མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མིའི་རིགས་རིག་པ་སྨྲ་བ་མཱ་ལེན་ནོ་ཧྥོའུ་སི་ཅིའི་མཐུ་ཆོས་ལྟ་བ་གཞིར་བཟུང་ནས་བོད་ཀྱི་དམར་མཆོད་རིག་གནས་ལ་དཔྱད་པ།

2024-01-03 09:47:49   |   167

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དང་པོ། སྤྱིར་བསྟན་པ།

གནའ་སྔ་མོའི་དུས་སུ་རང་ཅག་བོད་མི་རྣམས་ཀྱིས་རང་གི་ཚེ་སྲོག་ལ་བར་ཆད་དང་དུས་རྒྱུན་འཚོ་བའི་ཁྲོད་ཆག་སྒོ་རབ་དང་རིམ་པ་བྱུང་བའི་རང་བྱུང་ཆོས་ཉིད་ཀྱི་གསང་བ་དག་གྲོལ་མ་ནུས་པར“རང་བྱུང་གནམ་གྱི་འཇིགས་པ་ཟློག་ཕྱིར་གནམ་ན་བཙན་ཡོད་པར་འདོད་དེ་ར་ལུག་སྤྲེལ་སོགས་ཀྱི་དམར་མཆོད་དང་། བར་ན་གཉན་ཡོད་པར་བསམ་སྟེ་མི་མ་ཡིན་པའི་གནོད་པ་ཟློག་ཕྱིར་རི་ལྷ་སོགས་ལ་མཆོད་པ་བྱས། འོག་ན་ཀླུ་ཡོད་པར་བསམ་ནས་ཆུའི་འཇིགས་པ་ཟློག་ཕྱིར་ཆུ་ལྷ་སོགས་ལ་མཆོད་པ་བྱས”ཞེས་པ་ལྟར་རང་བྱུང་ཁམས་ལ་དད་པ་དང་མཆོད་པ་འབུལ་བའི་ཆོ་གའི་ལུགས་སྲོལ་འདི་ནི་གདོད་མའི་དུས་ནས་ཐོག་མར་བྱུང་བ་ཞིག་ཡིན་ལ།   དེ་ལ་མཆོད་པ་འབུལ་བའི་རྣམ་པའམ་རིགས་ཀྱི་ཆ་ནས་ཀྱང“ད་ལྟ་མཐོང་ཐུབ་པའི་འབྲེལ་ཡོད་ཡིག་ཆ་དག་ལས་མཆོད་པ་ལ་རོལ་མོའི་མཆོད་པ་དང་། གར་གྱི་མཆོད་པ། རྫས་ཀྱི་མཆོད་པ། སྔགས་ཀྱི་མཆོད་པ་སོགས་མང”ཞེས་གསུངས་པ་ལྟར། འཛམ་གླིང་སྟེང་གི་མི་རིགས་ཕལཆེར་ལ་གནའ་སྔ་མོ་ནས་རིགས་མི་འདྲ་བའི་དམར་མཆོད་འབུལ་སྲོལ་ཡོད།དཔེར་ན། ཕྱི་རྒྱལ་དུ་བྱུང་བ་སྔ་བའི་ལོ་རྒྱུས་སྙན་ངག་ཞི་ལའི《ཧེའུ་མ》རུ།“ར་ལུག་གི་སུག་བཞི་བཅད་ནས་ལྷ་ལ་མཆོད་པ་ཕུལ་ཚུལ་དང་། ” ཧྥུ་ལའེ་ཙེའི《གསེར་གྱི་ཡལ་ག》རུ། “ མི་རྒན་དར་གཞོན་གསུམ་གྱི་ཤ་ཁྲག་གིས་མཆོད་ཚུལ་སོགས”མང་དུ་བཀོད་ཡོད།དེ་མིན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱ་མི་རིགས་ལའང་གནའ་སྔ་མོ་ནས་དམར་མཆོད་ཀྱི་སྲོལ་ཡོད་པ་ནི་རྒྱལ་ཁབ་བར་དམག་འཁྲུག་འབྱུང་སྐབས་དང་རང་བྱུང་ཁམས་ལ་མཆོད་འབུལ་བྱེད་སྐབས་སུ་བ་ལང་དང་ཕག ར་མ་ལ་སོགས་ཀྱིས་དམར་མཆོད་བྱེད་སྟངས་ལྟ་བུ། དེང་དུས་སུ་ད་དུང་དམར་མཆོད་ཀྱི་རྣམ་པ་ཡོད་དེ། རང་ཅག་བོད་མི་རིགས་ཀྱི་དམར་བསང་འབུལ་བའི་སྐབས་སུ་ལུག་མགོའམ་ཡང་ན་སུག་བཞི་སོགས་བསང་ལ་འདྲེན་པ་དང་། ཧུའེ་རིགས་ཀྱི་ཀུའུ་ཨར་པང་ཅེའི་སྐབས་སུ་ཁྱིམ་ཚང་རེས་ལུག་རེ་བཤའ་བའང་དམར་མཆོད་རིག་གནས་ཨེ་ཡིན་སྙམ། མདོར་ན་དམར་མཆོད་ཀྱི་ཆོ་ག་འདི་དམངས་ཁྲོད་ན་ད་བར་དུ་ཟམ་མ་ཆད་པར་དངོས་སུ་མཐོང་རྒྱུ་ཡོད་དོ།  །

གཉིས་པ། དམར་མཆོད་རིག་གནས་ཀྱིས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན།

དེ་ཡང་དེབ་དཀར་དུ།“བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་དེ་དུས་ལུག་ཁྱི་སྤྲེལ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེའི་ནང་མནའ་ཆེན་སྐྱེལ་ཞིང་མཚན་གྱི་གུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤངས་ཏེ།བན་དྷེ་ཞིག་གིས་ཆོ་ག་གཏོང་།”ཞེས་པར་བལྟས་ན་དམར་མཆོད་བྱེད་ལུགས་འདི་ནི་བོད་ཡུལ་དུ་དར་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བར་མ་ཟད་གནའ་བོའི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་དམག་དོན་སོགས་སྤྱི་ཚོགས་སྒྲིག་གཞིའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པར་མངོན།  དེ་བཞིན་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་དུའང་རྟ་བསད་དེ་ལྷ་ལ་མཆོད་པ་འབུལ་བའི་ཆོ་ག་ཡོད་དེ། དཔེར་ན།ཧོར་གླིང་གཡུལ་འགྱེད་ཀྱི་སྨད་ཆའི་ནང་། “ཧོར་ཕར་འདུལ་སྐབས་གླིང་གེ་སར་རྒྱལ་པོ་ཁོང་ཉིད་འཇང་གི་མོ་མ་ཀུན་ཤེས་ཐིག་པོར་སྤྲུལ་ནས་ཧོར་ལ་མོ་ལོག་བསྟན་པ་སྟེ། ཧོར་རྗེ་གུར་དཀར་རྒྱལ་པོའི་སྐུ་རིམ་ལ། མཐོ་གནམ་ཐེལ་དཀར་བོ་ལ་རྟ་དཀར་བཤས་པའི་ཤ་དྲོངས། ལག་པ་གཡོན་པར་རྟ་རྔ་བཟུང་ནས་ལྷ་འབོད་ཀྱིས། བར་ཐེལ་ཁྲ་བོ་ལ་རྟ་ཁྲག་ཟོ་བ་གང་ཐབ་ཀའི་ནང་ནས་མཆོད། ས་ཐེལ་ནག་པོ་ལ་ཁྱི་ནག་དོམ་བུ་བསད་པའི་ཚིལ་གྱིས་བདུག ལྕོག་ལྷ་མཚལ་རྩེ་ལ་རྟ་ཡི་གློ་བ་དང་ཁྱི་ནག་པོའི་མཆིན་པས་ལབ་ཙེ་སྒམ་སྟོད་ཟེར་བར་ཧོར་བ་རྣམས་ཀྱིས་མོ་མས་བཅོས་ཀ་བསྟན་པ་ལྟར་ཐེའུ་རང་དཀར་ནག་ཁྲ་གསུམ་དེ་རྟ་འདོ་བའི་ཤ་ཁྲག་དང་བྱ་ཚིལ་གྱིས་བདུག་པས་མནོལ་ཤོར་ནས་རྒྱུན་པར་འཁོར་བའི་ཕོ་ལྷ་དགྲ་ལྷ་ཐམས་ཅད་དམུ་གབ་ཀྱིས་ཁེངས”ཞེས་ཧོར་ཕར་འདུལ་སྐབས་ཧོར་དམག་གིས་གླིང་རྗེ་གེ་སར་རྒྱལ་པོའི་ལུང་བསྟན་ལྟར་རྟ་ཕོ་སྟོང་ཕྲག་མང་པོ་བསད་དེ་སྙིང་ཁྲག་དྲོན་མོས་ཡུལ་ལྷ་གཞི་བདག་ལ་མཆོད་འབུལ་བྱས་པ་འདིས་ཀྱང་སྐབས་དེའི་མི་དམངས་ཀྱི་དད་མོས་དང་དམར་མཆོད་རིག་གནས་ཀྱི་སྣང་ཚུལ་ཞིག་གསོན་ཉམས་ལྡན་པར་བྲིས་ཡོད། “རྟ་ཡི་མཆོད་སྦྱིན་ལས་ལྷག་པའི།  །དག་བྱེད་མི་ལ་ཡོད་མིན་པས།  །རྟ་མ་གཏོགས་པར་ས་གསུམ་ན།  །བཀྲ་ཤིས་མཆོག་གཞན་ཡོད་མ་ཡིན།  །”ཞེས་རྟ་ནི་བསང་མཆོད་ཀྱི་རྫས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་ངོས་བཟུང་ཡོད་པ་གསལ་པོར་ཤེས་ཐུབ་ལ། རང་གི་འཚོ་བའི་ནང་ཆེས་རྩ་འགངས་ཆེ་བའི་སེམས་ཅན་གྱིས་རང་གི་སྲོག་དོད་དུ་ཡུལ་ལྷ་གཞི་བདག་ལ་མཆོད་སྦྱིན་བྱེད་པའི་སྲོལ་དར་ཡོད་པ་ཡང་བདེན་དཔང་བྱས་པ་རེད། ཕྱིས་སུ་ཐུབ་པའི་བསྟན་པ་བོད་དུ་རྒྱ་ཆེར་དར་བ་ནས་བཟུང་དམར་མཆོད་ཀྱི་མཆོད་རྫས་ལ་སེམས་ཅན་སོགས་ཀྱི་གཟུགས་ཀྱིས་འཐུས་པར་བྱས་ཏེ་སེམས་ཅན་རྟ་བོང་ལ་སོགས་པ་དུད་འགྲོའི་རིགས་དམར་མཆོད་བྱེད་པར་དགག་པ་མཛད་ཡོད་ནའང་དམངས་ཁྲོད་ན་སྔར་བཞིན་གནས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ལགས། 《ཞི་བདེ་རྒྱ་མཚོ་ནུབ་མའི་མཚོ་བསྐྱོད་པ》ཞེས་པའི་དེབ་ཏུའང་། ཁོའུ་ལ་བརྗེ་རེས་བྱེད་སྐབས་དང་། མཚོ་གྲུ་བཟོ་བ། མཚོ་གྲུ་རྒྱང་རིང་དུ་བསྐྱོད་པ།  ཞིང་ལས་ཀྱི་ལས་ཀ་བྱེད་པ་སོགས་ཀྱི་སྐབས་སུ་རང་བྱུང་ཁམས་ཀྱི་ལྷ་ཀླུ་གཉན་གསུམ་དང་རང་གི་མེས་པོ་དག་ལ་ཕག་མགོ་ཡིས་མཆོད་པ་ཕུལ་ཏེ་མཐུ་ཆོས་བྱེད་པའི་ལུགས་སྲོལ་གང་མང་སྤེལ་བཞིན་ཡོད་པ་གསལ་པོར་བརྗོད་འདུག

རང་ཅག་བོད་དང་འབྲེལ་ཆེ་བའི་རྒྱ་མི་རིགས་ལའང་དེ་དང་ཆ་འདྲ་བའི་མཆོད་འབུལ་བྱེད་སྲོལ་ཡང་ཡོད་དེ། གནའ་བོའི་རྒྱའི་རྒྱལ་རབས་རིམ་བྱུང་ཚང་མས་མཆོད་འབུལ་བྱ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩི་བཞིན་ཡོད།《ཙུའོ་ཀྲུང·ཁྲེང་ཀུང་ཁྲི་ལོ་བཅུ་གསུམ་པ》ལས“རྒྱལ་ཁབ་ཀྱི་དོན་ཆེན་ལ་མཆོད་འབུལ་ཞུ་བཞིན་ཡོད”ཅེས་འཁོད་ཡོད།རྒྱལ་ཁབ་ལ་དོན་ཆེན་གཉིས་ཡོད་པ་དེ་ནི་མཆོད་འབུལ་དང་གྲ་སྒྲིག་བྱ་རྒྱུ་དེ་རེད། དེ་གཉིས་མཉམ་གཤིབ་ཏུ་གནས་པ་ལས་མཆོད་འབུལ་ལ་མཐོང་ཆེན་བྱེད་ཚད་མཐོང་ཐུབ། འོ་ན་མཆོད་འབུལ་བྱེད་པའི་སྤྱི་ཚོགས་ཀྱི་དོན་སྙིང་གང་དུ་ཡོད་དམ་ཞེ་ན། གཅིག་ནས་མི་རྣམས་ཀྱི་གུས་བཀུར་ཞུ་ལུགས་ཏེ། གནམ་ས་ལ་བཀུར་བ་ལས་གུས་བཀུར་དང་བཀའ་དྲིན་གྱི་བསམ་པ་གསོ་སྐྱོང་བྱས་ཡོད་དེ། དེ་ནི་དེང་གི་སྐད་ཆ་ལྟར་བཤད་ན་རང་བྱུང་ཁམས་དང་འཆམ་མཐུན་རྒྱུན་འཁྱོངས་དང་། གུས་བཀུར་གྱི་འདུ་ཤེས་དགོས་པར་བསྟན་པ་རེད། གཉིས་ནས་སྲི་ཞུ་སྒྲུབ་པའི་སེམས་པ་སྐྱེད་སྲིང་བྱས་ཏེ་ཕ་མ་དང་མེས་པོར་བསྙེན་བཀུར་དང་། ཁྲག་རྒྱུན་གཅིག་པའི་ཉེ་འབྲེལ་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ཏེ་འབྲེལ་བ་རྒྱུན་སྐྱོང་དགོས་པར་བསྟན་ཡོད། གསུམ་ནས་བློ་དཀར་སྐྱེད་སྲིང་བྱས་ནས་རྒྱལ་ཁབ་དང་། བྱ་གཞག ཚོགས་པ་བཅས་ལ་བློ་དཀར་སེམས་དཀར་དང་། འགན་འཁྲི་ཡོད་པ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་སེམས་ཤུགས་ཆེ་རུ་གཏོང་དགོས་པ་བཅས་བསྟན་ཡོད།

གསུམ་པ། དེང་སང་དམར་མཆོད་བྱེད་ལུགས་ཀྱི་གནས་བབ།

དམར་མཆོད་བྱེད་པ་འདི་ནི་གདོད་མའི་སྐབས་ནས་མ་ཡལ་བར་དུས་དེང་སང་བར་དུ་གནས་པའི་སྲོལ་རྙིང་ཞིག་ཡིན།བོད་ཀྱི་དམར་མཆོད་འབུལ་བའི་ཡུལ་སྲོལ་གོམས་ལུགས་འདི་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཏེ།《གཟི་ཡི་ཕྲེང་བ》ལས། “ བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་མ་བྱོན་པའི་དུས་དེར།བདུད་ལ་བརྟེན་མཁན་གྱི་བདུད་བོན་ཟེར་བ་དང་བཙན་ལ་བརྟེན་མཁན་གྱི་བཙན་བོན་ཟེར་བ་འདྲ་བའི་བོན་པོའི་རིགས་མི་འདྲ་བ་འགའ་ཞིག་དུས་དེ་ནས་ཡོད་པ་དང་། དེ་ཚོས་སེམས་ཅན་གཞན་དག་གི་ལུས་སྲོག་ལ་འཚེ་བའི་དམར་མཆོད་བྱེད་བཞིན་ཡོད་པ་གཤེན་རབ་མི་བོ་ཆེས་དགག་པ་མཛད”ཅེས་པ་འདི་ལས་བཙན་བོན་དང་བདུད་བོན་གྱི་རིགས་ནི་སྟོན་པ་གཤེན་རབ་མི་བོ་ཆེ་མ་བྱོན་གོང་དུ་ཕལ་ཆེར་ཡོད་པར་སྣང་།སྟོན་པ་གཤེན་རབ་མི་བོ་ཆེས་སེམས་ཅན་གྱི་སྲོག་ལ་འཚེ་བའི་ལས་འདི་ལ་དགག་རྒྱག་མཛད་པ་དང་དུས་རབས་བདུན་པར་བོད་ལ་ནང་བསྟན་དར་བ་ནས་སྲོག་ཆགས་སོགས་གསོན་བསང་ལ་འདྲེན་པ་དང་གླུད་ཚབ་ཏུ་མི་གཏོང་བ་སོགས་འཚེ་བའི་ལས་དེ་དག་ལ་བཅོས་བསྒྱུར་མཛད་དེ་ཕྱེ་དང་རྩམ་པ་ལ་སོགས་ཀྱིས་དེའི་གཟུགས་བརྙན་འཐུས་ཚབ་བྱས་ཏེ་ལྷ་ཀླུ་གཉན་གསུམ་སོགས་ལ་མཆོད་འབུལ་བྱེད་བཞིན་ཡོད་པ་འདིའོ།

《མི་ནུབ་དར་རྫོང》ལས། “ཨ་སྟག་ཀླུ་མོས་མི་ནུབ་ཀྱི་བློན་པོ་སྐྱེ་ཡག་ཐག་པས་གྲུ་གུ་བཞིན་བསྡམས་རྗེས། ཁྲག་འཐུང་མི་དོག་མོ་ས་ལས་མེད།  །ཤ་ཁྲག་དགྲ་ལྷའི་ཞལ་དུ་མཆོད།  །ཅེས་ཟེར་བཞིན་གྲི་ཆུང་རེག་པ་མཁྲེགས་གཅོད་ཀྱིས་སྐྱེ་ཡག་གི་བྲང་ལ་བསྐོར་དྲས་བྱས། སྙིང་ཁྲག་གནམ་ལ་གཏོར་ནས་གླིང་གི་དགྲ་ལྷ་དང་སྲུང་མ་མཆོད།མགོ་ལག་ཧྲིལ་གྱིས་བླངས”ཞེས་བཀོད་ཡོད། ཡེ་ཧྲུའུ་ཞུན་ལྟར་ན། “གདོད་རྣམ་མཐའ་དཔྱོད་ཅེས་པ་ནི་མིའི་རིགས་རིག་པའི་དགོངས་གཞི་ལས་བརྩམས་ཏེ། རྩོམ་རིག་ནི་ཤེས་རིག་གི་མཚོན་རྟགས་ཀྱི་རྣམ་པ་ཞིག་དང་། མིའི་རིགས་ཀྱི་ཐབས་རྩལ་སྣ་མང་གི་ནང་ནས་བྱ་འགུལ་བྱེ་བྲག་པ་ཞིག་ཏུ་བརྩི། མཚོན་རྟགས་ཀྱི་བྱ་འགུལ་འདིའི་ཁུངས་ནི་གནའ་བོའི་ཆོས་ལུགས་ཀྱི་ཆོ་ག་དང་། ལྷ་སྒྲུང་། དད་མོས་བཅས་ལ་ཐུག་ཅིང་། དེ་དག་ལས་གཞི་རྩའི་གདོད་རྣམ་རྙེད་པར་བྱེད་པ་ཡིན། གདོད་རྣམ་གྱི་བརྗེ་སྤོར་འགྱུར་ལྡོག་ལ་བསམ་སྟེ་རྩོམ་རིག་གི་བརྩམས་ཆོས་གྲུབ་པའི་ཆོས་ཉིད་ལ་བརྟག་ཅིང་། དེ་ནས་རྩོམ་ལུས་མི་འདྲ་བའི་འཕེལ་འགྱུར་གྱི་ཆོས་ཉིད་ཕྱོགས་བསྡུས་བྱས་པའོ།  །”ཞེས་པ་ལྟར་གདོད་མའི་མིའམ་ཡང་ན་གནའ་བོའི་བོད་མི་དག་གིས་དུད་འགྲོ་ཕྱུགས་ཟོག་རིགས་ཀྱི་ཤ་ཁྲག་གིས་ལྷར་མཆོད་པ་འབུལ་བར་མ་ཟད་མི་བསད་ནས་མཆོད་པ་འབུལ་བའི་སྲོལ་ཡོད་པ་ཡང་ཤེས་ཐུབ།འོན་ཀྱང་དེང་སང་གནའ་དེང་མའི་ལུགས་སྲོལ་རྙིང་བ་དག་དོར་ནས་དེ་ལ་ཕྱེ་དང་རྩམ་པས་འཐུས་ཚབ་བྱེད་བཞིན་པ་འདིའང་མདོར་ན་ནང་བསྟན་བོད་ལ་དར་ནས་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་གཏན་འབེབས་མཛད་དེ་བོད་མིའི་བསམ་བློ་བྱམས་དང་སྙིང་རྗེའི་ཕྱོགས་ལ་སྣེ་ཁྲིད་པའི་ཤུགས་རྐྱེན་ཡིན་པའོ།


མཉམ་སྤྱོད།