དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

2024-06-13 14:21:05   |   127

རྩོམ་སྒྲིག   དོན་འགྲུབ་མཚོ།   ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་སྔོན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་བརྡས་ཐག་བཅད་དེ《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད།)ལ་གྲོས་འཆམ་བྱུང་། སྲོལ་ཡིག་འདི་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ཞིང་།  མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས་སྒྲིག་བཟོ་བྱས་ཐོག་ཕྱིར་བཏོན་པ་ཞིག་ཡིན་ལ། 2024ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ལ་བསྡོམས་པས་དོན་ཚན76ཡོད་པ་དང་། དེའི་ནང་དུ་སྤྱིའི་རྩ་དོན་དང་སྐྱེ་ཁམས་བདེ་འཇགས་འགན་སྲུང་། རང་བྱུང་སྲུང་སྐྱོབ་ས་ཆའི་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ།  སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། སྐྱེ་ཁམས་རིག་གནས་སྲུང་སྐྱོབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད། འགན་སྲུང་དང་ལྟ་སྐུལ། བཅའ་ཁྲིམས་འགན་འཁྲི། ཞར་བཀོད་བཅས་ལེའུ11འདུས། 《སྲོལ་ཡིག》ཕྱིར་བཏོན་པ་དེས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་སྤེལ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་ནུས་པ་གལ་ཆེན་འདོན་ཐུབ་རྒྱུ་རེད།

《སྲོལ་ཡིག》གི་ནང་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་བྱེད་པའི་གོ་དོན་དང་ཚད་གཞི་གཏན་འབེབས་གསལ་བོ་བྱས་ཡོད་ལ། དམིགས་བསལ་འཐུས་ཆོག་ཚོང་གཉེར་བྱ་འགུལ་དང་རྨོ་ཞིང་སྲུང་སྐྱོབ། བྱེ་འགྱུར་ཅན་བཅོས་སྐྱོང་བཅས་ཀྱི་གཏན་འབེབས་འཐུས་ཚང་དུ་བཏང་ཡོད་པ་དང་ཆབས་ཅིག  ཞིབ་བཤེར་གྱི་གཏན་འབེབས་འཐུས་ཚང་དང“བཅའ་ཁྲིམས་ཀྱི་འགན་འཁྲི” སྔར་ལས་ཇེ་ཞིབ་ཏུའང་བཏང་ཡོད་པ་རེད།

《སྲོལ་ཡིག》གི་ནང་དུ་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་དང་སྲོལ་ཡིག་གི་གཏན་འབེབས་དང་འགལ་ནས་འབྲེལ་ཡོད་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་དུ་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ་ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁྲི་མི་སྣ་གཞན་པར་ཁྲིམས་ལྟར་ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པ། སྐྱོན་ཐོ་ཆེན་པོ་འགོད་པའམ་ཡང་ན་རིམ་འབེབས་ཆད་པ་གཅོད་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་པར་གནས་དབྱུང་གཏོང་བའམ་ཡང་ན་ཕྱིར་སྐྲོད་པའི་ཆད་པ་གཅོད་པ་དང་དེའི་འགན་འཁུར་མི་སྣ་གཙོ་བོ་ལས་ཁོངས་ནས་ཕྱིར་སྐྲོད་བྱེད་པ་བཅས་གཏན་འབེབས་གསལ་བོ་བྱས་ཡོད་ལ། 《སྲོལ་ཡིག》གིས“ན་འདམ་རླན་ས་ལས་འདམ་སོལ་སྔོག་འདོན་བྱེད་པའམ་ཡང་ན་རང་བྱུང་རླན་ས་སྔོག་འདོན་བྱེད་པ་དང་རང་བྱུང་རླན་ས་ལས་ཆུ་གཤོང་བ” “གང་འདོད་དུ་ཕྱིའི་དངོས་རིགས་ནང་འདྲེན་དང་ཕྱིར་གཏོང་བྱེད་པའམ་འདོར་བ”“ཁོར་ཡུག་ལ་སྦགས་བཙོག་བཟོས་པ་དང་སྐྱེ་ཁམས་ལ་གཏོར་བརླག་བཏང་བ་ལས་མི་གཞན་ལ་གནོད་སྐྱོན་ཐེབས་པ”སོགས་སྲོལ་ཡིག་དང་འགལ་བའི་བྱ་སྤྱོད་ཚང་མར་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་གསལ་བོ་བྱས་ཡོད། དུས་མཚུངས་སུ་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར།  རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་སྡེ་ཁག་གམ་ཡང་ན་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་རྩ་འཛུགས་ཀྱིས་དབང་གནོད་བྱེད་མཁན་ལ་ཁྲིམས་ལྟར་ཉམས་གསོ་བྱེད་པའི་འགན་འཁུར་བ་དང་། གྱོང་གུད་ཀྱི་སྐྱིན་ཚབ་དང་འགྲོ་གྲོན་འཇལ་བ་བཅས་ཀྱི་རེ་ཞུ་བྱས་ཆོག་པ་གཏན་འབེབས་གསལ་བོ་བྱས་ཡོད། 


མཉམ་སྤྱོད།