དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་ཀྱི་གནད་ཆེན་ལས་གཞི་ཞིག་གི་སྒོ་འབྱེད་མཛད་སྒོ་བསྡུས་པ།

2023-10-17 11:43:59   |   2541

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


1.jpg

2023ལོའི་ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོར། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་གྱིས་མགོ་འཛིན་མཛད་པའི་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཐད་ཀྱི་གནད་ཆེན་ལས་གཞི་སྟེ“《ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཆེན་མོ》 རྩོམ་སྒྲིག་གམ་དགོན་སྡེའི་གདན་རབས་ཡིག་ཚང་དག་སྒྲིག་དང་ཞིབ་འཇུག”ཅེས་པའི་དཔྱད་སྒོ་འབྱེད་པའི་ཚོགས་འདུ་ཟི་ལིང་དུ་བསྡུས།

2.jpg

ཐེངས་འདིའི་དཔྱད་སྒོ་འབྱེད་པའི་ཚོགས་འདུའི་སྟེང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཧེ་ཞིན་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཟུར་པ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་བོད་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་འཇམ་དབྱངས་དར་རྒྱས། 《བོད་ཀྱི་དམངས་སྲོལ་རིག་གནས》དུས་དེབ་ཀྱི་གཙོ་སྒྲིག་པ་ཟུར་པ་བཀའ་མ་མཁའ་འབུམ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་སོགས་ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་དྲ་ལམ་དང་ཡུལ་དངོས་སུ་ཞུགས་ཤིང་། ལས་གཞིར་ཞུགས་མཁན་གྱི་ཁོངས་མི་དང་སློབ་གླིང་གི་འབྲེལ་ཡོད་དགེ་སློབ་རྣམས་ཟུར་ཞུགས་བྱས།

3.jpg

4.jpg

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཧེ་ཞིན་གྱིས་བཤད་རྒྱུར། རྒྱལ་ཁབ་རིམ་པའི་གནད་ཆེན་ལས་གཞི་འདི་ནི་རང་སློབ་གྲྭས་ཐོག་དང་པོར་སྒྲུབ་འགན་ཁུར་ཞིང་མགོ་འཛིན་བྱས་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གཞི་ཆེན་མོ་ཞིག་ཡིན་ཞིང་། འདི་ནི་མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་ལ་རྒྱབ་ཁབ་རིམ་པའི་གནད་ཆེན་ལས་གཞི་ལྔ་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ནང་གི་སྔོན་མེད་ཀྱི་ཟིན་ཐོ་གསར་པ་ཞིག་ཡིན་པས། འདི་ཡིས་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཆུ་ཚད་དང་རིག་གཞུང་ཞིབ་འཇུག་གི་མཚན་སྙན་སྔར་བས་མཐོར་འདེགས་སུ་བཏང་བ་མ་ཟད། ཀྲུང་གོའི་བོད་བརྒྱུད་ནང་བསྟན་རིག་གནས་ལ་རྒྱུས་ལོན་དང་རྒྱུན་འཛིན་བྱེད་པའི་ཐད་ལ་དོན་སྙིང་གལ་ཆེན་བསྐྲུན་ཞིང་། མདོ་དབུས་མཐོ་སྒང་གི་མི་ཆོས་ལོ་རྒྱུས་དང་རིག་གནས་ཀྱི་རྩ་བ་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་བྱེད་པར་ཡང་དམིགས་བསལ་གྱི་དོན་སྙིང་ལྡན་པར་བྱས་ཡོད།

5.jpg

6.jpg


དགེ་རྒན་ཆེན་མོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་གྱིས“སྔོན་ཆད། བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཞིབ་འཇུག་ཐད་མཐོང་རྒྱའི་ཚད་བཀག་གི་དབང་གིས། ནང་བསྟན་ལོ་རྒྱུས་སྔར་བས་གཏིང་ཇེ་ཟབ་དང་གོང་སྤེལ་གཏོང་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ལ། ད་ཡོད་ཀྱི་ཡིག་ཆ་ལས་མང་ཆེ་ཤོས་ཀྱང་དགོན་པ་གཅིག་གམ་ཡང་ན་ས་ཆ་གང་རུང་ཞིག་གི་ལོ་རྒྱུས་ཞིབ་འཇུག་ཁ་ཐོར་ཅན་དུ་གནས་པ་ལས། བོད་བརྒྱུད་ནང་བསྟན་དགོན་པ་ཡོངས་ཀྱི་ལོ་རྒྱུས་ཕྱོགས་གཅིག་ཏུ་དྲིལ་བའི་ཞིབ་འཇུག་བརྩམས་ཆོས་དང་ཡིག་ཚང་དག་སྒྲིག་བྱས་པ་ཞིག་བྱུང་ཐུབ་མེད”ཅེས་ལས་གཞི་འདིའི་དགོས་གལ་རང་བཞིན་ཐད་ནས་གཏམ་བཤད་གནང་།

7.jpg

8.jpg

རྒྱུས་ལོན་པ་ལྟར་ན། གནད་ཆེན་ལས་གཞི་འདིས་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་སྐོར་གྱི་དེབ30དང་། 《ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཆེན་མོ》 ལས་བོད་ལྗོངས་ཀྱི་ལེའུ་དང་། སི་ཁྲོན་དང་ཡུན་ནན་གྱི་ལེའུ། ཀན་སུའུ་དང་མཚོ་སྔོན་གྱི་ལེའུ། པེ་ཅིན་དང་ནང་སོག་དང་ཞིན་ཅང་གི་ལེའུ་བཅས་པོད་བཞི་དག་སྒྲིག་བྱེད་འཆར་ཡོད་ལ། གཞན་ད་དུང་བོད་བརྒྱུད་ནང་བསྟན་དགོན་པའི་ཡིག་ཚང་ཨང་ཀི་ཅན་གྱི་མཉམ་སྤྱོད་ཞབས་ཞུ་སྟེགས་བུ་བཙུགས་ཏེ། དགོན་པའི་ཡིག་ཚང་རང་འགུལ་གྱིས་ངོས་འཛིན་དང་ཞིབ་དཔྱད་བྱེད་པར་སྟབས་གང་བདེ་བསྐྲུན་འཆར་རེད།

9.jpg

གཞན་ཡང་། ཚོགས་ཐོག་ཏུ་ཕྱོགས་ཡོང་གི་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་རྒྱལ་ཁབ་རིམ་པའི་གནད་ཆེན་ལས་གཞི་འདིའི་རིག་གཞུང་གི་རིན་ཐང་དང་ཞིབ་འཇུག་གི་ཐབས་ལམ། གསར་སྐྲུན་རང་བཞིན་བཅས་ཀྱི་ཐད་ནས་བགྲོ་གླེང་བྱས་པར་མ་ཟད། གདེང་འཇོག་ཚད་མཐོན་པོ་བྱས་ཤིང་བསམ་འཆར་དང་གྲོས་གཞི་བཏོན་ཏེ། ལས་གཞི་སྔར་ལས་ལེགས་པའི་སྒོ་ནས་ཡོངས་འགྲུབ་འབྱུང་བར་སྨོན་འདུན་དང་རེ་བཅོལ་གནང་ཞིང་གལ་ཆེའི་དགོངས་འཆར་དང་མཛུབ་སྟོན་གང་མང་གནང་།

10.jpg


མཉམ་སྤྱོད།