དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བདེ་བརྟན་མདའ་བཞི།

2024-01-05 11:12:47   |   1524

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་རིག་གནས་གནས་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg      

གལ་ཏེ་ཁྱོད་ཀྱིས་མདའ་བཞི་འབྲི་ན།
         མདའ་བཞིའི་འབྱོར་ཕྱུག་བྲིས་པ་ཁོ་ནས་མི་ཆོག་ལ།
    ད་དུང་། མཐོན་པོ་སྒང་གི་མཁའ་ན་གཡོ་བའི་སྤྲིན་དཀར་དང་།
བྱང་ན་སེང་གེ་ལྟར་འགྱིང་བའི་ཨ་མྱེས་ཞལ་དཀར།
ལྷོ་ན་སྐར་ཚོགས་ལྟར་བཀྲམ་པའི་བྱེ་གླིང་།
གསེར་དངུལ་རྩྭ་ཐང་ཁྱབ་པའི་མཚམས་སྤྲིན་ཡང་འབྲི་དགོས།
དེ་དག་བྲིས་པས་ཀྱང་ག་ལ་ཆོག
མཐོན་པོ་སྒང་གི་གསར་བརྗེའི་རིག་གནས་དང་།
མཚོ་སྔོན་པོའི་ཚུར་ངོགས་ཀྱི་སྒེག་ཉམས།
དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་སྐེ་ཚེ་མེ་ཏོག
ཤག་ཤག་བཞུར་བའི་ལྷད་མེད་ཀྱི་ཆུ་ཕྲན།
ལྡེམ་ལྡེམ་གཡོ་བའི་གསེར་མདོག་གི་སྙེ་མ།
ལྷམ་མེར་བཞད་པའི་སྐལ་བཟང་མེ་ཏོག
མཛེས་པ་འདི་དག་ཀྱང་ཅིས་ཀྱང་འབྲི་དགོས་སོ། །


གལ་ཏེ་ཁྱོད་ཀྱིས་མདའ་བཞི་འབྲི་ན།
         མདའ་བཞིའི་ཤེས་དཔལ་བྲིས་པ་ཁོ་ནས་མི་ཆོག་ལ།
ད་དུང་། རྡུལ་ཕྲན་མཁར་གྱི་ཕྱོགས་བཞིར་འཕྲོ་བའི་ཉི་ཟེར་དང་།
གནས་འདི་ན་བཞུར་བཞིན་པའི་རྒྱལ་གཅེས་ཀྱི་ཟུངས་ཁྲག
ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་ལུས་པའི་ནུབ་མཚོ་ཅུན་ཡང་འབྲི་དགོས།
དེ་དག་བྲིས་པས་ཀྱང་ག་ལ་ཆོག
གཡུ་ཡི་རླབས་ཕྲེང་གཡོ་བའི་མཚོ་སྔོན་པོ་དང་།
དཔལ་སྦྱིན་རྩྭ་ཐང་གི་དྲི་བསུང་ཁྲོད་ལྡིང་སྐོར་བྱེད་པའི་འདབ་ཆགས།
གློག་འོད་ཀྱིས་རྒྱན་པའི་རྡུལ་ཕྲན་མཁར་གྱི་མཚན་ལྗོངས།
གྲོང་རྡལ་གྱི་དྲང་ཞིང་ཡངས་པའི་གཞུང་ལམ།
མཁར་གྱང་གི་ལྡེབས་རིས་ལས་མངོན་པའི་ཤེས་དཔལ།
མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག
དྲོ་གྲང་འཚམ་པའི་གནམ་གཤིས།
མཛེས་པ་འདི་དག་ཀྱང་མ་ལུས་འབྲི་དགོས་སོ། །

གལ་ཏེ་ཁྱོད་ཀྱིས་མདའ་བཞི་འབྲི་ན།
         མདའ་བཞིའི་མཐུན་སྒྲིལ་ཡར་ཐོན་བྲིས་པ་ཁོ་ནས་མི་ཆོག་ལ།
ད་དུང་། གནས་འདི་ན་འཚོ་ཞིང་གཞེས་པའི་མི་རྣམས་འབྲི་དགོས་ཏེ།
འཚོ་བ་ལ་དགའ་ཞེན་ཆེ་བའི་མི་དག
རང་ཡུལ་རིག་གནས་རྒྱུད་འཛིན་བྱེད་པའི་མི་དག
འཚོ་བ་ཇེ་ལེགས་སུ་གཏོང་བར་འབད་པའི་མི་དག་འབྲི་དགོས།
དེ་དག་བྲིས་པས་ཀྱང་ག་ལ་ཆོག
ད་དུང་། དབུལ་ཐར་གདུང་མ་འདེགས་མཁན་སྐལ་བཟང་དང་།
མེས་རྒྱལ་གྱི་གཟི་བརྗིད་བརྩོན་ལེན་བྱེད་མཁན་ཆོས་དབྱིངས་སྐྱིད།
རིག་གནས་ཀྱི་གསེར་ཟམ་འཛུགས་མཁན་བསོད་ནམས་ཚེ་རིང་།
མི་འདི་དག་ཀྱང་ཅི་བྱས་ཀྱང་འབྲི་དགོས་སོ། །

གལ་ཏེ་ཁྱོད་ཀྱིས་མདའ་བཞི་འབྲི་ན།
         མདའ་བཞིའི་དར་རྒྱས་བྲིས་པ་ཁོ་ནས་མི་ཆོག་ལ།
ད་དུང་། མཚམས་སྤྲིན་གྱིས་ཁ་དོག་བསྒྱུར་བའི་ཝ་མགྱོགས་ཆུ་བོ་དང་།
མདའ་བཞི་རྩྭ་ཐང་གི་ས་སྲོད་ཀྱི་སྤྲིན་དམར།
རྩྭ་ཐང་གི་གྲལ་བསྟར་བསྒྲིགས་པའི་སྦྲ་གུར།
དེའུ་དྲུག་རྩྭ་ཐང་གི་ཤ་མོ་སེར་བོ།
གསེར་དངུལ་ཐང་གི་ལྷད་མེད་དྭངས་གཙང་གི་མཁའ་དབུགས།
རྟའི་བང་ཁ་འགྲན་པའི་རྣམ་པ།
བྱ་རྒོད་ཀྱིས་གཤོག་རྩལ་འགྲན་པ་བཅས་ཀྱང་འབྲི་དགོས་སོ། །

གལ་ཏེ་ཁྱོད་ཀྱིས་མདའ་བཞི་འབྲི་ན།
         མདའ་བཞིའི་བདེ་སྡོད་ལས་བརྩོན་བྲིས་པ་ཁོ་ནས་མི་ཆོག་ལ།
 མེས་པོ་རྣམས་ཀྱིས་གནས་འདི་ནས་རུ་དཔུང་དྲངས་པ་འབྲི་དགོས་ལ།
མི་རབས་ནས་མི་རབས་བརྒྱུད་པའི་རྡོ་རྐོང་དང་།
བུ་རྒོད་རི་བོའི་འདབས་ཀྱི་བུ་རྒོད་པོ་དག
ཕ་ཡུལ་དང་རིང་དུ་གྱེས་པའི་མི་དག་གིས་བྱས་རྗེས་བཞག་ནས་ཕྱིར་ལོག་པ།
མི་རབས་གསར་པས་ཡབ་མེས་ཀྱིས་ཞབས་རྗེས་བསྙེགས་པ་འབྲི་དགོས།
དེ་དག་བྲིས་པས་ཀྱང་ག་ལ་ཆོག
ད་དུང་། རྩྭ་ཐང་གི་རྟ་ཕོ་གཤོག་ཐོགས་དང་།
ཞོགས་པའི་རྩྭ་མགོའི་ཟིལ་བ།
ས་སྲོད་ཀྱི་མཚམས་སྤྲིན།
བདེ་བརྟན་མདའ་བཞི་བཅས་ཀྱང་འབྲི་དགོས་ལ།
ཁྱོད་དང་ངའང་འབྲི་དགོས་སོ། །


མཉམ་སྤྱོད།