དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཆེད་དོན་ཚོགས་འདུ་བསྡུས།

2025-05-22 15:21:49   |   323

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཆེད་དོན་ཚོགས་འདུ་བསྡུས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ནང་འཁོར་རྒྱུག་ཆེན་མོ་སྟོབས་ལྡན་དུ་གཏོང་བའི་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ལས་དོན་བླང་བྱ་ལྟར། ཟླ1པོ་ནས་ཟླ4པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། དཔལ་འབྱོར་འཁོར་སྐྱོད་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་མོར་ཞབས་ཞུ་སྒྲུབ་པ་དང་འདྲེས་པར་བྱེད་པ། དམངས་གཉེར་དཔལ་འབྱོར་སོགས་གཙོ་གནད་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་།

ཚོགས་ཐོག་ནས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱས་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་བསྣན་པ། སྲིད་ཇུས་བྱེད་ཐབས་ཀྱི་དངོས་འབེབས་ནན་མོར་བཟུང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནོན་ཤུགས་ཐེག་པའི་སྒོ་ནས་བརྟན་ཐོག་གོང་འཕེལ་བྱུང་ཞིང་། སླར་གསོ་བཟང་འཕེལ་གྱི་གཞི་རྩའི་འཕེལ་ཕྱོགས་རྒྱུན་བསྐྱངས། གྲུབ་འབྲས་ལེན་ཐུབ་པ་ནི་རྩ་བའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་སྣེ་ཁྲིད་མཛད་པ་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་ཡིན། ས་གནས་སོ་སོའི་སྡེ་ཁག་སོ་སོས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གིས་མིག་སྔར་གྱི་དཔལ་འབྱོར་གནས་བབ་ཀྱི་བརྡར་གཅོད་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། བརྟན་ཐོག་མདུན་སྐྱོད་ཀྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་བརྟན་པ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ། ལས་ཞུགས་བརྟན་པ་དང་ཁེ་ལས་བརྟན་པ། ཁྲོམ་ར་བརྟན་པ། སྔོན་དཔག་བརྟན་པ་བཅས་ལ་དམིགས་པ། འབད་བརྩོན་ཆེ་ཤོས་ལ་བརྟེན་ནས་ལོ་སྟོད་དུ“ཕྱེད་བརྒལ་གཉིས”མངོན་འགྱུར་ལ་ཁག་ཐེག་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་དང”ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཕུན་སུམ་ཚོགས་པར་མཇུག་བསྡུ་བ་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་སྲིད་ཇུས་འགྱུར་ཕྱོགས་ལ་འབད་པས་རྗེས་སྙེག་བྱེད་པ་དང་། ད་ཡོད་ཀྱི་སྲིད་ཇུས་བག་ནུས་ཟབ་མོར་སྔོག་པ། ལས་དོན་བྱེད་ཐབས་ཞིབ་ཕྲ་དངོས་གཉེར་ཅན་དུ་གཏོང་བ། བཟོ་ལས་འཁོར་སྐྱོད་དང་དངུལ་གཏོང་ནུས་ལྡན། ཞིང་ལས་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ལས་འགན་སྟོབས་ཤུགས་ཡོད་རྒུས་ལེགས་པར་བཟུང་སྟེ། “བརྟན་པའི”གནས་བབ་སྲུང་འཛིན་དང“མདུན་སྐྱོད”ཀྱི་སྒུལ་ནུས་གསོག་ཉེར་བྱེད་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོར་ཞབས་ཞུ་སྒྲུབ་པ་དང་འདྲེས་པར་བྱེད་པ་དེ་དཔལ་འབྱོར་བརྟན་འཕེལ་རྒྱང་སྐྱོད་ཀྱི་གནད་འགག་བྱེད་ཐབས་ཤིག་ཏུ་བརྩི་བ་དང་། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་མྱུར་ཏུ་འདྲེས་སུ་འཇུག་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་འདྲེར་སྦྱོར་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྲིད་ཇུས་ཀྱི་གཞིར་འབེབས་ས་དམངས་ལ་ཕན་པ་དང་འཛད་སྤྱོད་ལ་སྐུལ་བའི་ཕྱོགས་སུ་སྔར་ལས་མང་པོ་འགྱུར་དུ་འཇུག་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་བ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་དང་ཞོད་འགོག་ཐན་འགོག། བདེ་འཇགས་ཐོན་སྐྱེད་སོགས་ལས་དོན་ཁག་ལ་སྤྱི་འདོམས་སྒོས་ལེགས་པར་བསྒྲུབས་ཏེ། སྤྱོད་ཚུལ་ནན་མོ་དང་དངོས་མར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཀྲང་ཅིན་ཀང་དང་ལིའུ་ཁྲའོ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས། །



མཉམ་སྤྱོད།