རྩོམ་པ་པོ། ཁྲི་ཤར་བསོད་ནམས་ཚེ་རིང་། ཡོང་ཁུངས། ཡོངས་འཛིན་རིག་མཛོད། བཤེར་འབེབས། རིན་ཆེན་ཚེ་རིང་།
【ནང་དོན་གནད་བསྡུས།】དེང་གི་དུས་ནི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེས་མགྱོགས་པའི་དུས་རབས་ཤིག་ཡིན་ལ། དྲ་ཚིགས་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་ཏེ། འདིར་བོད་སྐད་ཡིག་དྲ་ཚིགས་ཀྱི་སྤྱིའི་གནས་བབ་དང་བྱུང་འཕེལ། བོད་སྐད་ཡིག་དྲ་ཚིགས་ཀྱི་ནང་དོན་དང་རྣམ་པའི་ཐད་ལ་དཔྱད་གླེང་རགས་ཙམ་བྱས་ཡོད།
【བརྡ་ཆད་གཙོ་བོ།】བོད་སྐད་ཡིག དྲ་ཚིགས། བྱུང་འཕེལ། ནང་དོན།
དེ་ཡང་དུས་རབས་ཉེར་གཅིག་པ་ནི་ཆ་འཕྲིན་འཕེལ་རྒྱས་ཀྱི་དུས་རབས་ཤིག་ཡིན་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་དུ་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་བརྗོད་ཀྱིན་མཆིས་ལ། ཆ་འཕྲིན་གྱི་འཕེལ་རྒྱས་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཞིག་གི་འཕེལ་རྒྱས་ཀྱི་རྟགས་གཙོ་བོ་ཞིག་ཡིན། དྲ་ཚིགས་ནི་རྒྱལ་ཁབ་ཞིག་དང་མི་རིགས་ཤིག་གི་ཆ་འཕྲིན་སྣ་ཚོགས་སྤེལ་བའི་གཞི་གཙོ་བོ་ཞིག་ཀྱང་ཡིན་པ་རེད། དེང་གི་དུས་འདིར་རྒྱལ་ཁབ་ཕྱི་ནང་ཀུན་དུ་ཆ་འཕྲིན་སྒྲོག་སྤེལ་གྱི་གཞི་གཙོ་བོ་ནི་དྲ་ཚིགས་ཡིན་པ་རེད། ལྷག་པར་དུ་དེང་གི་སྐབས་འདིར་རྒྱལ་ཁབ་ཕྱི་ནང་དུ་དྲ་ཚིགས་ཇེ་མང་ནས་ཇེ་མང་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མི་སྒེར་གྱི་དྲ་ཚིགས་ཀྱང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས། འདིར་ཁོ་བོས་བོད་སྐད་ཡིག་གི་དྲ་ཚིགས་ཀྱི་སྐོར་ལ་ཐོག་མར་དཔྱད་ཞིབ་ཉུང་ཙམ་བཏང་ཡོད་པ་གཤམ་ལྟར།
དང་པོ། དྲ་ཚིགས་སྤྱིའི་གནས་བབ།
དེང་གི་ཆར་དྲ་ཚིགས་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་ཏེ། ཐོག་མར་རྒྱལ་ཁབ་ཕྱི་ནང་གི་དྲ་ཚིགས་སྤྱིའི་གནས་བབ་བརྗོད་པ་ལ། དྲ་ཚིགས་དང་དྲ་རྒྱ་གཉིས་ཀྱི་གོ་དོན་ཐད་ཅུང་གླེང་བར་བྱ་སྟེ། དྲ་རྒྱ་དང་དྲ་ཚིགས་ནི་ཕལ་ཆེར་མིང་དོན་ཐད་ནས་གཅིག་ཏུ་མངོན་ཏེ། དྲ་ཚིགས་ནི་མཉེན་ཆས་ཀྱི་ལག་ཆ་བེད་སྤྱད་ནས་ཡི་གེ་དང་རི་མོ། འགུལ་རིས། སྒྲ་དབྱངས། བརྙན་ཟློས་སོགས་ཀྱིས་གྲུབ་པའི་སྤྱི་འདུས་ཀྱི་ཆ་འཕྲིན་བརྡ་ཁྱབ་སྤེལ་ས་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་དྲ་སྟེང་ནས་ཐོན་ཁུངས་མཉམ་སྤྱོད་དང་ཐོན་ཁུངས་བརྗེ་རེས་བཅས་ཀྱི་བྱ་བ་སྤེལ་བའི་གཞི་གཙོ་བོ་ཞིག་ཡིན། དྲ་རྒྱ་ནི་གཙོ་བོ་གློག་ལམ་དང་སྐུད་ལམ། འཕྲིན་གཏོང་སྒྲིག་ཆས་བཅས་བརྒྱུད་དེ་ཐོན་ཁུངས་མཉམ་སྤྱོད་དང་བརྒྱུད་སྤྲོད་བྱེད་པ་ཞིག་ཡིན་ལ། དེ་ལ་བརྟེན་ནས་ཐག་རིང་ཐུང་གི་རྩིས་འཁོར་བར་གྱི་བྱ་བ་སོགས་ཡོད་ཚད་གཞི་གཅིག་ཏུ་སྦྲེལ་ཐུབ་པ་ཞིག་ཡིན་པས། དྲ་རྒྱ་དང་དྲ་ཚིགས་ནི་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ཆ་འཕྲིན་གྱི་ཐོན་ཁུངས་སྤེལ་ས་དང་། ཆ་འཕྲིན་ལས་སྣོན། བརྗེ་རེས་བཅས་ཀྱི་ལག་ཆ་གཙོ་བོ་ཞིག་ཀྱང་ཡིན་པ་རེད། འོ་ན་དྲ་ཚིགས་དེ་ཐོག་མར་གང་ནས་དར་བའི་ལོ་རྒྱུས་ལ་ཡིག་ཚང་ལ་གཞིར་བཅོལ་ཏེ་བརྗོད་ན། དྲ་ཚིགས་ནི་ཐོག་མར་ཨ་མེ་རི་ཁ་རྒྱལ་ཁབ་ནས་དར་བར་མངོན་པ་དང་། 1969ལོའི་ཟླ་བ11པའི་ཚེས21 ཉིན་ཨ་རིའི་ཚན་རིག་མཁས་པ་དྲུག་གིས་ཅ་ལིའི་ཧྥུ་ཉི་ཡ་སློབ་ཆེན(加利福尼亚大学)གྱི་ལོའོ་ཧྲན་ཅི་ཡན་ལག་སློབ་གྲྭའི་རྩིས་འཁོར་ཚོད་ལྟ་ཁང་གི་རྩིས་འཁོར་གཅིག་དང་དེ་ནས་ལེ་དབར་སྟོང་གིས་ཆོད་པའི་སི་ཐན་ཧྥུ(斯坦福)ཞིབ་འཇུག་ཁང་གི་རྩིས་འཁོར་གཅིག་བརྒྱུད་འབྲེལ་ལེགས་གྲུབ་བྱུང་བའི་རླབས་ཆེ་བའི་གསར་གཏོད་དེས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་དྲ་རྒྱ་ཁྱབ་གདལ་གཏོང་བའི་ལོ་རྒྱུས་ཀྱི་སྒོ་མོ་ཐོག་མར་ཕྱེ་བ་ཡིན་ལ། དེ་ནས་དུས་ཡུན་རིང་བོ་ཞིག་འགོར་རྗེས།“སྤྱི་ལོ1993ལོ་ནས་དབྱིན་ཐེ་དྲ་རྒྱ་དངོས་སུ་འཛམ་བུའི་ཁྱོན་ལ་དར་བའི་སྒོ་མོ་ཕྱེ”①བས་དྲ་ཚིགས་ནི་སྟོབས་ལྡན་གྱི་རྒྱལ་ཁབ་ཁག་དང་། དམག་ཁུལ་ཁང་། ཚན་རིག་མཁས་ཅན་དག་གིས་སྒེར་སྤྱོད་བྱེད་པའི་རྣམ་པ་ལས་རིམ་གྱིས་འཛམ་གླིང་གི་ཡུལ་གྲུ་ཁག་སོ་སོར་ཁྱབ་གདལ་དུ་སོང་སྟེ་མི་རྣམས་ཀྱི་ལོངས་སྤྱོད་ཀྱི་ཁ་ཟས་ལྟ་བུར་གྱུར་པ་རེད། དེ་ལ་བརྟེན་ནས་ས་ཁོངས་དང་དུས་ཚོད་ཀྱི་བཀག་རྒྱ་མེད་པར་དེ་རུ་སློབ་གསོ་དང་ཚོང་ལས། སྲིད་དོན། དམག་དོན་བཅས་ཀྱི་བྱ་བ་སྣ་ཚོགས་ཤིག་བསྒྲུབ་ཐུབ་པ་མ་ཟད། མི་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ། རོལ་རྩེད། ཐོན་ཁུངས་མཉམ་སྤྱོད། གཞུང་སྒྲུབ་ཀྱི་བྱ་བ་སོགས་མང་པོ་ཞིག་ཀྱང་དྲ་ཚིགས་ལ་བརྟེན་ནས་བྱུང་བ་རེད།
འཛམ་གླིང་དུ་དྲ་ཚིགས་སྣ་མང་མང་པོ་ཞིག་ཐོན་དང་གསར་སྤེལ་བྱེད་བཞིན་ཡོད་ལ། འདིར2011ལོའི་ཟླ12པརhttp://royal.pingdom.com/ཞེས་པའི་དྲ་ཚིགས་ནས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟ་འཛམ་གླིང་དུ་དྲ་ཚིགས་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ས་ཡ་ལྔ་ལྷག་ཡོད་པ་དང་། དྲ་རྒྱ་བཀོལ་མཁན་གྱི་མི་གྲངས་དུང་ཕྱུར་ཉེར་གཅིག་ལ་བསླེབས་ཡོད་པ་རེད། དེ་མིན2011ལོའི་ཟླ12པའི་ཀྲུང་གོའི་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་རྒྱ་ཡིག་གི་དྲ་ཚིགས་ས་ཡ་གཉིས་དང་འབུམ་གསུམ་ལྷག་གསར་བཟོ་བྱས་ཡོད་ལ། དྲ་རྒྱ་བཀོལ་མཁན་གྱི་མི་གྲངས་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ས་ཡ་གསུམ་གྱིས་དྲ་ཚིགས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་ནི་འཛམ་གླིང་དང་རྒྱའི་སྐད་ཡིག་གི་དྲ་ཚིགས་ཀྱི་བསྡོམས་གྲངས་ཡིན་ལ། བསྡོམས་གྲངས་འདི་ནི་དབྱིན་ཐེ་དྲ་རྒྱ་བྱུང་བའི་དུས་ནས་ལོ་ངོ་བཅུ་ལྷག་གི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་། རྒྱ་ཡིག་གི་དྲ་ཚིགས་ཀྱི་འཕེལ་རྒྱས་ཡིན་ལ། དོན་དངོས་ཀྱིས་བརྗོད་ན་དྲ་ཚིགས་ཀྱི་འཕེལ་རྒྱས་ཤིན་ཏུ་མགྱོགས་པ་མ་ཟད། ཕལ་ཆེར་ལས་ཁུངས་དང་མི་སྒེར་སོགས་སུའང་དྲ་ཚིགས་མེད་པའི་སྣང་ཚུལ་མི་འདུག་པ་དང་། རྒྱལ་ཁབ་ཞིག་གི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ཤུགས་ཀྱང་མཚོན་པ་མ་ཟད། སྐད་ཡིག་ཅིག་གི་འཕེལ་རྒྱས་ཀྱང་མཚོན་པ་རེད།
གཉིས་པ། བོད་སྐད་ཡིག་དྲ་ཚིགས་ཀྱི་བྱུང་འཕེལ་མདོར་བསྡུས།
དྲ་ཚིགས་ཁྱབ་གདལ་དང་དྲ་ཚིགས་བཟོ་བའི་ལག་རྩལ་འཕེལ་རྒྱས་ཟམ་མི་ཆད་པར་བྱུང་བ་དང་བསྟུན་ནས་མི་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ། བྱ་བ་སྣ་ཚོགས་གང་མང་ཞིག་ཀྱང་སྟབས་ཇེ་བདེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་དྲ་ཚིགས་ལ་བརྟེན་ཏེ་ཚོང་ལས་དང་འཕྲིན་གསར་སྣ་ཚོགས་ཤིག་ཀྱང་སྤེལ་བཞིན་ཡོད་པས། འཛམ་གླིང་གི་མི་རིགས་སོ་སོར་སྐད་དང་ཡི་གེ་ཡོད་པ་རྣམས་ཀྱིས་ཀྱང་དེའི་ཕྱོགས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་བང་ཁ་འགྲན་པ་ནི་སྨོས་མ་དགོས་སོ། ། དེ་ལ་འདིར་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་མགོ་ནས་བཟུང་བོད་ཡིག་ཆ་འཕྲིན་གྱི་དབུ་བརྙེས་པ་ཡིན་ལ། “འཛམ་གླིང་དུ་ཆེས་ཐོག་མར་བོད་ཡིག་ཆ་འཕྲིན་གྱི་བྱ་བ་གཉེར་མཁན་ནི་སྤྱི་ལོ1981 ལོར་ཀྲང་ལན་ཧྲིན(张连生)གྱིས་རྩིས་འཁོར་བཀོལ་ནས་བོད་ཡིག་གི་ཐ་སྙད་བསྒྲིགས་པ་ཡིན་ལ། དེ་ནི་བོད་རང་ཉིད་ལ་མཚོན་ན་མི་རིགས་རང་གི་སྐད་ཡིག་འདི་ཉིད་འཕྲུལ་ཆས་ཅན་དང་དེང་རབས་ཅན་དུ་འགྱུར་བའི་བགྲོད་ལམ་ཆེས་ཐོག་མ་ཡིན།”②ཞེས་བརྗོད་པ་བཞིན་སྐབས་དེ་ནས་བཟུང་བོད་ཡིག་མཉེན་ཆས་དང་ཚིག་མཛོད་ལ་སོགས་པའི་མཉེན་ཆས་མང་པོ་ཞིག་བྱུང་བ་དང་། དེ་འདྲའི་འགྲན་སློང་གི་ཁྲོད་ནས་བོད་སྐད་ཡིག་གི་དྲ་ཚིགས་ཀྱང་སྣ་ཚོགས་ཤིག་གསར་སྤེལ་བྱུང་བ་ཡིན་ལ། འོ་ན་བོད་སྐད་ཡིག་དྲ་ཚིགས་ཀྱི་དབུ་གང་ནས་བརྙེས་པ་དང་། དྲ་ཚིགས་ཐོག་མ་དེ་གང་ཡིན་པ་རྩད་ཞིབ་རེ་བགྱིས་ན། “སྤྱི་ལོ1999ལོའི་ཟླ12པའི་ཚེས20ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡུས་ཧུང་ཀྲེ(于洪志)ཡི་འགོ་ཁྲིད་འོག་འཛམ་གླིང་གི་བོད་ཡིག་དྲ་ཚིགས་ཐོག་མ་སྟེ《གངས་ལྗོངས་རིག་གནས་དྲ་བ》ཞེས་པ་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་དུ་ལེགས་གྲུབ་བྱུང་བ་དང་། སྤྱི་ལོ2000ལོའི་ཟླ1པའི་ཚེས1ཉིན་དངོས་སུ་སྒོ་ཕྱེ”③བས་འཛམ་བུའི་ཁྱོན་ལ་བོད་སྐད་ཡིག་གི་དྲ་ཚིགས་མེད་པའི་ལོ་རྒྱུས་དངོས་སུ་མཇུག་སྒྲིལ་བ་རེད།《གངས་ལྗོངས་རིག་གནས་དྲ་བ》ཞེས་པའི་དྲ་ཚིགས་འདི་ཉིད་ནི་དོན་ཡོད་བོད་ཡིག་མཉེན་ཆས་བཀོལ་ཏེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དོན་ཡོད་ཆ་འཕྲིན་ཚན་རྩལ་ཚད་ལྡན་འགན་ལེན་ཀུང་སིས་གསར་བཟོ་བྱས་པ་ཡིན་ལ། དྲ་ཚིགས་འདིར་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་ཡིག་རིགས་གསུམ་གྱི་དྲ་ངོས་ཡོད་ལ། ལྷག་པར་དུ་རྩིས་འཁོར་དྲ་རྒྱའི་ནང་དུ Microsoft weft ལག་རྩལ་བཀོལ་ནས་དྲ་ཚིགས་གསར་བཟོ་བྱས་ཡོད་པས། རྩིས་འཁོར་ནང་བོད་ཡིག་གི་ཡིག་གཟུགས་ནང་འཇུག་བྱས་མེད་ནའང་གནས་ངེས་མེད་གང་རུང་ནས་དྲ་ཚིགས་ལ་བལྟ་ཐུབ་ཞིང་བོད་ཡིག་དྲ་ངོས་སུ་འཆར་ཐུབ་པར་བྱས་ཡོད་པ་དང་། དྲ་ཚིགས་འདིའི་ནང་དོན་གྱི་ཐད་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། དམངས་སྲོལ་བཅས་མདོར་བསྡུས་ཀྱིས་ངོ་སྤྲོད་བྱས་ཡོད། སྐབས་དེར་མཚོན་ན་རྒྱལ་ནང་ནས་སྤེལ་བའི་དྲ་ཚིགས་ཐོག་མ་ཡིན་པས་ཀུན་གྱིས་དགའ་བསུ་ཚད་མེད་བྱེད་བཞིན་ཡོད་ལ། སྐབས་དེ་ནས་བཟུང་བོད་སྐད་ཡིག་ལ་མཚོན་ན་མི་རིགས་རང་གི་སྐད་ཡིག་ནི་འཕྲུལ་ཆས་ཅན་དང་དྲ་རྒྱ་ཅན་དུ་འགྱུར་བའི་བགྲོད་ལམ་ཆེས་ལེགས་པོ་ཞིག་ཀྱང་ཡིན་པ་རེད། དྲ་ཚིགས་འདིའི་དྲ་གནས་ནི(http://www.tonguer.net/) འདི་ལྟར་ཡིན་ཏེ། མིག་སྔར་ཡོད་པའི་བོད་ཡིག་དྲ་ཚིགས་དག་གི་དྲ་ཚིགས་བཟོ་སའི་དཔེ་གཞི་ལེགས་པོ་ཞིག་ཀྱང་ཡིན་པ་དང་། ད་ལྟའང་དྲ་ཚིགས་འདི་སྔར་བཞིན་གནས་ཡོད་ལ་གནའ་རྫས་ལྟར་བཞག་པ་ལས་མུ་མཐུད་དུ་གསར་བཟོ་བྱེད་བཞིན་ཡོད་པ་མ་རེད།《གངས་ལྗོངས་རིག་གནས་དྲ་བ》ཞེས་པ་ནི་བོད་སྐད་ཡིག་གི་ལམ་ནས་སྤེལ་བའི་དྲ་ཚིགས་ཆེས་ཐོག་མ་ཡིན་ནའང་། རྒྱ་ཡིག་གི་དྲ་ཚིགས་འཕེལ་རྒྱས་དང་བསྡུར་ན་འཕྱིས་དྲགས་པའི་བོད་སྐད་ཡིག་གི་དྲ་ཚིགས་ཤིག་ཡིན་པ་དང་། དེ་ནས་ཅུང་མ་འགོར་བར་སྤྱི་ལོ2001ལོའི་ཟླ9པའི་ཚེས13ཉིན“ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས”ཀྱི་བོད་ཡིག་དྲ་ཚིགས་ཕྱིར་བཏོན་བྱས་པ་དང་། དྲ་ཚིགས་འདིའི་དྲ་གནས་ནི(http://ti.tibet.cn/) འདི་ལྟར་ཡིན་ཏེ། ཐོག་མར་དོན་ཡོད་བོད་ཡིག་མཉེན་ཆས་བཀོལ་ནས་གསར་བཟོ་བྱས་ཡོད་པ་དང་། དུས་ད་ལྟ་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་ཧི་མ་ལ་ཡ་ཡིག་གཟུགས་བཀོལ་ནས་གསར་བཟོ་བྱས་ཡོད་པས། བོད་སྐད་ཡིག་གི་དྲ་ཚིགས་སྤྱིའི་ཡིག་གཟུགས་ཀྱི་འཕེལ་ཕྱོགས་ནི་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་ཡིན་པ་རེད། མིག་སྔར་རྒྱལ་ནང་ལ་མཚོན་ནས་བརྗོད་ན་དྲ་ངོས་ཇུས་འགོད་བྱས་པ་ཆེས་ལེགས་ཤིང་བོད་ཀྱི་ཤེས་རིག་དང་འབྲེལ་བའི་ནང་དོན་གྱ་ནོམ་པ་ཞིག་མཆིས་པ་མ་ཟད། ལེ་ཚན་སྣ་མང་ཅན་དང་རང་རྐྱ་འཕེར་བའི་ཁྱད་ཆོས་ལྡན་པ་ཞིག་ལྡན། དུས་ད་ལྟའང་དྲ་ཚིགས་ཀྱི་ནང་དོན་ཐད་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད་ལ། དེ་ལ་ཆེད་ལས་ཀྱི་རྩོམ་སྒྲིག་པ་དང་དྲ་ངོས་ཇུས་འགོད་ཀྱི་མི་སྣའང་ཡོད་པ་རེད། དེ་ནས་དུས་ཡུན་ཅུང་ཙམ་འགོར་རྗེས་སྤྱི་ལོ2004ལོར་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དྲ་ཚིགས་ཤར་གཏོང་བྱས་པ་དང་། དྲ་ཚིགས་འདིའི་དྲ་གནས་ནི(http://www.qhtb.cn/)འདི་ལྟར་ཡིན་ཏེ། དྲ་ཚིགས་འདིར་མཚོན་ན་སྔོན་མ་དོན་ཡོད་བོད་ཡིག་ཡིག་གཟུགས་བཀོལ་ཏེ་དྲ་ངོས་གསར་བཟོ་བྱས་པ་ཡིན་ལ། དུས་ད་ལྟ་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་ཧི་གཟུགས་བཀོལ་ཏེ་གསར་བཟོ་བྱས་པ་དང་། དྲ་ཚིགས་འདི་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་ཐད་གཏོང་བྱས་པར་ཉན་ཐུབ་པ་དང་། ད་ལྟ་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལས་ཁུངས་གཉིས་མཉམ་བསྲེས་བྱས་ཡོད་པས། དྲ་ཚིགས་ཀྱི་མིང་ལའང“མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས”ཞེས་བཏགས་ཡོད་ལ། ནང་དོན་གྱི་ཐད་ནས་སྒྲ་ལྡན་ལེ་ཚན་ལ་གསར་འགྱུར་མཉམ་སྒྲོག་དང་། གསར་འགྱུར་མེ་ལོང་། གསར་འགྱུར་རྒྱས་བཤད། དཔལ་འབྱོར་འཕྲིན་གསར། ཁ་བའི་ཞབས་རྗེས། དངོས་བྲིས། གླེང་སྟེགས། འཚོ་བའི་ལམ་ཡིག མེ་ཏོག་གངས་ལྷ། འཆད་ཁྲིད་མུན་སེལ་སྒྲོན་མེ། རྨ་འབྲིའི་རླབས་ཀྱི་ཟེགས་མ་སོགས་ཡོད་པ་དང་། སྒྲ་ལྡན་ལེ་ཚན་ལའང375ཐད་གཏོང་ཁང་། སློབ་རའི་འགྱུར་ཁུགས། གངས་རིའི་རང་སྒྲ། བར་སྣང་འཕྲིན་གྱི་ཕོ་ཉ། ན་ཆུང་བྱིས་པའི་དགའ་ཚལ་སོགས་ཀྱང་ཡོད་པས། བོད་སྐད་ཡིག་གི་དྲ་ཚིགས་ཐད་ནས་བརྗོད་ན་རི་མོ་དང་ཡི་གེ་ཟུང་དུ་འབྲེལ་བ་ལས་འགོངས་ཏེ་བརྙན་ཟློས་དྲ་ཚིགས་ཀྱི་ཁོངས་སུ་གཏོགས་པའི་རླུང་འཕྲིན་དང་བརྙན་འཕྲིན་ཐད་ཀྱི་དྲ་ཚིགས་ཆེས་ལེགས་ཤོས་ཤིག་རེད་ཅེས་བརྗོད་ཆོག་ཆོག་རེད། སྤྱི་ལོ2004ལོའི་ཟླ8པའི་ཚེས27ཉིན《བོད་ལྗོངས་སློབ་ཆེན་གྱི་སློབ་མའི་དྲ་བ》ཞེས་པ་ཤར་གཏོང་བྱས་པ་དང་། དྲ་ཚིགས་དེར་སློབ་ཆེན་སློབ་མ་རྣམས་ཀྱི་སྙན་ངག ལྷུག་རྩོམ་སོགས་ཀྱི་བརྩམས་ཆོས་མང་པོ་ཞིག་ཡོད་པ་དང་། དེ་བཞིན་སྤྱི་ལོ2005ལོའི་ཟླ3པའི་ཚེས20ཉིན《བོད་ཀྱི་སྐད་ཡིག་དྲ་ཚིགས》ཞེས་པ་གསར་འདོན་བྱས་པ་དང་། དྲ་གནས་ནིhttp://www.tibettl.com/འདི་ལྟར་ཡིན་ཏེ། ནང་དོན་གྱི་རྣམ་པ་བོད་ཀྱི་ཤེས་རིག་དང་འབྲེལ་ཞིང་ཚད་ལྡན་བརྡ་ཆད་བརྒྱུད་སྒྲོག་དང་། བརྡ་ཆད་གསར་བ་ལོ་ཙཱ་བྱེད་པ། མི་རིགས་སྐད་ཡིག་བཀོལ་སྤྱོད་སྐོར་གྱི་དཔྱད་རྩོམ་སོགས་ཡོད་པས་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན་པ་དང་། དྲ་ཚིགས་འདི་ཉིད་ཀྱི་བོད་སྐད་ཡིག་ཟིན་བྲིས(དེ་ལ་རྩིས་འཁོར་གྱི་ཆེད་ལས་བརྡ་ཆད་སྟེང་ནསblogཟེར)ནི་ད་སྔ་ཆེས་ཐོག་མར་བྱུང་བའི་བོད་ཡིག་ཟིན་བྲིས་ཤིག་ཡིན་ནོ། །
སྤྱི་ལོ2005ལོའི་ཟླ10པའི་ཚེས14ཉིན《གངས་ལྗོངས་གཞོན་ནུ་གླེང་སྟེགས》ཞེས་པའི་དྲ་ཚིགས་ཐོན་པ་དང་། དྲ་ཚིགས་འདི་ཉིད་ཀྱི་བོད་སྐད་ཡིག་གི་ལམ་ནས་སྤེལ་བའི་གླེང་སྟེགས(དེ་ལ་རྩིས་འཁོར་གྱི་ཆེད་ལས་བརྡ་ཆད་སྟེང་ནས BBS ཟེར)ཐོག་མ་ཡིན་པ་མ་ཟད། སྐབས་དེར་བོད་ཁུལ་ལ་མཚོན་ན་ཆ་འཕྲིན་སྣ་ཚོགས་སྤེལ་སའི་ཐོན་ཁུངས་གཙོ་ཆེ་བ་ཞིག་ཡིན་པ་རེད། དེ་མིན་ལོ་དེར《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》ཞེས་པ་གསར་དུ་ཐོན་པ་དང་། དྲ་གནས་ནིhttp://www.tibetcm.com/འདི་ལྟར་ཡིན་ཏེ། དྲ་ཚིགས་འདི་ཉིད་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་ད་ལྟའི་རྩོམ་ཐབས་གསར་བ་བཅས་གཙོར་བཟུང་སྟེ་གནའ་དེང་གི་རྩོམ་རིག་སྣ་འདུས་ཅན་གྱི་དྲ་ཚིགས་ཤིག་ཡིན་ལ། དེར་གླེང་སྟེགས་དང་གསར་འགྱུར་སོགས་ཀྱི་ལེ་ཚན་སྣ་མང་བཅས་ཀྱི་ཁྱད་ཆོས་ལྡན་པའི་དྲ་ཚིགས་ཤིག་རེད། སྤྱི་ལོ2007ལོའི་ཟླ7ཚེས14ཉིན《བོད་ཀྱི་བརྡ་འཕྲིན་ལག་རྩལ》དྲ་བ་དངོས་སུ་ཤར་གཏོང་བྱས་པ་རེད། དྲ་གནས་ནིhttp://www.tibetitw.com/འདི་ལྟར་ཡིན་ཏེ། དྲ་བ་འདི་ནི་བོད་ཀྱི་ན་གཞོན་འགས་བསྒྲུབས་པའི་སྒེར་གཉེར་དྲ་ཚིགས་ཤིག་ཡིན་ལ་བོད་རང་གི་ཆ་འཕྲིན་ལག་རྩལ་ཐད་ལ་སྔར་མེད་ཀྱི་སྐུལ་འདེད་སྒོས་རྣམ་པ་གསར་བའི་ལམ་དུ་བསྐྱོད་པར་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཡོད་ལ། ལེ་ཚན་གཙོ་བོ་གསར་འགྱུར། ཆ་འཕྲིན་ཅན། ཕབ་ལེན། ཤེས་བྱ། ལག་རྩལ། བརྡ་ཆད་བཅས་ཡོད། དེ་མིན་སྤྱི་ལོ2008ལོའི་ཟླ7པར《རྡོ་འབུམ་དཔེ་འཕྲིན》དྲ་ཚིགས་གསར་དུ་བཏོན་ཞིང་། དྲ་གནས་ནིhttp://www.dobum.org/ འདི་ལྟར་ཡིན་ཏེ། དྲ་ཚིགས་འདིའི་ནང་གཞིས་ཁྱིམ། རྡོ་འབུམ་ཤེས་བྱ་ཀུན་འདུས། དཔེ་སྐྲུན། དྲ་ཚིགས་གཅེས་བསྡུས། མཉེན་ཆས་གཅེས་བསྡུས། རོགས་རམ་བཅས་ཀྱི་ལེ་ཚན་ཡོད་ལ། དེ་མིན་གློག་རྡུལ་དཔེ་དེབ་འགའ་ཞིག་ལ་ཐད་ཀར་བལྟ་ཐུབ་པ་ཞིག་རེད། སྤྱི་ལོ2010 ལོའི་ཟླ6པའི་ཚེས8ཉིན《ཧི་མ་ལ་ཡའི་བོན》དྲ་ཚིགས་ཤར་གཏོང་བྱས་པ་དང་། དྲ་གནས་ནིhttp://www.himalayabon.com/འདི་ལྟར་ཡིན་ཏེ། དྲ་ཚིགས་འདིའི་ནང་གཙོ་བོ་གཡུང་དྲུང་བོན་གྱི་ལེགས་རྩོམ་དང་། དགོན་སྡེ། མི་སྣ། གསུང་རབ། བརྙན་རིས། ཆ་འཕྲིན་བཅས་ཀྱི་ཕྱོགས་ནས་བཏོན་པའི་གཡུང་དྲུང་བོན་གྱི་དྲ་ཚིགས་གྲགས་ཅན་ཞིག་རེད།
གོང་གསལ་གྱི་དྲ་ཚིགས་འདི་དག་ནི་རྒྱལ་ནང་ནས་སྤེལ་བའི་བོད་སྐད་ཡིག་གི་དྲ་ཚིགས་དག་ཡིན་ལ།《གངས་ལྗོངས་རིག་གནས་དྲ་བ》ནས་བོད་སྐད་ཡིག་གི་དྲ་ཚིགས་ཀྱི་དབུ་བརྙེས་ཏེ་ལོ་ངོ་བཅུའི་འཕེལ་རྒྱས་ལ་བལྟས་ན་ལོ་ངོ་བཅུའི་རིང་ཚབ་མཚོན་རང་བཞིན་ལྡན་པའི་དྲ་ཚིགས་བཅུ་ལྷག་མ་གཏོགས་བྱུང་མེད་པས། རྒྱལ་ནང་གི་མི་རིགས་གཞན་པའི་དྲ་ཚིགས་དང་བསྡུར་ན། བོད་སྐད་ཡིག་གི་དྲ་ཚིགས་འཕེལ་རྒྱས་ཆེས་ཆེར་ཕྱིན་མེད་པ་རེད། ཡིན་ཡང་གོང་གསལ་གྱི་དྲ་ཚིགས་འདི་དག་ནི་འཛམ་གླིང་གི་བོད་ཡིག་དྲ་ཚིགས་ཐོག་མ《གངས་ལྗོངས་རིག་གནས་དྲ་བ》ཡིས་སྣེ་ཁྲིད་དེ་ལོ་ངོ་བཅུའི་བོད་སྐད་ཡིག་གི་དྲ་ཚིགས་ཀྱི་འཕེལ་རྒྱས་ཡིན་ལ། དེ་དག་གི་རྗེས་སུ་རྒྱལ་ནང་དུ་བོད་སྐད་ཡིག་གི་ལམ་ནས《ན་གཞོན་གསར་བ》《ཀྲུང་གོའི་བོད་ཀྱི་དྲ་བ》《ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བ》 《བོད་གསང་སྔགས་རིག་གནས་དྲ་བ》《ཀྲུང་གོའི་བོད་རིག་པའི་དྲ་བ》《རེབ་གོང་བོན་མང་དྲ་བ》 《མཚོ་སྔོན་པོ་དྲ་བ》 《སྔགས་མང་དྲ་བ》 《ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས》 《མི་དམངས་དྲ་བ》《བོད་ལྗོངས་བོད་སྐད་ཡིག་དྲ་བ》《གླིང་གེ་སར་རིག་གནས་དྲ་བ》 《གཉན་པོ་གཡུ་རྩེ་ཤེས་རིག་ལྟེ་གནས》《ཡ་ལ་སོ་དྲ་བ》《ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ》 《མཚོ་སྔོན་བོད་རིགས་དྲ་བ》《དགེ་འདུན་ཆོས་འཕེལ་དྲ་བ》སོགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བོད་སྐད་ཡིག་གི་དྲ་ཚིགས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་དོ། །
གསུམ་པ། བོད་སྐད་ཡིག་དྲ་ཚིགས་ཀྱི་ནང་དོན་དང་རྣམ་པའི་སྐོར་གྱི་དཔྱད་གླེང་།
དྲ་ཚིགས་ནི་ཆ་འཕྲིན་ཐོན་ཁུངས་དང་། རིག་གནས་སྒྲོག་སྤེལ་གྱི་གཞི་གཙོ་བོ་ཞིག་ཡིན་པ་དང་། བོད་སྐད་ཡིག་གི་དྲ་ཚིགས་ནི་བོད་ཀྱི་ཆ་འཕྲིན་ཐོན་ཁུངས་དང་། བོད་རིག་གནས་དར་སྤེལ་གཏོང་བའི་གཞི་གཙོ་བོ་ཞིག་ཡིན་སྨོས་མ་དགོས་ཏེ། དེང་གི་ཆར་སྐད་ཡིག་ཅིག་གི་བྱེད་ནུས་གཙོ་བོ་ནི་ཆ་འཕྲིན་སྒྲོག་སྤེལ་གྱི་སྟེང་ན་འཇོག་པ་ཡིན་ཏེ་དཔེར་ན་དབྱིན་ཡིག་ལྟ་བུ་ཡིན་པ་དང་། དབྱིན་ཡིག་དར་སྤེལ་བྱེད་ཐུབ་པའི་གཞི་གཙོ་བོ་ནི་འཕྲུལ་ཆས་གསར་བ་ཐོག་མར་སྟོབས་ལྡན་གྱི་རྒྱལ་ཁབ་ཨ་མེ་རི་ཁ་དང་། དབྱིན་ཇི་རྒྱལ་ཁབ་ནས་གསར་བཟོ་བྱས་པས་དབྱིན་ཡིག་གི་སྟེང་ནས་གསལ་བཤད་བྱས་པ་ཆེས་མང་བས་དབྱིན་ཡིག་དར་ཁྱབ་དུ་འགྲོ་བའི་རྒྱུ་གཙོ་བོ་ཡིན་པའོ། ། དེ་བས་དེང་གི་དུས་འདིར། སྐད་ཡིག་ཅིག་གློག་རྡུལ་ལ་སོགས་པའི་སྟེང་ནས་དར་སྤེལ་བྱ་མ་ཐུབ་ན་རྗེས་ལུས་ཀྱི་སྐད་ཡིག་ཅིག་ཏུ་བརྩི་བཞིན་ཡོད་པ་རེད། ད་ལྟའི་བར་བོད་སྐད་ཡིག་གི་དྲ་ཚིགས་ཀྱང་མང་པོ་ཞིག་ཐོན་བཞིན་ཡོད་ལ། འདིར་བོད་སྐད་ཡིག་གི་དྲ་ཚིགས་ག་འདྲ་ཞིག་ཡོད་པ་གཞི་གྲངས་ལྟར་ན། ཀྲུང་དབྱང་མི་རིགས་སློབ་ཆེན་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་བང་ཀྲི་ཅོན་གྱི་བོད་ཡིག་དྲ་ཚིགས་ཀྱི་འཕེལ་རྒྱས་དང་གནས་བབ་ཅེས་པའི་དཔྱད་རྩོམ་ཞིག་ཏུ“བོད་ཡིག་གི་དྲ་ཚིགས་བསྡོམས་རྩིས་བྱས་པ་ལྟར་ན། བོད་སྐད་ཡིག་གི་དྲ་ཚིགས་བཞི་བཅུ་ཞེ་ལྔ་ཡོད་པ་དང་། དེའི་ནང་བོད་ཡིག་རྐྱང་རྐྱང་གི་དྲ་ཚིགས22དང་། བོད་ཡིག་དང་རྒྱ་ཡིག་གི་དྲ་ཚིགས6 བོད་རྒྱ་དབྱིན་གསུམ་གྱི་དྲ་ཚིགས17བཅས་ཡོད”④པ་ནི་སྤྱི་ལོ2010བར་བསྡོམས་རྩིས་བྱས་པ་ཡིན་ལ། གཞི་གྲངས་འདི་ལ་བལྟས་ན་བོད་སྐད་ཡིག་གི་དྲ་ཚིགས་ཀྱི་གྲངས་ཀ་ཉུང་བ་མངོན་གསལ་ཡིན་ཏེ། གྲངས་ཀ་འདིས་མི་རིགས་ཤིག་གི་བོད་སྐད་ཡིག་གི་འཕེལ་རྒྱས་དང་གནས་བབ་བཅས་མཚོན་ཐུབ་པ་མ་ཟད། དྲ་ཚིགས་བཟོ་བའི་ལག་རྩལ་གྱི་ཤེས་ལྡན་མི་སྣ་ཉུང་བ་དང་། དྲ་ཚིགས་བཟོ་བར་དཔལ་འབྱོར་གྱི་འགྲོ་གྲོན་དཀོན་པ་སོགས་ཀྱི་རྒྱུ་རྐྱེན་ཡང་རྟོགས་ཐུབ་བོ། །
སྤྱིར་ན་དྲ་ཚིགས་ཀྱི་ནང་དོན་དང་རྣམ་པའི་ཐད་དབྱེ་བ་རིགས་ལྔ་ཡོད་དེ། སྲིད་གཞུང་དྲ་ཚིགས། ཁེ་ལས་དྲ་ཚིགས། བཟོ་ལས་དྲ་ཚིགས། སློབ་གསོ་ཚན་ཞིབ་དྲ་ཚིགས། མི་སྒེར་དྲ་ཚིགས་བཅས་ཡིན་ལ། འདིར་རྒྱའི་སྐད་ཡིག་གི་དྲ་ཚིགས་ལ“CNNICདྲ་རྒྱའི་རིགས་ཀྱི་དབྱེ་བའི་བསྡོམས་རྩིས་གཞིར་བཟུང་ན། ཁེ་ལས་དྲ་ཚིགས་ཀྱིས79%ཟིན་ལ། སྲིད་གཞུང་དྲ་ཚིགས་ཀྱིས2%དང་། བཟོ་ལས་དྲ་ཚིགས་ཀྱིས9% སློབ་གསོ་ཚན་ཞིབ་དྲ་ཚིགས་ཀྱིས2% མི་སྒེར་དྲ་ཚིགས་ཀྱིས5% གཞན་པའི་དྲ་ཚིགས་ཀྱིས3%ཟིན་པ”⑤ལྟར་ན། རྒྱ་ཡིག་གི་དྲ་ཚིགས་མང་ཆེ་བ་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་ཡིན་པ་དང་། བོད་སྐད་ཡིག་གི་དྲ་ཚིགས་ཀྱི་ནང་དོན་དང་རྣམ་པ་ལ་ཕྱིར་ལྟ་རེ་བྱས་ན་དེ་ལས་ལྡོག་པ་རེད། རྒྱུ་མཚན་ནི་བོད་སྐད་ཡིག་དྲ་ཚིགས་མང་ཆེ་ཤོས་ཀྱིས་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་དང་། བོད་ཀྱི་ཤེས་རིག་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱེད་པ་ཤིན་ཏུ་མང་བ་རེད། འདིར་དེ་དག་ལས་དྲ་ཚིགས་རེ་རེའི་ནང་དོན་དབྱེ་ཞིབ་བྱས་ན་འདི་ལྟ་སྟེ། ༡ བོད་ཀྱི་རིག་གནས་ཞིབ་འཇུག་དང་གནས་བབ་མཚོན་པའི་དྲ་ཚིགས་ལ། གངས་ལྗོངས་རིག་གནས་དྲ་བ། བོད་སྐད་ཡིག་དྲ་ཚིགས་དང་། རྡོ་འབུམ་དཔེ་འཕྲིན། བོད་ལྗོངས་བོད་སྐད་ཡིག་དྲ་རྒྱ། བོད་རིག་པ་ཞིབ་འཇུག་དྲ་བ། བོད་ལྗོངས་རིག་གནས་དྲ་བ། བོད་ཀྱི་དྲ་བ། ཀྲུང་གོའི་བོད་ལྗོངས་དྲ་བ། རེབ་གོང་ཤེས་རིག་གླིང་། བོད་ཀྱི་ལོ་རྒྱུས་དྲ་བ། ༢ གསར་འགྱུར་གཙོར་སྟོན་པའི་དྲ་ཚིགས་ལ། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ། མི་དམངས་དྲ་བ། ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ། ༣ རྩོམ་རིག་གཙོར་སྟོན་པའི་དྲ་ཚིགས་ལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། སྙན་ངག་ཚགས་པར་དྲ་བ། སློབ་མའི་རྩོམ་རིག ༤ སློབ་གསོ་ཚན་ཞིབ་གཙོར་སྟོན་པའི་དྲ་ཚིགས་ལ། གངས་ལྷ་མེ་ཏོག་སློབ་འབྲིང་དྲ་ཚིགས། ཀྲུང་གོ་བོད་ཀྱི་སློབ་གསོ་དྲ་བ། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། གསོ་རིག་དྲ་བ། བོད་རིག་འགུལ་རིས། བརྡ་འཕྲིན་ལག་རྩལ་དྲ་བ། བོད་ཡིག་མཉེན་ཆས་གླིང་། ༥ སྤྱི་ཚོགས་གླེང་བརྗོད་ཀྱི་དྲ་ཚིགས་གཙོ་བོ་ལ། ན་གཞོན་གསར་བ། ༦ མི་སྒེར་དྲ་ཚིགས་ལ། སེང་རྡོར་དྲ་བ། བློ་བཟང་དྲ་བ། ཁ་བ་ཅན། ༧ གློག་བརྙན་འཕྲིན་གྱི་དྲ་ཚིགས་ལ། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། བོད་བརྙན་དྲ་བ། བོད་དབྱངས་དྲ་བ། ༨ གླེང་སྟེགས་གཙོར་སྟོན་པའི་དྲ་ཚིགས་ལ། གངས་ལྗོངས་གཞོན་ནུ་གླེང་སྟེགས། ༩ ཟིན་བྲིས་གཙོར་སྟོན་པའི་དྲ་ཚིགས་ལ། མཚོ་སྔོན་པོའི་ཟིན་བྲིས། ཧི་བོན་ཟིན་བྲིས། ༡༠ ཆོས་ལུགས་གཙོར་སྟོན་པའི་དྲ་ཚིགས་ལ། སྔགས་མང་དྲ་བ། རེབ་གོང་བོན་མང་དྲ་ཚིགས། བོད་གསང་སྔགས་རིག་གནས་དྲ་བ། ཧི་མ་ལ་ཡའི་བོན་དྲ་ཚིགས། ༡༡ ཞིང་ཕྱུགས་ལས་དང་གཞན་པའི་དྲ་ཚིགས་ལ། བོད་ལྗོངས་ཞིང་འབྲོག་དྲ་བ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དྲ་བ་སོགས་ཡོད་ལ། གོང་གསལ་གྱི་འདི་དག་ནི་བོད་སྐད་ཡིག་གི་དྲ་ཚིགས་དག་གི་ནང་དོན་གྱི་རིགས་གཙོ་བོར་དགར་སྟེ་བརྗོད་པ་ཡིན་ལ། རིགས་འདི་དག་ལ་བལྟས་ན་བོད་སྐད་ཡིག་དྲ་ཚིགས་ཀྱི་འཕེལ་རྒྱས་མཚོན་ལ། ཡིན་ཡང་དྲ་ཚིགས་མང་ཆེ་བའི་བརྗོད་བྱ་ཕྱོགས་བསྡུས་ཅན་ཡིན་ལ། ཆེད་ལས་རང་བཞིན་གྱི་དྲ་ཚིགས་དེ་འདྲ་མང་པོ་མེད་པ་དང་། ལྷག་པར་དུ་གཞི་ཁྱོན་རྒྱ་ཆེ་བའི་དྲ་ཚིགས་དེ་ལས་ཀྱང་མེད་པ་རེད། དེ་མིན་གོང་གསལ་གྱི་མང་ཆེ་བས་ཧི་མ་ལ་ཡ་ཡིག་གཟུགས་བེད་སྤྱད་དེ་དྲ་ཚིགས་བཟོས་ཡོད་པ་དང་། དྲ་ཚིགས་སྐོར་ཞིག་དོན་ཡོད་དང་། པཎྜི་ཏ་ཡིག་གཟུགས་སོགས་ཀྱིས་གསར་བཟོ་བྱས་ཡོད་པས། དྲ་ངོས་ལ་གཟིགས་མཁན་དག་ལ་དཀའ་ངལ་ཅུང་འཕྲད་སྲིད་པས། རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་མིན་པས། དུས་ད་ལྟ་དྲ་ཚིགས་གོ་གོ(www.google.com)སོགས་ནས་བོད་ཡིག་གི་ཡིག་ཆ་སོགས་འཚོལ་བཤེར་སྔོག་འདྲེན(搜素引擎) བྱེད་པའི་ནུས་པ་ཡོད་པ་ནི་ང་ཚོ་དགའ་འོས་པའི་དོན་གལ་ཆེན་ཞིག་རེད། དེ་བས་འཚོལ་བཤེར་སྔོག་འདྲེན་བྱེད་ཐུབ་པའི་དྲ་ཚིགས་ཤིག་བསྒྲུབ་དགོས་ན། དྲ་ངོས་ཀྱི་ཡིག་གཟུགས་དེ་རྩིས་འཁོར་གྱི་རྒྱུད་ཁོངས Windows VistaདངWindows 7ལ་ཚུད་པའི་ཧི་མ་ལ་ཡ་ཡིག་གཟུགས་ཡིན་ན་ང་ཚོར་སྟབས་བདེ་ཡོང་བས་བོད་ཡིག་དྲ་ཚིགས་དེ་སྒོ་ཀུན་ནས་ཧི་མ་ལ་ཡ་ཡིག་གཟུགས་ཕྱོགས་སུ་བསྐྱོད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་ཞིག་རེད། དེ་མིན་མི་རིགས་གཞན་པའི་སྐད་ཡིག་གི་ལམ་ནས་བཟོས་པའི་དྲ་ཚིགས་དང་བསྡུར་ན་ང་ཚོ་དངོས་ནས་རྗེས་ལུས་འདུག་པའི་སྣང་ཚོར་ཞིག་སྟེར་བ་དང་། མདོར་བསྡུས་ན་དྲ་ཚིགས་བཟོ་བའི་འཕེལ་རྒྱས་ཅུང་དལ་བ་དང་། བོད་ཀྱི་རིག་གནས་འདི་ཉིད་ཁྱབ་བརྡལ་དང་འཕེལ་རྒྱས་སུ་གཏོང་བར་ང་ཚོས་ད་དུང་མུ་མཐུད་དུ་དྲ་ཚིགས་མང་པོ་ཞིག་བཟོ་དགོས་པ་དང་། བོད་སྐད་ཡིག་གི་དྲ་ཚིགས་འཕེལ་རྒྱས་སུ་གཏོང་བ་ནི་སྐད་ཡིག་ཅིག་གི་བླ་སྲོག་དང་། མི་རིགས་ཤིག་གི་འཕེལ་རྒྱས། དུས་རབས་ཤིག་གིས་བཏོན་པའི་འགན་འཁྲི་བླ་མེད་ཅིག་ཡིན་པས། བོད་སྐད་ཡིག་གི་དྲ་ཚིགས་འཕེལ་རྒྱས་སུ་གཏོང་བ་ལས་ཤེས་ལྡན་མི་སྣ་ནི་དེ་ལས་ཀྱང་གལ་ཆེའོ། །
དཔྱད་གཞིའི་ཡིག་ཆ།
欧阳友权,网络文学概论[M],北京:北京大学出版社,2008. 1 P19
②བསོད་ནམས་ཚེ་རིང་། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རིམ་གྱི་ལོ་རྒྱུས་མདོ་ཙམ་གླེང་བ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ། [J] 2008.2 P44
《人民日报》网络版 2009年12月24
戴庆厦,赵小兵,中国少数民族语言文字信息处理研究与发展[C], 北京:民族出版社,2010. 6 P26
严富昌,网站策划与设计[M],北京:北京大学出版社,2004. 7 P23