དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདེལ་གཉིས་སྐར་གཅིག”སྙིང་སྟོབས་སྐོར་གྱི་རྣམ་བཤད་གལ་ཆེན། (གཉིས)

2025-04-28 09:54:19   |   77

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


1.2013ལོའི་ཟླ7ཚེས17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་ཚན་རིག་ཁང་ནུས་ཆེའི་དངོས་ལུགས་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་སློབ་གླིང་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ནས། ཚན་ཞིབ་ལས་དོན་པ་དང་དགེ་སློབ་ལ་འཚམ་འདྲི་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་ལ་རྒྱལ་མཚམས་མེད་མོད་ཚན་རིག་མཁས་ཅན་ལ་མེས་རྒྱལ་ཡོད་པས། རྒྱལ་གཅེས་ཀྱི་བརྩེ་སེམས་ཆེན་པོ་ནི་རང་རྒྱལ་གྱི་ཚན་རྩལ་མི་སྣར་བཏོན་པའི་བླང་བྱ་ཨང་དང་པོ་དེ་ཡིན་ཞེས་བསྟན་ཞིང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མདེལ་གཉིས་སྐར་གཅིག”སྙིང་སྟོབས་དང“མི་སྡོད་དབྱིངས་སྐྱོད”སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། རང་སྟོབས་རང་སྤེལ་དང་ཡང་རྩེར་འཛེག་ཕོད་དགོས་ཞེས་ནན་བཤད་གནང་། 

2.2013ལོའི་ཟླ9ཚེས30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུ་སྐབས་བཅོ་བརྒྱད་པའི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་ནང་ཚན་རྩལ་དར་ན་མི་རིགས་དར་བ་དང་། ཚན་རྩལ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེན་ཡིན། ཚན་རྩལ་གྱི་ལོ་རྒྱུས་ནུས་པར་མཐོང་ཆེན་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ཞིག་ཡིན། ཨེན་ཀེ་སིས“མར་ཁེ་སིའི་ལྟ་བ་ལྟར་ན། ཚན་རིག་ནི་ལོ་རྒྱུས་ཐོག་སྐུལ་འདེད་ཀྱི་ནུས་པ་ཐོན་པ་དང་། གསར་བརྗེའི་སྟོབས་ཤུགས་ཤིག་ཡིན”ཞེས་གསུངས་ཡོད། བློ་མཐུན་ཏེང་ཞའོ་ཕིང་གིས་ཚན་རྩལ་གྱི་ནུས་པར་གནང་བའི་ཆོད་གཏམ་གྲགས་ཅན་ལ་ཚང་མར་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་དེ། དེ་ནི“ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན”ཞེས་པ་དེ་རེད། ཉེ་རབས་ནས་བཟུང་། ཡང་དང་བསྐྱར་དུ་ཀྲུང་གོའི་དཔལ་འབྱོར་སྤྱི་འབོར་ང་ཚོའི་རྒྱལ་ཁབ་ལ་མི་དོ་ཞེས་པ་ལས་ཕམ་པར་བྱེད་དོན་ཅི་རེད། དོན་དངོས་ཐོག་དཔལ་འབྱོར་གྱི་གཞི་ཁྱོན་ཐོག་ནས་ཕམ་པ་མིན་པར་ཚན་རྩལ་རྗེས་ལུས་ཐེབས་པའི་ཐོག་ནས་ཕམ་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོར“མདེལ་གཉིས་སྐར་གཅིག”དང་། མི་སྡོད་དབྱིངས་སྐྱོད། མི་སྡོད་མཚོར་འཛུལ། རིམ་འདས་རྩིས་རྒྱག་སོགས་ཚན་རྩལ་གྱི་འགག་གལ་ཆེན་རབ་དང་རིམ་པ་གཏོར་བས། མི་རིགས་ཀྱི་སྙིང་སྟོབས་ཆེས་ཆེར་སྐུལ་སློང་བྱས་པ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་མཐོ་རུ་ཆེས་ཆེར་བཏང་ཡོད་ཅེས་བསྟན་ཡོད། 

3.2013ལོའི་ཟླ10ཚེས21ཉིན། ཞི་ཅིན་ཕིང་གིས་ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་ངོ100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཁྲོད། ལོ་རྒྱུས་བརྗེད་མི་སྲིད་ཅིང་། ཀྲུང་གོ་གསར་པ་རྒུད་བརྒྱ་གསོ་རན་དང་ལས་བརྒྱ་དར་རན་དུ་ལུས་པའི་དཀའ་ངལ་གྱི་མདུན་དུ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་འབོར་ཆེན་ཞིག་མེས་རྒྱལ་གྱི་པང་དུ་ལོག་ནས་དཀའ་ཚེགས་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་སེམས་ཤུགས་ཡོད་རྒུ་འདོན་པ་དང་དཀའ་སྤྱད་འབད་བརྩོན་བྱས་པས། ཀྲུང་གོ་གསར་པའི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཞིང་། “མདེལ་གཉིས་སྐར་གཅིག”སོགས་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་ཡོད། བློ་མཐུན་ལི་སི་ཀོང་དང་ཡན་ཅི་ཚི། ཧྭ་ལུའོ་ཀེན། ཀྲོའུ་ཕེ་ཡོན། ཆན་སན་ཆང་། ཆན་ཞུའེ་སེན། ཏེང་ཅ་ཞན་སོགས་ནི་ཁོང་ཚོའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཡིན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུ་པར། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་འབོར་ཆེན་ཞིག་སུའུ་ལེན་དང་ཡོ་རོབ་ཤར་མར་སློབ་སྦྱོང་བྱེད་པར་བསྐྱོད་དེ། རང་རྒྱལ་གྱི་འཛུགས་སྐྲུན་དང་བཅོས་སྒྱུར་བྱ་གཞག་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན། 

4.2013ལོའི་ཟླ12ཚེས27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་ངོ120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》ཁྲོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་སྤོབས་པ་ཆེར་སྐྱེད་ཀྱིས་ཀྲུང་གོའི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་ཚ་ཚ་འུར་འུར་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནང་ཞུགས་ཡོད། དུས་ཡུན་རིང་པོ་མ་འགོར་བར། རང་རྒྱལ་གྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། རང་ཚུགས་ཀྱི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཅུང་ཆ་ཚང་བ་ཞིག་བཙུགས་ཤིང་། རང་ཚུགས་ཀྱིས“མདེལ་གཉིས་སྐར་གཅིག”ཞིབ་འཇུག་གསར་བཟོ་བྱས་བས་འཛམ་གླིང་ཐོག་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་པ་དང་། ཀྲུང་གོ་ལྟ་བུའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆུ་ཚད་ཧ་ཅང་རྗེས་ལུས་ཡིན་པའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་ཞིག་ཏུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་གལ་ཆེན་བསགས་ཡོད་ཅེས་བསྟན། 

5.2013ལོའི་ཟླ12ཚེས20ཉིན། ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་སྐྲུན་ཁང་གི་གྲོས་གཞི་ཞིག་གི་ཐོག་གནང་བའི་གཟིགས་མཆན་ཁྲོད། རྩིས་འཁོར་བཀོལ་སྤྱོད་མ་ལག་སོགས་ཆ་འཕྲིན་ཅན་གྱི་ལྟེ་བའི་ལག་རྩལ་དང་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གལ་ཆེའི་རང་བཞིན་མངོན་གསལ་ཡིན་པས། ང་ཚོས་འགག་རྩའི་ལག་རྩལ་དང་སྒྲིག་ཆས་ཁག་གཅིག་ཐད་གཞན་གྱི་ཚོད་འཛིན་ཐེབས་པའི་གནད་དོན་ངེས་པར་དུ་སྔ་ཙམ་ནས་ཐག་གཅོད་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ལྟེ་བའི་ལག་རྩལ་སྒྲིག་ཆས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇུས་འགོད་དང་གཏན་འབེབས་བྱེད་པ་དམ་འཛིན་བྱེད་པ་མ་ཟད། དུས་ཚོད་རེའུ་མིག་ཁ་གསལ་བཟོ་དགོས་ཤིང་། “མདེལ་གཉིས་སྐར་གཅིག”དང་མི་སྡོད་དབྱིངས་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རང་བརྟེན་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་པ་བརྒྱུད་འགག་སྒྲོལ་བྱེད་གནས་ཡང་དག་འདེམས་དགོས་ཤིང་། སྲིད་ཇུས་དང་ཐོན་ཁུངས་སོགས་ཕྱོགས་གང་ཅིའི་ཐད་ནས་རོགས་སྐྱོར་ཤུགས་ཆེན་བྱས་ཏེ། དགེ་མཚན་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་མཐུན་སྦྱོར་གྱིས་འགག་གནད་འགག་སྒྲོལ་བྱེད་པ་དང་ཐོལ་བརྒལ་མངོན་འགྱུར་བྱེད་པ་དང་། གནས་གཅིག་ནས་ཁྱབ་འགྱེད་བྱས་ཏེ་ཁྱོན་ཡོངས་སྐུལ་འདེད་ཀྱིས་ཆ་འཕྲིན་ཀྱི་བདེ་འཇགས་དང་རྒྱལ་སྤྱིའི་བདེ་འཇགས་འགན་ལེན་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།    

6.2013ལོའི་ཟླ12པར། ཞི་ཅིན་ཕིང་གིས་སྤྱི་ཁྱབ་སྒྲིག་ཆས་དམག་དཔུང་ལ་གཟིགས་ཞིབ་གནང་སྐབས། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། དེ་ཚད་བཀག་མེད་པའི་དངོས་པོའི་གསར་གཏོད་ནུས་པར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་། (2014ལོའི་ཟླ11ཚེས3ཉིན་གྱི《བཅིངས་འགྲོལ་དམག་གི་ཚགས་པར》ཐོག་ལིའུ་ཡོན་སོགས་ཀྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་ཐོག་གི་གཏམ་བཤད་དང་། སྤྱི་ཁྱབ་སྒྲིག་ཆས་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཝང་ཧུང་ཡའོ་ཡིས《ཚད་གཞི་དེ་བས་མཐོ་བའི་ཐོག་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ》ཞེས་པའི་གཏམ་བཤད་ཁྲོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་སྒྲིག་ཆས་དམག་དཔུང་ལ་གཟིགས་ཞིབ་གནང་སྐབས“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། དེ་ཚད་བཀག་མེད་པའི་དངོས་པོའི་གསར་གཏོད་ནུས་པར་འགྱུར་བ་བྱེད་དགོས”པའི་མངགས་བཅོལ་གནང་ཞེས་བཤད།)

7.2016ལོའི་ཟླ4ཚེས24ཉིན། “ཀྲུང་གོའི་དབྱིངས་སྐྱོད་ཉིན་མོ”དང་པོའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། དབྱིངས་སྐྱོད་པ་མི་རབས་ཁ་ཤས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དབྱིངས་སྐྱོད་བྱ་གཞག་ལས“མདེལ་གཉིས་སྐར་གཅིག”དང་མི་སྡོད་དབྱིངས་སྐྱོད། ཟླ་བའི་གོ་ལར་བརྟག་འཇལ་བཅས་མཚོན་བྱེད་དུ་བྱས་པའི་འོད་སྟོང་འབར་བའི་གྲུབ་འབྲས་བླངས་པ་དང་། རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་ཀྱི་འཕེལ་རྒྱས་བགྲོད་ལམ་ཐོག་བསྐྱོད་ཅིང་། དབྱིངས་སྐྱོད་སྙིང་སྟོབས་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་བསགས་ཡོད། “ཀྲུང་གོའི་དབྱིངས་སྐྱོད་ཉིན་མོ”བཙུགས་པ་ནི་ལོ་རྒྱུས་བློ་ལ་བརྟན་པོར་བཅངས་པ་དང་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། དམངས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གིས་ཚན་རིག་ལ་བརྩི་མཐོང་དང་མི་ཤེས་པ་འཚོལ་ཞིབ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྤྲོ་སེམས་སྐུལ་སློང་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་དེ་ཡིན་ཞེས་བསྟན། 

8.2018ལོའི་ཟླ2ཚེས10ཉིན། ཞི་ཅིན་ཕིང་གིས་སི་ཁྲོན་དུ་བཅའ་སྡོད་དམག་དཔུང་རྟེན་གཞི་ཞིག་ལ་གཟིགས་ཞིབ་གནང་སྐབས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དབྱིངས་སྐྱོད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་བརྟན་དུ་གཏོང་བ། དབྱིངས་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་གྱི་དད་སེམས་བརྟན་དུ་གཏོང་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་དབྱིངས་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཀྲུང་གོའི་ངོ་མཚར་དེ་བས་མང་བ་གཏོད་དགོས། རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཆེན་པོ་བྱེད་པ། དམག་འཐབ་བྱེད་ཐབས་དང་སྦྱོང་བརྡར་བྱེད་ཐབས་ཞིབ་འཇུག་དང་འཚོལ་ཞིབ་གཏིང་ཟབ་བྱེད་པ། དབྱིངས་སྐྱོད་འཕེན་གཏོང་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་བ། དམག་ཡོངས་མཉམ་འབྲེལ་དམག་འཐབ་མ་ལག་ནང་འདྲེས་པ་བཅས་བྱས་ཏེ། འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་དང་དབྱིངས་སྐྱོད་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་བསྟན། 

9.2018ལོའི་ཟླ4ཚེས26ཉིན། ཞི་ཅིན་ཕིང་ཧྥེང་ཧུའོ་ཚོགས་པ་ཚད་ཡོད་སྤྱི་གཉེར་དུ་རྟོག་ཞིབ་གནང་བར་ཕེབས་ནས། ཝུའུ་ཧན་གྲོང་ཁྱེར་གྱི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། སྤྱི་གཉེར་གྱི་རང་བརྟེན་གསར་གཏོད་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ། ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་དང་ཐོན་ལས་གྲུབ་ཆ་ལེགས་སྒྱུར། ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་པ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཧྥེང་ཧུའོ་ཚོགས་པ་ཚད་ཡོད་སྤྱི་གཉེར་དུ་རྟོག་ཞིབ་གནང་སྐབས། ཞི་ཅིན་ཕིང་གིས་ལྟེ་བའི་ལག་རྩལ་དང་འགག་རྩའི་ལག་རྩལ། རྒྱལ་ཁབ་ཀྱི་གལ་ཆེའི་ཡོ་བྱད་བཅས་ངེས་པར་དུ་རང་ངོས་ལ་གཞི་ཚུགས་དགོས་ཞེས་སླར་ཡང་ནན་བཤད་གནང་། ཁོང་གིས་དེ་སྔ་ཕྱི་ཕྱོགས་ཀྱི་བཀག་སྡོམ་འོག་ང་ཚོས་རང་སྟོབས་རང་སྤེལ་བྱས་ཏེ། རྐང་སྣམ་གྱི་ཁ་བཅིངས་དམ་པོར་བསྡམས་པ་དང་མ་ཁར་སོ་བཏབ་ནས“མདེལ་གཉིས་སྐར་གཅིག”གསར་གཏོད་བྱས་པ་དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་སྟེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་པའི་རྐྱེན་གྱིས་ཡིན། གོམ་སྟབས་རྗེས་མར། ཚན་རྩལ་གྱི་འགག་སྒྲོལ་ཡང་དེ་ལྟར་བྱ་དགོས་པ་དང་། སྟོང་བསམ་བསྐྱུར་ནས་རང་ཉིད་ལ་བརྟེན་དགོས་ཞེས་བསྟན།

10.2018ལོའི་ཟླ7ཚེས13ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འགག་རྩའི་ལྟེ་བའི་ལག་རྩལ་ནི་རྒྱལ་ཁབ་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས། ངེས་པར་དུ་རང་རྒྱལ་གྱི་འགག་རྩའི་ལྟེ་བའི་ལག་རྩལ་གསར་གཏོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་རང་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས། རང་རྒྱལ་གྱི་འཕེལ་རྒྱས་ལ་ཚན་རྩལ་གྱི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་། ཞི་ཅིན་ཕིང་གིས་འགག་རྩའི་ལྟེ་བའི་ལག་རྩལ་ཐོལ་བརྒལ་བྱེད་པའི་འགག་རྩ་ནི་མིའི་ཧུར་སེམས་འདོན་སྤེལ་ནུས་ལྡན་བྱ་རྒྱུར་ཐུག་ཡོད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་བསམ་པའི་ཉམས་འགྱུར་བཟང་པོ་ཞིག་ཆགས་པ་བྱ་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པར་འགན་འཁྲིའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཡིད་ཆེས་བརྟན་དུ་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རིན་ཐང་ལྡན་ཞིང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་བ་ལེན་པར་འབད་བརྩོན་བྱ་དགོས། ཕུལ་བྱུང་གི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་དགོས་ལ་ཚོགས་པ་ལེགས་པོ་ཡང་ཡོད་དགོས། ན་གཞོན་ཚན་རིག་པའི་ནུས་པ་འདོན་སྤེལ་བྱས་ནས་ན་གཞོན་ཤེས་ལྡན་མི་སྣ་ཕུལ་བྱུང་གི་འཇོན་རྩལ་མངོན་ཕྱུང་བྱ་རུ་འཇུག་དགོས་ཞེས་བསྟན། 

11.2020ལོའི་ཟླ4ཚེས23ཉིན། “ཀྲུང་གོའི་དབྱིངས་སྐྱོད་ཉིན་མོ”ཐེངས་ལྔ་པ་དང“ཏུང་ཧྥང་ཧུང་དང་པོའི”སྲུང་སྐར་འཕེན་གཏོང་བྱས་ནས་ལོ50འཁོར་བའི་སྐབས་སུ། ཞི་ཅིན་ཕིང་གིས“ཏུང་ཧྥང་ཧུང་དང་པོའི”ལས་འགན་ནང་ཞུགས་མཁན་ཚན་རིག་མཁས་ཅན་རྒན་པར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམ་འདྲི་གནང་བ་དང་འབྲེལ“མདེལ་གཉིས་སྐར་གཅིག”སྙིང་སྟོབས་དར་སྤེལ་གཏོང་བ་དང་དབྱིངས་སྐྱོད་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་ཐད་རྒྱ་ཆེའི་དབྱིངས་སྐྱོད་ལས་དོན་པར་རེ་བ་ཟབ་མོ་བཏོན་ཡོད། ཆ་རྐྱེན་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་བློ་སྟོབས་འདོར་མི་རུང་། དུས་རབས་གསར་པའི་དབྱིངས་སྐྱོད་ལས་དོན་པས་མི་རབས་རྒན་པའི་དབྱིངས་སྐྱོད་མིག་དཔེར་བྱས་ཏེ། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ། དབྱིངས་སྐྱོད་ཚན་རྩལ་གྱི་ཡང་རྩེར་འཛེག་ཕོད་པ་བཅས་བྱས་ཏེ། ཀྲུང་གོ་བས་བར་སྣང་འཚོལ་ཞིབ་བྱེད་པའི་གོམ་སྟབས་སྔར་བས་བརྟན་ཞིང་རྒྱང་རིང་དུ་སྤོ་ཐུབ་པ་བྱས་ནས། དབྱིངས་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ཕུགས་འདུན་སྔ་ཙམ་ནས་མངོན་འགྱུར་བྱ་དགོས་ཞེས་བསྟན་ཡོད། 

12.2020ལོའི་ཟླ7ཚེས31ཉིན། བྱང་སྐར་གསུམ་པའི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་པ་དང་ཤར་གཏོང་བྱེད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། འདིས་ང་ཚོས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་ཐོག་ཚན་རྩལ་གྱི་མཛད་རྗེས་རྡོ་རིང་མུ་མཐུད་ཡང་བསྐྱར་བཙུགས་པ་མཚོན་པ་མ་ཟད། དུས་མཚུངས་སུ་དེ་ནི་དེ་བས་ཀྱང་སྙིང་སྟོབས་ཀྱི་རྡོ་རིང་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་སྐར་མ་ལག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས། “ལོ26རིང་། བྱང་སྐར་མ་ལག་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་མི་སྣ་ཡོངས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་མདུན་སྐྱོད་དང་། དམག་འཐབ་དྲག་པོ་རྒྱག་ཕོད་པ། མུ་མཐུད་འབད་འཐབ་བཅས་ཀྱི་སྒོ་ནས‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་བཏང་ནས། དུས་རབས་གསར་པའི་བྱང་སྐར་སྙིང་སྟོབས་སྐྱེད་སྲིང་བྱས་ཤིང། དེ་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས། བྱང་སྐར་མ་ལག་བེད་སྤྱོད་རྒྱ་ཆེར་གཏོང་བ་དང་། མ་ལག་གི་བརྟན་ལྷིང་འཁོར་སྐྱོད་འགན་ལེན་བྱེད་པ་སོགས་རྗེས་མཐུད་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།” ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཐད་ཀར་ཕྱོགས་ནས། ང་ཚོས་གཅིག་རྒྱུན་གཅིག་འཛིན་དང་སྔ་འཛིན་ཕྱི་གཏོད་ཀྱི་དཀའ་ཚེགས་ཆེ་བའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པས། ངེས་པར་དུ་དུས་རབས་གསར་པའི་བྱང་སྐར་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་སྔར་བས་རྒྱ་ཆེ་བའི་སྟོབས་ཤུགས་གསོག་འཇོག་བྱ་དགོས་ཞེས་བསྟན་ཡོད།

13.2020ལོའི་ཟླ9ཚེས11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྐབས། “ཚན་རྩལ་གསར་གཏོད་ཀྱི་ངོས་ནས་བརྗོད་ན། ཚན་རྩལ་ཐོན་ཁུངས་ལེགས་སྒྱུར་བཀོད་སྒྲིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ‘མདེལ་གཉིས་སྐར་གཅིག’ལེགས་གྲུབ་བྱུང་བ་དེ་སྣེ་ཁྲིད་ཤེས་ལྡན་པ་ཁག་གཅིག་ལ་བརྟེན་ཞིང་། རང་རྒྱལ་གྱི་སྟོབས་དང་ལྡན་པའི་རྩ་འཛུགས་མ་ལག་ལའང་བརྟེན་ཡོད”ཞེས་དང་། “རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནི་རྒྱལ་ཁབ་ལ་དྲིན་གཟོ་བའི་དམ་བཅའ་བཞག་པའི་ཚན་རིག་མཁས་ཅན་མི་རབས་མང་པོས་སྔོན་འགྱེལ་རྗེས་མཐུད་དང་མུ་མཐུད་འབད་འཐབ་བྱས་པའི་འབྲས་བུ་ཡིན། ལི་སི་ཀོང་དང་ཆན་ཞུའེ་སེན། ཆན་སན་ཆང་། ཏེང་ཅ་ཞན་སོགས་ཚན་རིག་མཁས་ཅན་རྒན་རབས་འབོར་ཆེན་ཞིག་ནས་ཁྲེན་ཅིང་རུན་དང་ཧོང་ཏ་ཉན། ནན་རེན་ཏུང་སོགས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་འཚར་ལོངས་བྱུང་བའི་ཕུལ་བྱུང་ཚན་རིག་མཁས་ཅན་འབོར་ཆེན་ཞིག་བྱུང་བ་ཚང་མ་རྒྱལ་གཅེས་ཚན་རིག་མཁས་ཅན་གྱི་མིག་དཔེ་ཡིན”ཞེས་བསྟན་ཡོད། ཞི་ཅིན་ཕིང་གིས“ཚན་རིག་གི་གྲུབ་འབྲས་དེ་སྙིང་སྟོབས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ནི་ཚན་རྩལ་ལས་དོན་པས་ཡུན་རིང་ཚན་རིག་དང་མཐུན་པའི་ལག་ལེན་ཁྲོད་བསགས་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པ་མཐའ་འཁྱོངས་བྱས་ཤིང་། ཚན་རིག་མཁས་ཅན་རྒན་རབས་ཚོའི་མེས་རྒྱལ་བློ་ལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕུལ་བྱུང་གཤིས་རྒྱུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ། རང་རྟོགས་ངང་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས། རང་ཉིད་ཀྱི་ཚན་རིག་གི་དོན་གཉེར་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལས་དོན་བྱ་གཞག་ནང་མཉམ་འདྲེས་བྱ་དགོས”ཞེས་བསྟན་ཡོད།    

14.2021ལོའི་ཟླ2ཚེས20ཉིན། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཁྲོད། ལོ་བརྒྱའི་སྤྱིར་བཏང་མིན་པའི་འབད་འཐབ་ལོ་རྒྱུས་ཀྱི་བགྲོད་ལམ་ཐོག ཀྲུང་གོ་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་བར་སྙིང་རུས་ཆེན་པོས་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པས་རང་སྲོག་བློས་གཏོང་ཕོད་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་འབོར་ཆེན་ཞིག་དང་ཞུམ་མེད་འཐབ་རྩོད་བྱེད་པའི་དཔའ་བོ་འབོར་ཆེན་ཞིག རང་དོན་རྒྱབ་སྐྱུར་གྱིས་ལེགས་སྐྱེས་འབུལ་བའི་སྔོན་ཐོན་དཔེ་བཟང་འབོར་ཆེན་ཞིག་བཅས་བྱུང་ཞིང་། ཅིན་ཀང་རི་བོའི་སྙིང་སྟོབས་དང་རྒྱང་སྐྱོད་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་སྙིང་སྟོབས། ཞི་པེ་ཕོ་སྙིང་སྟོབས། བྲག་དམར་སྙིང་སྟོབས། མེ་འགོག་ཁྲའོ་རོགས་སྙིང་སྟོབས། “མདེལ་གཉིས་སྐར་གཅིག”སྙིང་སྟོབས། དམིགས་བསལ་ས་ཁུལ་སྙིང་སྟོབས། ཞོད་འགོག་སྙིང་སྟོབས། རྒུད་སྐྱོབ་གནོད་སེལ་སྙིང་སྟོབས། རིམས་འགོག་སྙིང་སྟོབས་སོགས་རླབས་ཆེན་སྙིང་སྟོབས་ཆགས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རྒྱུད་བསྐྲུན་ཡོད། ང་ཚོའི་ཏང་འདི་ཉིད་ལོ་ངོ་བརྒྱ་ལྷག་བརྒྱུད་ཀྱང་ལང་ཚོ་སྔར་བཞིན་རྒྱས་ཤིང་། དཀའ་སྡུག་ཚད་མེད་མྱངས་ཀྱང་མི་རབས་ནས་མི་རབས་བར་ཉམས་པ་མེད་པ་དེ་སྲོག་བསྡོས་ཀྱི་སྙིང་སྟོབས་ཆེན་པོ་དེ་འདྲར་བརྟེན་ནས་བྱུང་བ་ཡིན་ཞེས་བསྟན་ཡོད། 

15.2021ལོའི་ཟླ4ཚེས29ཉིན་གྱི་དུས་ཚོད11དང་སྐར་མ23སྟེང་། ཀྲུང་གོའི་བར་སྣང་ས་ཚིགས་སུ་མཁའ་མཐུན་ལྟེ་ཚང་མཁའ་དབྱིངས་སུ་འཕེན་གཏོང་བྱས་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་ཡང་དག་པར་བསྐྱོད་པས་ལས་འགན་ལེགས་གྲུབ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་བྱས་ནས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། བར་སྣང་ས་ཚིགས་བསྐྲུན་པ་དང་རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང་བསྐྲུན་པ་ནི་རང་རྒྱལ་གྱི་མི་སྡོད་དབྱིངས་སྐྱོད་བཟོ་སྐུན་གྱི“གོམ་སྟབས་གསུམ”གྱི་འཐབ་ཇུས་མངོན་འགྱུར་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་དབྱིངས་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་སྣེ་ཁྲིད་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན། མཁའ་མཐུན་ལྟེ་ཚང་འཕེན་གཏོང་ལེགས་གྲུབ་བྱུང་བ་དེའི་ཐོག་ནས་རང་རྒྱལ་གྱི་བར་སྣང་ས་ཚིགས་བསྐྲུན་པ་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཞིང་། རྗེས་མཐུད་ཀྱི་ལས་འགན་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་བའང་མཚོན་ཡོད། ཁྱེད་ཚོས“མདེལ་གཉིས་སྐར་གཅིག”སྙིང་སྟོབས་དང་མི་སྡོད་དབྱིངས་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། རང་ཚུགས་རང་སྟོབས་དང་གསར་གཏོད་ཐོལ་བརྒལ་གྱིས་བར་སྣང་ས་ཚིགས་འཛུགས་སྐྲུན་བྱེད་པའི་ལས་འགན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན། 

16.2021ལོའི་ཟླ9ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲའན་ཞི་རུ་བཅའ་སྡོད་དམག་དཔུང་གི་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་བྱས་ཏེ། རྟེན་གཞིའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམ་འདྲི་གནང་། ཁོང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། དམག་འཁྲུག་ལ་གྲ་སྒྲིག་དང་དམག་འཁྲུག་རྒྱག་པར་དམིགས་པ། གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བ། འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་དང་དབྱིངས་སྐྱོད་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་། ཞི་ཅིན་ཕིང་གིས་རྟེན་གཞིས་འགན་འཁུར་བའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་པར་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཏང་གི་ཕྱོགས་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་དང་དབྱིངས་སྐྱོད་ཀྱི་ཚད་ལེན་ཚོད་འཛིན་སྙིང་སྟོབས་དར་སྤེལ་ཡག་པོ་གཏོང་བ། དཔོན་དམག་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་འགན་འཁྲི་སྒྲུབ་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས། དམག་དཔུང་གི་དྭངས་གཙང་སྲ་བརྟན་དང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་རྒྱུན་འཁྱོངས་བྱ་དགོས། དམིགས་གཏད་ཡོད་པའི་སྒོ་ནས་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་དུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ་དང་། ལྷག་བསམ་ཟོལ་མེད་ཀྱིས་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ། ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བཅས་བྱས་ཏེ། རྟེན་གཞི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་། 

17.2022ལོའི་ཟླ4ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཝུན་ཁྲང་དབྱིངས་སྐྱོད་འཕེན་གཏོང་ལྟེ་གནས་སུ་གཟིགས་ཞིབ་གནང་བར་ཕེབས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་བྱས་ནས་འཕེན་གཏོང་ལྟེ་གནས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམ་འདྲི་གནང་། ཞི་ཅིན་ཕིང་གིས་ཝུན་ཁྲང་དབྱིངས་སྐྱོད་འཕེན་གཏོང་ལྟེ་གནས་ནི་རང་རྒྱལ་གྱི་འདེད་ཤུགས་ཆེ་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབས་གསར་པ་འཕེན་གཏོང་བྱ་ཡུལ་ཞིག་དང་། རང་རྒྱལ་གྱི་བར་སྣང་འཚོལ་ཞིབ་ཚད་ལེན་གྱི་ཟམ་སྣེའི་མཁར་རྫོང་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་དབྱིངས་སྐྱོད་མ་ལག་ཁྲོད་དམིགས་བསལ་གྱི་གནས་བབ་དང་ནུས་པ་གལ་ཆེན་ཡོད། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་དང་མི་སྡོད་དབྱིངས་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འཛམ་གླིང་གི་དབྱིངས་སྐྱོད་འཕེལ་རྒྱས་ཀྱི་མདུན་གྲལ་ལ་ཕྱོགས་པ་དང་རྒྱལ་ཁབ་ཀྱི་དབྱིངས་སྐྱོད་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་ལ་ཕྱོགས་པ་མཐའ་འཁྱོངས་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། གསར་གཏོད་ཐོལ་བརྒལ་བྱེད་ཕོད་པ་བཅས་བྱས་ནས། དེང་རབས་ཅན་གྱི་དབྱིངས་སྐྱོད་འཕེན་གཏོང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། འཛམ་གླིང་གི་དབྱིངས་སྐྱོད་འཕེན་གཏོང་ལྟེ་གནས་རྩེ་གྲ་ཧུར་ཐག་གིས་བསྐྲུན་དགོས་ཞེས་ནན་བཤད་གནང་། 

18.2022ལོའི་ཟླ5ཚེས2ཉིན། ལྔ་བཞིའི་གཞོན་ནུའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དབྱིངས་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་བསྐྲུན་པའི་གཞོན་ནུ་ཚོགས་པར་འཕྲིན་ལན་སྤྲིངས་ནས། དབྱིངས་སྐྱོད་འཐབ་ཕྱོགས་ཀྱི་གཞོན་ནུ་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་འབྲེལ་ཁོང་ཚོར་རེ་བ་ནན་པོ་བཏོན་པ་རེད། ཞི་ཅིན་ཕིང་གིས་དབྱིངས་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་འཐབ་བྱེད་དགོས། རྒྱ་ཆེའི་དབྱིངས་སྐྱོད་གཞོན་ནུ་ཚོས“མདེལ་གཉིས་སྐར་གཅིག”སྙིང་སྟོབས་དང་མི་སྡོད་དབྱིངས་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་གཏོད་ཐོལ་བརྒལ་བྱེད་ཕོད་པ་བྱས་ཏེ། བར་སྣང་ཕུགས་འདུན་དོན་གཉེར་བྱེད་པའི་བགྲོད་ལམ་ཐོག་ལང་ཚོའི་མིག་དབང་འཕྲོག་པའི་གཟི་བརྗིད་མངོན་པར་བྱས་ནས། རང་རྒྱལ་གྱི་དབྱིངས་སྐྱོད་ཚན་རྩལ་ཆུ་ཚད་མཐོ་བའི་རང་ཚུགས་རང་སྟོབས་ཡོང་བར་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་། 

19.2023ལོའི་ཟླ2ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་མི་རབས་ཁ་ཤས་ཀྱིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད་བསྐྲུན་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ནུབ་སྐྱོད་སྙིང་སྟོབས། མི་སྡོད་དབྱིངས་སྐྱོད་སྙིང་སྟོབས། ཚན་རིག་མཁས་ཅན་སྙིང་སྟོབས། ཟླ་དཔྱད་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྙིང་སྟོབས་སོགས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསར་གཏོད་ཀྱི་སྐྱེ་ཁམས་གསར་བ་བསྐྲུན་ཡོད་ལ། དེ་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཉམས་པ་མེད་པའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། སྤྱི་ཚོགས་ཡོངས་སུ་བདེན་དོན་བརྩོན་ལེན་དང་ཡང་རྩེར་འཛེག་ཕོད་པའི་ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་སོགས་ཚན་རྩལ་ཁྱབ་ཁོངས་སུ་བྱུང་བའི་སྔོན་ཐོན་དཔེ་མཚོན་དང་བྱས་རྗེས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱེད་པ། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པར་རྒན་རབས་ཚན་རིག་མཁས་པ་རྣམས་ཀྱིས་སྐུ་གཟུགས་རྒྱལ་ཁབ་ལ་བཅོལ་བ་དང་བློ་སེམས་མི་དམངས་ལ་འཆང་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཆེད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ཐོག་འབྲི་དགོས་ཞེས་བསྟན་ཡོད།



མཉམ་སྤྱོད།