དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤར་ཕྱོགས་ཁྲུང་དཀར། མཚོ་སྔོན་དུ་ཡང་བསྐྱར་བྱ་རིགས་གསར་བ་ཞིག་གི་ཟིན་ཐོ་བསྣན།

2024-01-08 10:48:11   |   2048

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ1པོའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་གཞི་རིམ་དུ་བསྐྱོད་དེ་བརྙན་ལེན་ལས་འགན་སྒྲུབ་སྐབས། པད་མ་རྫོང་གི་དགེ་རྩེ་ཁུག་ཏུ་འདབ་ཆགས་ཆེ་གྲས2ཀྱིས་སྨར་ཁོག་ཆུའི་འབབ་རྒྱུད་དུ་སོས་དལ་ངང་རྒུམ་བུ་འཐུ་བཞིན་པ་བརྙན་ལམ་ནས་ཟིན་ཐོར་བཀོད།

1.png

ཤར་ཕྱོགས་ཁྲུང་དཀར།(པར་རིས་པད་མ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་འདོན་སྤྲོད་བྱས)

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁང་དང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་བྱ་རིགས་ལྟ་ཞིབ་མཐུན་ཚོགས་ཀྱི་ཆེད་མཁས་པས་བརྙན་པར་ལ་གསལ་བོར་བལྟས་ཤིང་། «ཀྲུང་གོའི་བྱ་རིགས་ལྟ་ཞིབ་ལག་དེབ»དང་། «ཀྲུང་གོའི་བྱ་རིགས་རིས་འགྲེལ» «ཀྲུང་གོའི་བྱ་རིགས་ཀྱི་དབྱེ་བ་དང་ཁྱབ་ཚུལ་མིང་དེབ(པར་ཐེངས་བཞི་པ)» «མཚོ་སྔོན་གྱི་སྒལ་ཚིགས་སྲོག་ཆགས་ཀྱི་རིགས་དབྱེ་དང་ཁྱབ་ཚུལ»སོགས་དཔྱད་གཞི་ཀློག་བཤེར་དང་། བྱ་འདིའི་ཕྱིའི་རྣམ་པ་སོགས་ལ་ཞིབ་བསྡུར་བྱས་པ་བརྒྱུད། བྱ་འདི་ཆུ་བྱ་ཆེ་གྲས་ཀྱི་རིགས་སུ་གཏོགས་པའི་ཤར་ཕྱོགས་ཁྲུང་དཀར་ཡིན་པར་ངོས་བཟུང་བ་རེད། ཤར་ཕྱོགས་ཁྲུང་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་འདབ་ཆགས་ཁྱབ་ཚུལ་གྱི་ཟིན་ཐོ་གསར་བ་ཞིག་ཀྱང་ཡིན།

ཤར་ཕྱོགས་ཁྲུང་དཀར། ཁྲུང་ཁྲུང་གི་སྡེ་དང་ཁྲུང་ཁྲུང་གི་ཚན་དུ་གཏོགས་ལ། སྤུ་མདོག་དཀར་པོའམ་དཀར་པོ་ནག་ནོག་ཅན་དུ་མངོན། སྐེ་འོག་ཏུ་ཙོར་དབྱིབས་ལྟ་བུའི་སྒྲོ་སྤུ་ཡོད་པ་དང་གཤོག་སྒྲོ་ནག་པོ་ཡིན། མཆུ་ནི་སྲ་ཞིང་ཁམ་མདོག་ལྡན་ལ་མིག་མཐའ་དང་མིག་རིས། མགྲིན་པ་སོགས་སུ་དམར་མདངས་ལྡན་པའི་སྐྱི་ལྤགས་བུད་ཡོད་པ་དང་སུག་པའི་མདོག་ནི་དམར་པོ་ཡིན། རྒྱལ་ནང་དུ་བྱང་ཤར་དང་ནུབ་བྱང་། ཧྭ་བྱང་སོགས་ས་ཆར་སྐྱེ་འཕེལ་བྱེད་ལ། འབྲི་ཆུའི་དབུས་སྨད་རྒྱུད་དུ་དགུན་སྐྱེལ་བ་ཡིན། ཐེངས་འདིར་མཚོ་སྔོན་ཞིང་ཆེན་མགོ་ལོག་ས་ཁུལ་ནས་ཟིན་ཐོར་བཀོད་པ་ཡིས་དངོས་རིགས་འདིའི་ཁྱབ་ཚུལ་མཚོ་འཕགས་སྨི3200ལས་བརྒལ་ཏེ་མཚོ་འཕགས་ཆེས་མཐོ་བའི་ཁྱབ་ཚུལ་གྱི་ཟིན་ཐོ་བཏོད། པེ་ཅིན་ནགས་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའོ་ཡུའུ་མིན་ལ་བཅར་འདྲི་བྱས་པ་ལྟར་ན། 2023ལོའི་ཟླ6པའི་ཚེས24ཉིན། ཧའེ་ལུང་ཅང་ཞིང་ཆེན་ལིན་ཏེན་རྫོང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཆེད་མཁས་པས་ས་ཁུལ་དེར་སྐྱེ་འཕེལ་བྱུང་བའི་ཤར་ཕྱོགས་ཁྲུང་དཀར་མང་པོར་འཁོར་སྐར་གནས་ཁེལ་རྗེས་འདེད་དཔྱད་ཆས་བསྐོན་པ་དང་། དེ་དག་གི་སྟོན་ཁའི་གནས་སྤོའི་ལམ་ཐིག་ལས་མངོན་པ་ལྟར་ན། རྗེས་འདེད་བྱས་པའི་ཤར་ཕྱོགས་ཁྲུང་དཀར1ཟླ12པའི་ཚེས4ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་ཁོངས་སུ་འཛུལ་བ་དང་། ལམ་བར་དུ་གཅིག་སྒྲིལ་དང་པད་མ་རྫོང་བརྒྱུད་འདུག དེ་གཞིར་བཟུང་སྟེ་རིག་འདེད་བྱས་ན། ཐེངས་འདིར་ཟིན་ཐོར་བཀོད་པའི་ཤར་ཕྱོགས་ཁྲུང་དཀར2ནི་ཧའེ་ལུང་ཅང་ནས་སྐྱེ་འཕེལ་བྱུང་བའི་རིགས་ཁྱུར་གཏོགས་པ་དང་། གནས་སྤོའི་ལམ་བར་དུ་མཚོ་སྔོན་ཞིང་ཆེན་ནས་རྒུམ་བུ་ཁ་གསབ་དང་གནས་མལ་གསར་བ་འཚོལ་ཞིབ་བྱས་པ་ཡིན་ངེས།


མཉམ་སྤྱོད།