དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཞིང་ཕྱུགས་ཚན་རྩལ་ཆེད་མངགས་པས་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་ཏེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་རོགས་འདེགས་བྱས།

2024-06-11 10:30:49   |   332

རྩོམ་སྒྲིག  དོན་འགྲུབ་མཚོ།    ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས(མཚོ་བྱང་ཁུལ་ཞིང་ཕྱུགས་ཚན་རིག་ཞིབ་འཇུག་ཁང)ཀྱིས་ཚན་རྩལ་ཆེད་མངགས་པའི་རིག་ཚན་དང་ཐོན་ཁུངས་ཀྱི་དགེ་མཚན་གང་ལེགས་སྒོས་འདོན་སྤེལ་དང་།  “ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣའི་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་དང་ཟུང་འབྲེལ།  ཞིང་ལས་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་མཉམ་འབྲེལ་རོགས་སྐྱོར་གྱི་བྱ་བ་མུ་མཐུད་དུ་སྤེལ་བ་བཅས་བྱས་ནས།  འགག་རྩའི་ལག་རྩལ་ཁྲོད་ཀྱི་གནད་དོན་དང་ཐོན་སྐྱེད་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱས་པར་མ་ཟད།  ད་དུང་སྡེ་བ་དང་ཁྱིམ་ཚང་།  ཞིང་ཁ་སོགས་སུ་ཕྱིན་ནས་ཞིང་ལས་ཐོན་སྐྱེད་དང་ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐད་དུའང་དངོས་གནས་རོགས་འདེགས་ཆེན་པོ་བྱས།

1.jpg

ལྟེ་གནས་དེའི་ཚན་རྩལ་ཆེད་མངགས་པ16ལོ་རེར་མཚོ་བྱང་ཁུལ་གྱི་རྫོང་བཞིའི་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་སུ་བཅའ་སྡོད་བྱེད་བཞིན་ཡོད་ལ།  ཚན་རྩལ་ཞབས་ཕྱིའི་བྱ་བ་མ་བསྒྲུབས་པའི་སྔོན་ལ་ཁོ་ཚོ་སྡེ་བ་དང་ཁྱིམ་ཚང་རེ་རེར་ཕྱིན་པ་བརྒྱུད།  གསོ་ཚགས་ཁྱིམ་ཚང་ཆེན་མོ་དང་ཞིང་པའི་ཆེད་ལས་མཉམ་འབྲེལ་གྱི་འགན་འཁུར་པ་དང་འབྲེལ་མཐུད་བྱས་ནས་བཞུགས་མོལ་སྤེལ་རེས་དང་།  ཞབས་ཕྱི་བྱ་ཡུལ་གྱི་གཞི་རྩའི་གནས་ཚུལ་དང་འདེབས་གསོའི་གཞི་ཁྱོན། ས་ཞིང་རྨོ་འདེབས་བཅས་ཀྱི་ཆ་འཕྲིན་ལ་གཏིང་ཟབ་སྒོས་རྒྱུས་ལོན།  བརྟག་དཔྱད་ཞིབ་འཇུག་དང་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ།  གནད་དོན་དང་ཞན་ཆ་འཚོལ་ཞིབ།  ཡང་དག་པའི་གཞི་གྲངས་ཀྱི་ཆ་འཕྲིན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ།  དུས་ཐོག་ཏུ་ཞབས་ཕྱི་བྱ་ཡུལ་ལ་སྒེར་གཤིས་དཔལ་འབྱོར་གཉེར་སྟངས་གཏན་ཁེལ་དང་རིག་ལམ་ཇེ་གསལ་དུ་གཏོང་རོགས་བྱས་ཤིང་།  བྱ་བའི་བྱེད་ཕྱོགས་དངོས་འབེབས་བྱས།  རྒྱལ་ཁབ་ཀྱི་གྲོ་དང་ནས།  ནོར་གནག་དང་བཤའ་ཟོག  ཡུག་པོ་དང་བྲ་བོ་བཅས་མ་ལག“ཆེན་པོ་གསུམ”གྱི་ཆེད་མཁས་པའི་ཞབས་ཕྱི་བེད་སྤྱད་དེ།  མི་སྣ4རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཚན་རྩལ་ཆེད་མངགས་ཚོགས་པར་ཞུགས་ནས་སོ་སོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཧི་ནན་རྫོང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པད་མ་རྫོང་དང་དགའ་བདེ་རྫོང་།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུས་ཧྲུའུ་གྲོང་ཁྱེར་དང་རྫ་སྟོད་རྫོང་།  འབྲི་སྟོད་རྫོང་།  ནང་ཆེན་རྫོང་བཅས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང8ལ་རོགས་སྐྱོར་བྱེད་དུ་ཕྱིན་ཞིང་།  ཁོ་ཚོས་ས་བོན་དང་ལག་རྩལ་ཁྱེར་ནས་གཉེར་སྐྱོང་པ་དང་འབྲེལ་མཐུད་བྱས་ཏེ་གྲོང་གསེབ་ལ་རོགས་སྐྱོར་བྱེད་པ་དང་ཚན་རྩལ་གྱི་གསོ་སྦྱོང་སྤེལ་བ།  ཡུལ་དངོས་ནས་དམར་ཁྲིད་བྱེད་པ་བཅས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད་ས་གནས་དེ་གའི་གཉེར་སྐྱོང་པ་རྣམས་ཀྱི་ཐོན་སྐྱེད་དང་ལག་རྩལ་ཐད་ཀྱི་དཀའ་གནད་དག་བསལ་བར་མ་ཟད།  ད་དུང་དེ་བརྒྱུད་ནས་མཚོ་བྱང་ཁུལ་གྱི་ཚན་རྩལ་མི་སྣའི“ཞིང་གསུམ”ལ་ཞབས་ཕྱི་སྒྲུབ་པའི་སྤྱི་ཡོངས་འདུ་ཤེས་དང་ཞབས་ཕྱིའི་ནུས་པའང་མཚོན་པར་བྱས། 

2.jpg

ཚན་རྩལ་ཆེད་མངགས་པས་ཞབས་ཕྱིའི་དཔེ་དབྱིབས་གསར་གཏོད་བྱས་ཏེ།  ལོ་རེར་འཇུ་ལག་ཧའོ་ཆིང་སྐྱེ་ཁམས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་མདའ་བཞིའི་ཧེང་ཡུན་ཁྱིམ་ཚང་ཞིང་ལས་ར་བ་སོགས་སུ་ཚོད་ལྟའི་དཔེ་སྟོན་རྟེན་གཞི་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྟེན་གཞི།  རྒྱུད་ལེགས་གསོ་སྤེལ་འགྲེམས་སྟོན་རྟེན་གཞི་སོགས་རྟེན་གཞི10ལྷག་བཙུགས་ཤིང་།  ནས་དང་པད་ཁའི་སོན་སྣ་གསར་བའི་ཐོན་སྐྱེད་ཉེར་སྤྱོད5གཞན་སྒྱུར་བྱས་པ་དང་།  དེའི་ནང་གི་ཁུ་ནུ་ཨང14པ་དང་བྱང་ནས་ཨང9པ།  མཚོ་སྣུམ་ཨང21པ་བཅས་ཞིང་ཆེན་ཡོངས་ཀྱི་སོན་སྣ་གཙོ་བོ་རུ་གྱུར་ཡོད་ལ།  དེ་དག་ཚང་མས་ལོ་ཏོག་དེའི་འདེབས་ཁྱོན་གྱི70%ཡན་ཟིན་ཡོད།  ཁུ་ནུ་ཨང14པས་མདའ་བཞི་རྫོང་དུ་མཐོ་གྲང་ནས་ཀྱི་ཐོན་ཚད་རྐྱང་མ་སྤྱི་རྒྱ487.65ཡིན་པའི་ཐོན་ཚད་མཐོ་བའི་ཟིན་ཐོ་གསར་བ་བཏོད་པ་དང་།  མཚོ་སྣུམ་ཨང21པའི་ཁྱབ་གདལ་གཞི་ཁྱོན་བསྡོམས་པས་མུའུ་ཁྲི500ལས་བརྒལ་ཡོད་ལ།  ཡུས་ཧྲུའུ་གྲོང་ཁྱེར་གྱིས་ནང་འདྲེན་བྱས་པའི་ནས་ཀྱི་སོན་སྣ་གསར་བ་ཁུ་ནུ་ཨང14པའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ144ལས་བརྒལ་ཏེ་ས་གནས་དེ་གའི་གཙོ་འདེབས་སོན་སྣ་ལས་ཐོན་ཚད12%འཕར་ཡོད། ནོར་ལུག་གི་རྒྱུད་བཟང་གསོ་སྤེལ་ར་བ9འཛུགས་སྐྲུན་དང་།  ནོར་གནག་དང་བོད་ལུག་གི་ལྟེ་བའི་ཁྱུ་ཚོགས221སྒྲིག་འཛུགས་བཅས་བྱས་ཤིང་།  རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་མ་མོས་ལོ་གཉིས་ནང་ལུ་གུ་གསུམ་བཙའ་བའི་ནུས་མཐོ་གསོ་སྤེལ་གྱི་ཕྱོགས་བསྡུས་ཆ་ཚང་ལག་རྩལ་ཁྱབ་གདལ་དུ་བཏང་བ་བརྒྱུད་བོད་ལུག་གསོ་ཚགས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ཡོད་ལ།  བཙའ་ཐེངས་གཉིས་པའི་ལུ་གུའི་ལྗིད་ཚད་ཀྱང་སྲོལ་རྒྱུན་གྱི་བྱེད་ཐབས་ལས་གསོ་ཚགས་བྱས་པའི་ལུ་གུའི་ལྗིད་ཚད་ལས17%འཕར་ཞིང་གསོན་ཚད 96%ཟིན་ཡོད་པ་རེད། 

3.jpg

དེ་ཡང་།  ཚན་རྩལ་ཆེད་མངགས་པས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཉེར་སྤྱོད་བྱ་རྒྱུ་དེ་འཆང་གཟུང་དུ་བྱས་ཏེ།  ནས་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་བོ་འཛུགས་པའི་དཔེ་སྟོན་དང་པད་ཁའི་ཚད་ལྡན་ཅན་གྱི་མ་ལག་ཉེར་སྤྱོད།  འབྲི་མོས་ལོ་རེར་བེའུ་རེ་དང་མ་མོས་ལུ་གུ་མཚེ་མ་བཙའ་བའི་ལག་རྩལ་གྱི་ཐོན་སྐྱེད་ཉེར་སྤྱོད་ལ་སྐུལ་འདེད་བཏང་ཞིང་།  མང་ཚོགས་དང་ཉེ་བར་བཅར་ཏེ་ཡུལ་དངོས་ནས་ཚོད་ལྟ་བྱེད་པ་དང་།  ལག་རྩལ་གསར་བ་དང་རིགས་རྒྱུད་གསར་བ་ཞིང་ཁ་དང་ཁྱིམ་ཚང་། ཕྱུགས་སྤྱིལ་སོགས་སུ་སྐྱེལ་བ།  ཚན་རྩལ་དང་ཐོན་སྐྱེད་བར་གྱི་མཐའ་མའི་བར་ཐག་སྤྱི་ལེ་གཅིག་རྟོལ་བ་བཅས་བྱས་ནས།  ཡུལ་ཕྱོགས་ཀུན་གྱིས་ཚན་རྩལ་གྱི་གྲུབ་འབྲས་ལ་ལོངས་སྤྱོད་ཐུབ་པར་བྱས་ཡོད།


མཉམ་སྤྱོད།