དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདའ་བཞི་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་།

2024-09-23 16:25:07   |   1157

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཚུལ་མིན་བྱ་སྤྱོད་བཅོས་སྒྲིག་ལས་དོན་དམ་འཛིན་དང་། རྒྱུན་ལྡན་གྱི་ཕན་ནུས་བྱ་སྤྱོད་ཁག་ལྔ་སྤེལ་ཏེ་སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་དང་། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་ཐོབ་སྣང་དང་བདེ་སྣང་སྲུང་སྐྱོང་གང་ལེགས་བྱས་པ་རེད། 

གཅིག་ནས་སྨན་བཅོས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཐག་གཅོད་བྱེད་པའི“འགག་གནད”ཆེད་དོན་བཅོས་སྒྲིག་ལ་དམིགས་ནས་བཀོད་སྒྲིག་ཚོགས་འདུ་དང་ཆེད་དོན་སྐུལ་འདེད་ཚོགས་འདུ། ཞིབ་འཇུག་བརྡར་གཅོད་ཚོགས་འདུ་སོགས་ཚོགས་འདུ་ཐེངས15འཚོགས་ཏེ། གནད་དུ་འཁེལ་བའི་སྒོ་ནས་སྨན་བཅོས་སྒྲིག་གཞི་རེ་རེ་བཞིན་གྲལ་བཤེར་བྱས་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི“སྲོག་སྐྱོབ་མ་དངུལ”བདག་སྐྱོང་བཟང་པོ་བྱས། དེ་དང་ཆབས་ཅིག བཤེར་འཚོལ་བྱུང་བའི་གནད་དོན་ཁག20དེ“ཟུང་འབྲེལ་བཅུ་གཅིག”གི་བཅོས་སྒྲིག་ལས་དོན་དང་ཟུང་འབྲེལ་བྱས་ཏེ། འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་བའི་ཇུས་གཞི་བཟོས་པ་དང་། སྤྱི་ཚོགས་ལ་ཆེད་དོན་བཅོས་སྒྲིག་གི་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ནས་ཞུ་གཏུག་དང་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་དང་ཆེད་དོན་བཅོས་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། 

གཉིས་ནས་དམངས་ཕན་སྲིད་ཇུས་ཀྱི་དམངས་ཕན་མ་དངུལ་གཏོང་སྤྲོད་རང་བཤེར་གྱི“གཙོ་གནད”དམ་འཛིན་བྱས་ཏེ།  “དམངས་སྲིད་དེ་དམངས་ཀྱི་ཆེད་དུ་ཡིན་པ་དང་དམངས་སྲིད་ཀྱིས་དམངས་ལ་གཅེས་པའི”བྱ་བའི་འདུ་ཤེས་ལག་བསྟར་གཏིང་ཟབ་དང་། “དོན་འཁྱོལ་གནད་ལ་འཁེལ་བ་དང་དབྱེ་འབྱེད་གནད་ལ་འཁེལ”བའི་བྱ་བའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ། གཙོ་བོ་དམངས་ཕན་སྲིད་ཇུས་ཀྱི་སྤྲོད་དགོས་པ་དག་གཤམ་སྤྲོད་བྱས་མིན་དང་ཧམ་ལེན་བྱེད་པ་སོགས་ཀྱི་གནད་དོན་ལ་རང་བཤེར་ནན་པོ་བྱས་ཏེ། རིགས་ཁག་གི་དམངས་ཕན་མ་དངུལ་སྒོར་ཁྲི233.77གཤམ་སྤྲོད་བྱས་ནས་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་མི7188སླེབས་ཡོད་པས། ཕྲན་འབྲས་ལྡན་པའི་སྒོ་ནས་ཕན་ཐོག་ཁྱབ་ཁོངས་ཆེ་རུ་ཕྱིན་པ་དང་། མང་ཚོགས་སྔར་ལས་མང་བར་དུས་ཐོག་ཏུ་སྨན་བཅོས་རོགས་རམ་ཐོབ་པར་འགན་ལེན་བྱས། 

གསུམ་ནས་སྒྲིག་སྲོལ་ལུགས་སྲོལ་འཛུགས་སྐྲུན་དེ་སྨན་བཅོས་ལས་ཁུངས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གཞུང་དོན་གྲོས་མོལ་སྒྲིག་སྲོལ་དང་ནོར་དོན་ལམ་ལུགས་སོགས་ལམ་ལུགས་ཁག་བརྒྱད་རིམ་བཞིན་འཐུས་ཚང་དུ་བཏང་ཞིང་། མི་དོན་དོ་དམ་ལམ་ལུགས་ཀྱི་བརྒྱུད་རིམ་ལྟར། སྨན་བཅོས་ལས་ཁུངས་ཀྱི་འགན་ཁུར་པ་འདེམས་སྒྲུག་དང་བསྐོ་འཇོག་བྱས་ཏེ། མདའ་བཞི་རྫོང་གི་སྨན་བཅོས་འཕྲོད་བསྟེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས། 

བཞི་ནས་མང་ཚོགས་ཀྱི་ཞུ་གཏུག་བྱ་བའི“དཀའ་གནད”ཐག་གཅོད་འོས་འཚམ་བྱས་ཤིང་། “ནད་པ་ལྟེ་བར་འཛིན་པའི”ཞབས་ཞུའི་འདུ་ཤེས་དེ་བྱ་བའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས་ནད་པའི་རེ་ཞུ་མགྱོགས་མྱུར་དང་ལེན་བྱེད་པའི་ལམ་སྲོལ་བཙུགས་པ་དང་། མང་ཚོགས་ཀྱི་ཞུ་གཏུག་ཁག7ཐག་གཅོད་འོས་འཚམ་བྱས་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་དཀའ་སྡུག་སེལ་བར་བྱས་པས་མང་ཚོགས་ཀྱི་ཁས་ལེན་བྱེད་ཚད100%རུ་སླེབས་ཡོད། ནད་པའི་ཁེ་དབང་འགན་སྲུང་དང་སྨན་པ་དང་ནད་པའི་འཆམ་མཐུན་འབྲེལ་བ་འཛུགས་སྐྱོང་། རྒྱུན་ལྡན་གྱི་སྨན་བཅོས་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་པའི་ཐད་གོམ་སྟབས་ཆེན་པོ་སྤོས་ཡོད། 

ལྔ་ནས་དོ་དམ་ནན་པོ་དང་སྤྱོད་བཟང་སྒྲིག་སྲུང་དེ“འགག་རྩ”ཡིན་པ་མཐའ་འཁྱོངས་བྱས་ཏེ། ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་མི1ལ་བསླབ་འདོམས་སྐུལ་ལྕག་གི་ཁ་བརྡ་བྱས་པ་དང་། མི3ལ་སྐྱོན་བརྗོད་སློབ་གསོ་བྱས།《མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཟ་འཐུང་བཀག་འགོག་བྱེད་པའི་ཁས་ལེན་ཡི་གེ》350ལྷག་ཙམ་ལ་གྲོས་མཐུན་ཡི་གེ་བྲིས་ནས་ཟིལ་གནོན་རང་བཞིན་གྱི་སྟོབས་ཤུགས་རྒྱུན་འཁྱོངས་བྱས་ཏེ། “སྒྱིད་ལུག་ནུས་ཞན”གྱི་དཔུང་ཁག་དག་ཐེར་ལས་དོན་ལ་སྐུལ་འདེད་བཏང་བ་དང་སྤྱོད་བཟང་གཞུང་དྲང་གི་མི་སྤྱོད་ལམ་ཕྱོགས་ཆགས་པར་བྱས།


མཉམ་སྤྱོད།