དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་འཚོགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

2024-12-31 15:54:15   |   617

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས31ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་འཚོགས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་དང་། དམངས་གཙོའི་ཏང་ཤོག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་པ། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་བཅས་མཉམ་དུ་འཛོམས་ནས2025ལོའི་ལོ་གསར་མཉམ་དུ་བསུས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད། བསིལ་རླུང་དང་ཉི་འོད་ཡོད་ངེས་ལ། རླུང་འཚུབ་དང་དྲག་ཆར་ཡང་ཡོད་ངེས། ང་ཚོས་འཐབ་ཇུས་ཀྱི་ལངས་གནས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་བུ་ཕྲུག་ཡོངས་དང་མཐུན་སྒྲིལ་གྱིས་འབད་ཐབས་བྱ་དགོས་ལ། དཀའ་ངལ་ཁྲོད་དཔའ་ངར་ཆེན་པོས་སྐྱོད་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལེགས་འགྲུབ་ཡོང་བར་འབད་དགོས།  

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་བྱས་ཏེ། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། ཞང་ཀང་གི་སྤུན་ཟླ། ཨའོ་མོན་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱི་རྒྱལ་དུ་སྡོད་པའི་སྤུན་ཟླ་བཅས་དང་། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་པའི་རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ལ་ལོ་གསར་གྱི་སྨོན་འདུན་ཞུས།     

ཞི་ཅིན་ཕིང་གིས་བསྟན་དོན། 2024ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ཏེ། ལོ་གཅིག་གི་རིང་ལ། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྲན་སློང་གི་མདུན་དུ། ང་ཚོས་བབ་བསྟུན་གྱིས་གདོང་བསྟད་པ་དང་། ཕྱོགས་བསྡུས་ཀྱིས་ཐབས་ཇུས་ལག་བསྟར་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་ལ།    ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་གོམ་སྟབས་གསར་པ་ཞིག་བརྟན་བརླིང་ངང་སྤོས། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་ཧ་ཅང་སྤྱིར་བཏང་བ་ཞིག་མིན་ཏེ། གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་ངེས་ལ། ང་ཚོའི་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།     

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གཅིག་རིང་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ། ལྟེ་བའི་ལས་འགན་ཧུར་ཐག་གིས་བསྒྲུབས་པ་དང་། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།    

ཞི་ཅིན་ཕིང་གིས་བསྟན་དོན། 2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན། ང་ཚོས་བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་གཙོ་ཐིག་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྒྱུར་བཅོས་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ།  སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་གྱིས། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་ཡོང་བར་སྐུལ་འདེད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།    

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཏང་གི་མགོ་ཁྲིད་དང་།    འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ཏེ།    ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན། སྲིད་ཞུགས་སྲིད་གླེང་ཧུར་ཐག་བཅས་བྱས་ཏེ། སྔར་ལས་རྒྱ་ཁྱབ་ཏུ་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་ངོས་འཛིན་ཆགས་པ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་དགོས།     

ཇ་སྟོན་འཚོགས་འདུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧའོ་ཉིང་གིས་གཙོ་སྐྱོང་གནང་།  ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།    ཀྲུང་གོ་གུང་ཁྲན་ཏང་གི་ཁྱོན་ཡོངས་མགོ་ཁྲིད་མཐའ་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་ངེས་དམ་འཛིན་བརྟན་པོ་བྱས་ཏེ། ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་སྐྱེད་སྲིང་བྱེད་པར་སྐུལ་འདེད་གཏོང་བ། ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་བརྩོན་བཅས་བྱས་ཏེ། 2025ལོའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་།    ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བསྟན།     

དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན་གྱིས་དམངས་གཙོའི་ཏང་ཤོག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཏུ་གསུང་བཤད་གནང་། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་འབད་འཐབ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གསུངས།     

ཇ་སྟོན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་སོགས་ལས་རིགས་ཁག་གི་མི་སྣའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ལག་འཇུ་དང་ཕན་ཚུན་འཚམས་འདྲི་གནང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་རིག་རྩལ་ལས་དོན་པས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས།  མཇུག་ཏུ་ཚོགས་ཞུགས་ཀུན་ཡར་ལངས་ནས《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པའི་གླུ་དབྱངས་གྱེར། ཚོགས་རའི་ནང་དུ་སྤྲོ་སྣང་དང་དུས་ཆེན་གྱི་རྣམ་པས་ཁེངས་འདུག     

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་ཁག་ཅིག རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་བའི་པེ་ཅིང་དུ་ཡོད་པའི་བློ་མཐུན་རྒན་པ་བཅས་ཇ་སྟོན་ཚོགས་འདུར་ཞུགས།  


མཉམ་སྤྱོད།