་དབང་ལ་བཙན་གནོད་ཚབས་ཆེན་ཐེབས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་རྒྱབ་འགལ་ཚབས་ཆེན་བྱས་པ། སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་རྒྱབ་འགལ་ཚབས་ཆེན་བྱས་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་བརྟན་ལྷིང་ལ་རྡུང་རྡེག་ཚབས་ཆེན་བྱས་ཤིང་། འདི་ནི་དཔེ་མཚོན་གྱི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། དཔལ་འབྱོར་བཙན་གནོན་བཅས་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་གྱིས་དེར་རྒོལ་གཏམ་དྲག་པོ་བཏང་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བཤད། 

ལིན་ཅན་གྱིས་ཉོ་འཚོང་དམག་འཐབ་དང་སྒོ་ཁྲལ་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་། སྲུང་སྐྱོང་རིང་ལུགས་ལ་འགྲོ་ལམ་མེད། ཀྲུང་གོ་བས་དོན་དག་མི་བཟོ་ལ་དོན་དག་ལ་སྐྲག་ཀྱང་མི་སྲིད། གནོན་ཤུགས་སྤྲོད་པ་དང་འཇིགས་སྐུལ། བསླུ་བྲིད་བཅས་ནི་ཀྲུང་གོར་འབྲེལ་འདྲིས་བྱེད་པའི་ཡང་དག་པའི་བྱེད་ཐབས་ཤིག་མིན། ཀྲུང་གོ་ཕྱོགས་གྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་རང་ངོས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ངེས་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཞག་ནས། བློ་ཐག་རྦད་ཆོད་ཀྱིས་སྒོ་ཁྲལ་དམག་འཐབ་དང་ཉོ་འཚོང་དམག་འཐབ་རྒྱག་པ་མཐའ་འཁྱོངས་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་འཐབ་རོགས་བྱ་ངེས་ཡིན་ཞེས་བསྟན།  (གསར་འགོད་པ་ཡོན་རུའེ་དང་ཁྲེང་ཞིན།)  


མཉམ་སྤྱོད།