དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《བདེན་འཚོལ》དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

2025-06-16 14:51:20   |   610

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་གྱི་ཟླ6པའི་ཚེས15ཉིན་གྱི་གློག་འཕྲིན་ལྟར་ན། ཟླ6པའི་ཚེས16ཉིན་དཔར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས12པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱ་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་བྱེད་སྟངས་གལ་ཆེན་ཞིག་ཡིན》ཞེས་པ་སྤེལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2015ལོའི་ཟླ10པ་ནས2025ལོའི་ཟླ4པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཚན་བཏུས་རེད། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་སྒྲིག་བཟོ་དང་མུ་མཐུད་ལག་ལེན་དུ་བསྟར་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་རིང་པོ་མ་སོང་གོང་། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་བཏོན་པ་ཡིན། ལོ་ལྔའི་འཆར་འགོད་དང་པོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བར་གྱི་ཐོག་མཐར་འཁྱོལ་བའི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། བརྒྱུད་རིམ་དེའི་ཁྲོད་དུ། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངོས་འཛིན་ཐད་མུ་མཐུད་གཏིང་ཟབ་དང་། འཐབ་ཇུས་ཐད་མུ་མཐུད་འཐུས་ཚང་། ལག་ལེན་ཐད་མུ་མཐུད་ཕུན་ཚོགས་བཅས་བྱུང་སྟེ། རང་རྒྱལ་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གནད་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་དང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རིམ་པ་མཐོ་ཤོས་ཀྱི་རྩེ་རིམ་ཇུས་འགོད་ཅིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དུས་རིམ་དང་ཁྱབ་ཁོངས་དབྱེ་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། དུས་རིམ་སོ་སོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་དང་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱེད་པར་དེ་མཚུངས་སུ་རིམ་པ་མཐོ་ཤོས་ཀྱི་རྩེ་རིམ་ཇུས་འགོད་བྱེད་དགོས། འཛམ་གླིང་གོང་དུ་འཕེལ་བའི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཁོང་དུ་ཡང་དག་ཆུད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་གཏིང་ཟབ་བཅས་བྱས་ཐོག སྒྲིག་བཟོ་བྱས་པའི་འཆར་འགོད་དང་སྲིད་ཇུས་མ་ལག་གིས་དུས་རབས་རང་བཞིན་མངོན་པ་དང་། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་གྱིས་ཕྱུག་པ་བཅས་ཡོང་བ་བྱས་ནས། ཉེ་རྒྱང་ཟུང་འབྲེལ་དང་། གོང་འོག་གཅིག་འདྲེས། ནང་དོན་མཐུན་སྦྱོར་བཅས་ཐུབ་པ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ལ། མི་དམངས་ཀྱི་ཡིད་རྟོན་དང་རྒྱབ་སྐྱོར་ནི་ང་ཚོའི་རྒྱལ་ཁབ་ཀྱི་ངར་སྐྱོད་ཀྱི་སྟོབས་ཤུགས་ཡིན། བྱེད་ཕྱོགས་སྲིད་ཇུས་དང་འཕེལ་རྒྱས་འཆར་འགོད་བཟང་པོ་ཚང་མ་མི་དམངས་ཀྱི་རེ་འདོད་དང་བསྟུན་དགོས་ཤིང་མི་དམངས་ཀྱི་གང་དྲན་གང་སྙེག་དང་མཐུན་དགོས་པ་དང་། མང་ཚོགས་ཁྲོད་ནས་ཡོང་སྟེ་མང་ཚོགས་ཁྲོད་དུ་འགྲོ་དགོས། ལོ་ལྔའི་འཆར་འགོད་སྒྲིག་བཟོ་བྱེད་པ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འབྲེལ་ཡོད་ཅིང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དམ་པོར་འབྲེལ་བས། རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་པ་དང་གྲོས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱེད་པ་གཉིས་གཅིག་གྱུར་བྱས་ཏེ། སྤྱི་ཚོགས་ཀྱི་རེ་སྒུག་དང་། མང་ཚོགས་ཀྱི་བློ་གྲོས། ཆེད་མཁས་ཀྱི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་འཆར་འགོད་སྒྲིག་བཟོའི་ཁྲོད་བསྡུ་ལེན་གང་ལེགས་བྱེད་དགོས། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བྱེད་སྐབས། ངེས་པར་དུ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཐོག རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཁྱབ་ཁོངས་རེ་རེ་བཞིན་དུ་དམིགས་འབེན་ལས་འགན་ལུགས་མཐུན་ངང་གཏན་འཁེལ་དང་། བསམ་ཕྱོགས་བྱེད་ཐབས་གསར་དུ་འདོན་དགོས། ཕྱོགས་སོ་སོའི་དམིགས་འབེན་ལས་འགན་ལ་དབྱེ་ཞིབ་རིགས་སྒྲུབ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་ངང་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། གཅིག་གྱུར་འཆར་འགོད་བྱས་ཏེ། གནད་འགག་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་དམ་པོར་འཛིན་པ་དང་། གོམ་འགྲོས་དང་འཕེལ་རིམ་ཁོང་དུ་ལེགས་པོར་ཆུད་པ། དགེ་མཚན་རྒྱ་སྐྱེད་སྲ་བརྟན་དང་། བཀག་ཆ་འགག་གནས་སེལ་བ། ཞན་ཆ་གཉོམ་སོ་ཁ་གསབ། སྤུས་ཚད་ཕན་ནུས་མཐོར་འདེགས་བཅས་ལ་དོ་སྣང་བྱས་ནས། དམིགས་འབེན་ཧྲིལ་པོ་དང་ཁ་ཕྱོགས་གཅིག་མཐུན་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། ས་ཁུལ་སོ་སོས་ས་ཁུལ་དེ་གའི་འཆར་འགོད་སྒྲིག་བཟོ་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། འཆར་འགོད་ལག་བསྟར་ནུས་པ་དང་དོན་འཁྱོལ་ནུས་པ་ཆེ་རུ་གཏོང་དགོས།


མཉམ་སྤྱོད།