དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-22 06:28:45   |   360

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན ། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་རྒྱལ་གྱིས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས48078གསར་དུ་བཙུགས་ཤིང་དུས་མཚུངས་ལས36.2%འཕར་ཡོད།

  • 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་ཁེའི་བཅའ་ཁྲིམས་ལག་བསྟར་ཞིབ་སྲོལ〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》སྤྱི་བསྒྲགས་བྱས་ཤིང་། 2024ལོའི་ཟླ1པའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་དཔྱ་ཁྲལ་གྱི་སྒྲིག་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་དོན། 2024ལོར་ཚོང་ཟོག་ཁག་གཅིག་གི་ཕྱིར་གཏོང་ནང་འདྲེན་གྱི་སྒོ་ཁྲལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། དེའི་ཁྲོད་ཀྱི་འབྲས་སྐྲན་འགོག་པའི་སྨན་དང་མཐོང་དཀོན་པའི་ནད་རིགས་ཁག་གཅིག་ལ་སྒོ་ཁྲལ་མི་དགོས་པ་བྱ་རྒྱུ་རེད།

  • སློབ་གསོ་པུ་སོགས་སྡེ་ཚན་བཞིས་བརྡ་ཐོ་བཏང་སྟེ། “དྲ་ཐོག་ཏུ་རྒྱུག་ཆེ་བའི”རྩེད་ཆས་དང་སློབ་མའི་ཡིག་ཆས་དང་མཁོ་ཆས་ལ་འཐེན་བཤེར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

  • ཚེས21ཉིན། ཚོང་དོན་པུས་ཀྲུང་ཧྭའི་ཚོང་རྟགས་རྙིང་པ་ཁག་གཅིག་ངོས་འཛིན་བྱེད་རྩིས་ཡོད་པའི་མིང་ཐོ་གསར་པ་ཡོངས་བསྒྲགས་བྱས་ཤིང་། ཁྱོན་སྤུས་རྟགས388ཡོད་པ་དང་ཆ་སྙོམས་ལོ138ཟིན་ཡོད།

  • དམངས་སྲིད་པུ་ཡིས་བརྡ་ཐོ་བཏང་སྟེ་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཆོག་མཆན་མ་ཐོབ་པར་དཔྱད་བསྡུར་གཟེངས་བསྟོད་བྱེད་སྒོའི་ཨང་དང་པོར“ཀྲུང་གོ”ཞེས་པའི་ཡིག་འབྲུ་འགོད་མི་ཆོག་ཅེས་བསྟན།

    1.png

  • ཚེས21ཉིན། ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གྲུ་ཁང་ནས་ཐོག་དང་པོར་ཕྱིར་བུད་པ་ལེགས་འགྲུབ་བྱུང་ཞིང་། སྔོན་ནས་གཏན་འཁེལ་བྱས་པའི་ལས་འགན་དག་ལེགས་པར་གྲུབ།

    2.jpg

  • ཚེས21ཉིན། མཁའ་གྲུ་ཨང་བདུན་པ་འཕེན་གཏོང་བྱེད་པར་སྤྱོད་པའི་རྒྱང་སྐྱོད་ཨང་བདུན་པའི་རྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་གནས་སུ་བདེ་འཇགས་ངང་དབོར་འདྲེན་བྱས།

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཁྱོན་ཁྲི1297.8ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས23.8%འཕར་ཡོད།

  • རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་མཇུག་གི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས་ཤིང་། ཨ་ཀེན་ཐིན་རུ་ཁག་ཨང་དང་པོར་སླེབས་པ་དང་། ཀྲུང་གོའི་རུ་ཁག་ཨང79པ་ཡིན།

    སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་དམའ་མོའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ནས་ཚེས24ཉིན་བར། ཧྭ་བྱང་དང་ཧོང་ཧོའེ་སོགས་ས་ཁུལ་གྱི་ཉིན་མོའི་དྲོད་ཚད་དམའ་ཤོས་སམ་ཡང་ན་ཆ་སྙོམས་དྲོད་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས་5℃ཡན་དམའ་རུ་འགྲོ་རྒྱུ་རེད།

  • ཚེས21ཉིན་བར་ཀན་སུའུ་ས་ཡོམ་གེགས་ཁུལ་གྱིས་རིམ་རྩིས་བྱས་ན་རྨས་མ784བསྡུ་ལེན་བྱས།

  • མཚོ་སྔོན་གྱིས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ2024ལོའི་དུས་ཚིགས་དང་པོའི་མ་མཐའི་འཚོ་བའི་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མ་དངུལ་འདང་ངེས་སྔ་སྣུར་བྱས་ཏེ་སྤྲད།

  • ཚེས21ཉིན། ལིའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་སུ་ཁྲིམས་ར་འཚོགས་ནས་ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་དབྱི་ཕེང་ཧྥེ་ཡིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱོད་པའི་གྱོད་གཞི་དེར་ཞིབ་གཅོད་བྱས།

  • ཚེས21ཉིན། ཧང་ཀྲོའུ་དྲ་ལམ་ཁྲིམས་ཁང་གིས་གསར་བརྗེའི་དཔའ་བོ་ཧོ་ཁེ་ཞིའི་མཚན་སྙན་སྲུང་སྐྱོང་བྱེད་པའི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་གསུམ་གྱིས་ཡོངས་བསྒྲགས་སུ་དགོངས་དག་ཞུ་བ་དང་སྐྱིན་ཚབ་སྤྲོད་དགོས་པའི་ཁྲིམས་ཐག་བཅད།

    4.png

  • རྒྱལ་ཁབ་རིག་དངོས་ཅུས་བརྡ་ཁྱབ་བཏང་བར་གཞིགས་ན། ཧུའུ་པེ་ཅིང་ཀྲོའུ་ཆིན་ཅ་ཙུའུ་ཡི་ཁྲུའུ་ཡི་བང་སོ M1093ནས་ཀྲན་གོའི་ཁྲུའུ་ཡི་ཡིག་བྱང3900ལྷག་ཙམ་ཐོན་པ་དང་། སྤྱིའི་ཡིག་འབྲུ30000ཙམ་འདུག

  • ཚེས20ཉིན་གྱི་ཆུ་ཚོད15:50སྟེང་། ཧེ་ལུང་ཅང་ཅི་ཞི་གྲོང་ཁྱེར་ཁུན་ཡོན་རྡོ་སོལ་གཏེར་ཁུལ་དུ་ཁྲོན་འོག་གི་གཏེར་འདོན་རླངས་འཁོར་སྐྱེལ་འདྲེན་གྱི་ལས་འཛོལ་བྱུང་སྟེ་མི12རྐྱེན་ལམ་དུ་ཤོར་བ་དང་། མི13ལ་རྨས་སྐྱོན་ཕོག

  • ཀན་སུའུ་འབྲོང་ཡུལ་ཀའོ་ཐའེ་དྲ་བའི་ཉེན་རྟོག་པས་རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་རྒྱན་འགྱེད་གྱོད་གཞི་ཆེན་པོ་ཞིག་བདེ་བླག་ངང་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན137འཛིན་བཟུང་བྱས་ཤིང་། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར6.7ཟིན།

    5.jpg

  • ཀྲེ་ཅང་ཉིང་པོའི་འབྲས་སྐྲན་ཕོག་པའི་རྨོ་བོ་ཁྲེན་ཕེ་ཧྥེ་ཡིས་རི་ཁུལ་གྱི་བྱིས་པའི་འཚོ་བའི་ཆ་རྐྱེན་ཞན་པ་ཐོས་རྗེས་ལོ་ལྔའི་རིང་ལ་སྟོད་གོས200ལྷག་ཙམ་ལྷས་ཏེ་ཞལ་འདེབས་སུ་ཕུལ།

    སྲིད་ཇུས། 

  • པེ་ཅིང་གིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། པེ་ཅིང་ནས་ཡིན་པའི་རིམ་པ་མཐོ་བའི་རྒན་གསོ་ཞབས་ཞུའི་ཤེས་ལྡན་མི་སྣ་སྲིད་ཇུས་གཞིར་བཟུང་ཤེས་ལྡན་པ་ནང་འདྲེན་ནམ་ཡང་ན་སྐར་བསགས་གཞིས་ཆགས་ཆོག་པ་ཁ་གསལ་བཟོས།

  • ཧོ་ནན་གྱིས་ཡིག་ཆ་བཀྲམ་ནས་ལས་འཁྱུར་དམག་མི་ཕུལ་བྱུང་སློབ་གྲྭ་ཆུང་འབྲུང་དུ་དགེ་རྒན་བྱེད་པར་འགྲོ་བར་སྐུལ་འདེད་བཏང་ཞིང་། ལས་འཁྱུར་དམག་མི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གདན་ཞུའི་ནང་ཞུགས་དུས་ལོའི་ཚད་བཀག་དེ་ལོ་གཉིས་ཀྱི་ལྷོད་གཡེང་ཡོད་པ་ཁ་གསལ་བཏོན།

  • ཧྲའན་ཞི་ཡིས་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་སྒོ་ཆེ་གྲས་ཀྱི་དོ་དམ་ཚད་ལྡན་དུ་བཏང་ཞིང་། འཁྲབ་སྟོན་གཉེར་མཁན་ཚན་པས་རིམ་བཞིན་སྒོ་འཛིན་དངུལ་ཕྱིར་སློག་པའི་ཚད་གཞི་ལུགས་མཐུན་བཟོས་ཏེ། སྤ་སེ་ཉོ་མཁན་གྱི་ལུགས་མཐུན་ཁེ་དབང་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

    དེ་རིང་གི་གནམ་གཤིས།

    6.jpg

  • ཀན་སུའུ་ཡི་རྨ་ནུབ་ཁུལ་དང་། ཧྲན་ཏུང་ཕྱེད་གླིང་། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད་ཧྲན་ཏུང་ཕྱེད་གླིང་གི་ས་ཁུལ་ས་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཡུན་ནན་གྱི་ལྷོ་ནུབ་རྒྱུད་དང་ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད། ནང་སོག་གི་ཤར་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་རིམ་པ4ནས6བར་གྱི་རླུང་གཡུག་རྒྱུ་རེད།


མཉམ་སྤྱོད།