དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

2025-04-24 14:57:20   |   331

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4པའི་ཚེས23ཉིན་འབྱོར་བའི་གློག་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ནི་རང་རེའི་ཏང་དང་རང་རྒྱལ་མི་དམངས་ཀྱི་སྲོལ་རྒྱུན་བཟང་པོ་དང་དམིགས་བསལ་གྱི་ཆབ་སྲིད་ལེགས་ཆ་ཞིག་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་ཟབ་སྤེལ། སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གཉིས་བཀུར་ལས་དོན་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

双拥.jpg

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དཔུང་སྡེ་འཛུགས་སྐྱོང་དང་སྒྱུར་བཅོས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི་དཔོན་དམག་ལ་རང་འགུལ་ངང་སེམས་ཁྲལ་དང་དཀའ་ངལ་སེལ་རོགས། རྒྱལ་སྲུང་ལ་དོ་ཁུར་དང་། དམག་དཔུང་ལ་དགའ་ཞེན། དམག་མིར་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་སྔར་བས་གཏོད་དགོས། དམག་དཔུང་གིས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ས་གནས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་གཏོང་བ་དང་། སྲ་ཞིང་བརྟན་པའི་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རང་རེའི་མི་དམངས་ལ་དགའ་ཞེན་དང་རང་དམག་ལ་དགའ་ཞེན་བྱེད་པའི་དུས་རབས་ཀྱི་ལེ་ཚན་གསར་པ་མཉམ་དུ་རྩོམ་དགོས་ཞེས་ནན་གྱིས་བསྟན།

ཟླ4པའི་ཚེས23ཉིན། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད། 

ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཏང་གིས་གཉིས་བཀུར་ལས་དོན་ལ་མགོ་ཁྲིད་གནང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཤིག་ཡིན་པས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་གཉིས་བཀུར་ལས་དོན་ཡག་པོ་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། དམག་དཔུང་དང་ས་གནས་ཀྱི་རིམ་པ་ཁག་དང་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གཉིས་བཀུར་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་དམག་བཀུར་རྩ་འཛུགས་དང་ཞབས་ཞུའི་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། དམག་ཡོངས་ཀྱི་དཔུང་སྡེ་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། མཐའ་མཚམས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ནང་ཧུར་ཐག་གིས་ཞུགས་པ་དང་། ཉེན་སེལ་རྒུད་སྐྱོབ་དང་ཕྱི་སྡོད་རང་མི་ཕྱི་འཐེན། བདེ་སྲུང་དང་འཕྲལ་རྐྱེན་ཐག་གཅོད་སོགས་ཀྱི་འགན་ཁུར་ལེགས་འགྲུབ་ཡག་པོ་བྱས་ཡོད། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ནི། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། གཉིས་བཀུར་ལས་དོན་གྱིས་དམག་དཔུང་དང་ས་གནས་འབྲེལ་བ་བྱེད་པ་དང་དམག་དམངས་ལ་མཐུན་སྒྲིལ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་། དམག་དཔུང་དང་ས་གནས་ཕྱོགས་གཉིས་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་སྲུང་གི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོར་བཅངས་ནས་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་ཀྱི་གཙོ་གནད་ལ་དམིགས་པ་དང་། ཐོན་ཁུངས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། དམག་དཔུང་དང་ས་གནས་མཉམ་ལས་དམ་ཟབ་བཅས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་རང་འགུལ་ངང་ཞབས་འདེགས་ཞུ་དགོས། དངོས་ཞབས་དམག་མི་དང་རུ་འཁྱུར་དམག་མིའི་དགོས་མཁོ་དངོས་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིགས་བྱས་ཏེ། ཞབས་ཞུ་འགན་ལེན་བྱེད་ཐབས་ཀྱི་གནད་སྨིན་རང་བཞིན་ཆེ་རུ་གཏོང་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་དམག་མིས་དོ་ཁུར་བྱེད་པའི་བུ་ཕྲུག་གི་སློབ་གསོ་དང་། ནང་མིའི་ལས་ཞུགས། ཕ་མའི་རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་། རུ་འཁྱུར་བཀོད་སྒྲིག་དང་ལས་ཞུགས་ལས་གཏོད། འཆི་གོད་གྱོང་གསབ་གཟིགས་སྐྱོང་། དཀའ་ངལ་ཡོད་པའི་རོགས་སྐྱོར་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དམག་དཔུང་གིས་རང་ངོས་ཀྱི་དགེ་མཚན་ལ་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དུས་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱེད་པའི་ཁྲོད་གཉིས་བཀུར་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཉིས་བཀུར་དཔེ་བཟང་གསར་གཏོད་བྱེད་པ། གཉིས་བཀུར་གྱི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་ཀྲུང་དབྱང་གི་གཉིས་བཀུར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)ལ་མིང་འདོགས་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྤེལ་བྱས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་འཐུས་མིར་བྱ་དགའ་སྤྲད་པ་དང་། འབྲེལ་ཡོད་དམག་དཔུང་དང་ས་གནས་ཀྱི་འཐུས་མིས་གཏམ་བཤད་གནང་བ་རེད།

ཧྲི་ཐའེ་ཧྥེང་དང་། ལི་ཧྲུའུ་ལེ། ཀྲང་ཡིའུ་ཞ། ཝང་ཏུང་མིང་། ཝུའུ་ཀྲེང་ལུང་། ཧྲེན་ཡོད་བཅས་ཚོགས་ཆེན་ལ་ཞུགས། ཁྲེན་དབྱི་ཆིན་གྱིས་ཚོགས་ཆེན་གཙོ་སྐྱོང་གནང་།

མིང་བཏགས་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གི་འཐུས་མི་དང་། རྒྱལ་ཡོངས་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོགས་ཆུང་དང་། གཉིས་བཀུར་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས།


མཉམ་སྤྱོད།