དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

2025-07-16 15:27:44   |   260

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས16ཉིན་དཔར་དུ་བསྐྲུན་བྱའི《བདེན་འཚོལ》དུས་དེབ་འདོན་ཐེངས14པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ་རྒྱུ་ཡིན་ཞིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ12པ་ནས2025ལོའི་ཟླ4པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཚན་བཏུས་རེད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སྒོ་འབྱེད་ཀྱིས་ཡར་ཐོན་བསྣམས་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་ངེས། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་གི་དར་རྒྱས་ཀྱང་ཀྲུང་གོར་སྟེན་དགོས། མུ་མཐུད་དུ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཀྲུང་གོས་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་ངེས་པ་ལས་བཀག་སྡོམ་གཏན་ནས་བྱེད་མི་སྲིད།

རྩོམ་ཡིག་ལས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་རྒྱ་ཆེ་རུ་གཏོང་དགོས།  སྔོན་ཆད་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནི་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་ཐོབ་པ་ཡིན་ལ།  མ་འོངས་པར་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱང་ངེས་པར་དུ་སྔར་བས་སྒོ་འབྱེད་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་གཏོང་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་བརྟེན་ནས་འཛམ་གླིང་ཐོན་ཁུངས་ཀྱི་བདག་རྐྱེན་འགུག་དགོས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་ཀྱི་མཉམ་འགུལ་ཕན་འབྲས་ཆེ་རུ་གཏོང་དགོས། སྒྲིག་སྲོལ་དང་སྒྲིག་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་བཏང་སྟེ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཚོང་དངུལ་གཏོང་། ཕྱི་ཕྱོགས་དངུལ་གཏོང་བཅས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་མཐོར་འདེགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཐོག་སྤེལ་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་ལ་སྐུལ་ལྕག་དང་། སྒོ་འབྱེད་ཀྱི་རིམ་པ་སྔར་ལས་མཐོ་བ་དང་འགྱེད་འཕྲོའི་ནུས་པ་སྔར་ལས་ཆེ་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བཙན་ས་གསར་པ་སྐྲུན་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལམ་སྲོལ་འཐུས་ཚང་དང་སྐུལ་འདེད་གཏོང་དགོས།  སྒོ་འབྱེད་ཇི་ལྟར་བྱས་ན་བདེ་འཇགས་ལ་དེ་ལྟར་མཐོང་ཆེན་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་དགོས་ལ། ནུས་ཤུགས་ཡོད་རྒུས་རང་སྟེང་གི་འགྲན་རྩོད་ནུས་ཤུགས་དང་ལྟ་སྐུལ་དོ་དམ་གྱི་ནུས་ཤུགས། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ནུས་ཤུགས་བཅས་ཇེ་དྲག་ཏུ་གཏོང་དགོས།  ཁྲིམས་སྐྱོང་གི་རྨང་གཞིའི་སྟེང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྲིམས་སྐྱོང་གི་རྩ་རྨང་མུ་མཐུད་བརྟན་པོར་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོས་ཕྱི་དངུལ་བེད་སྤྱོད་བྱེད་པའི་སྲིད་ཇུས་ལ་འགྱུར་མེད་ལ་འགྱུར་ཡང་མི་སྲིད། ཀྲུང་གོ་ནི་འཛམ་གླིང་གི་འཛད་སྤྱོད་ཁྲོམ་ར་ཆེན་པོ་གཉིས་པ་ཡིན་ཞིང་། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེས་ཆེ་བའི་ཡོང་འབབ་འབྲིང་གྲས་ཀྱི་ཁྱུ་ཚོགས་མངའ་བ་དང་། དངུལ་གཏོང་དང་འཛད་སྤྱོད་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་འདུས་ཡོད་པ་དང་གཅིག ཕྱི་དངུལ་བེད་སྤྱོད་ཀྱི་ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་ལས་དོན་མ་ལག་ཅུང་འཐུས་ཚང་ཞིག་ཆགས་ཡོད་པ་དང་གཉིས། དུས་ཡུན་རིང་པོར་སྲིད་བབ་བརྟན་པོ་དང་སྤྱི་ཚོགས་བརྟན་བརླིང་ཡིན་པ་དང་གསུམ་བཅས་ཀྱིས་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་ཆེས་བདེ་འཇགས་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཀྲུང་གོ་ནི་སྔོན་ཆད་དང་ད་ལྟ། མ་འོངས་པ་བཅས་གང་ཡིན་ཡང་ཕྱི་ཚོང་གི་ཕུགས་བསམ་དང་མཐུན་ཞིང་བདེ་འཇགས་ཡིན་པ། ནུས་པ་ལྡན་པ་བཅས་ཀྱི་དངུལ་གཏོང་དམིགས་ས་ཡིན་ངེས་ཤིང་། ཀྲུང་གོ་དང་མཉམ་དུ་བསྐྱོད་པ་ནི་གོ་སྐབས་དང་མཉམ་དུ་བསྐྱོད་པ་ཡིན་ལ། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་སང་ཉིན་ལ་ཡིད་ཆེས་བྱེད་པ་དང་། ཀྲུང་གོར་དངུལ་གཏོང་བྱེད་པ་ནི་མ་འོངས་པར་དངུལ་གཏོང་བྱེད་པ་ཡིན། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དཔལ་འབྱོར་འཛམ་གླིང་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཕྱི་ཡུལ་བླང་བྱ་དང་ཚན་རྩལ་ཡར་ཐོན་གྱི་ལྡོག་མེད་མཇུག་འབྲས་ཡིན་ཞིང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྒུལ་ཤུགས་དྲག་པོ་འདོན་སྤྲོད་བྱས་པ་དང་། ཚོང་ཟོག་དང་མ་རྩ་འཁོར་རྒྱུག ཚན་རྩལ་དང་དཔལ་ཡོན་ཡར་ཐོན། རྒྱལ་ཁབ་སོ་སོའི་མི་དམངས་འགྲོ་འོང་བཅས་ལ་སྐུལ་འདེད་བཏང་ཡོད། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཛ་དྲག་ཏུ་ཕྱིན་པ་དང་། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་འགྲན་སློང་དྲག་པོར་ཕྲད་ཡོད། ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། “གྱང་བརྩིགས་འགོག་སྐྲུན”དང“འཕལ་ཤོར་ཕྲེང་གཅོད”ལ་ངོ་རྒོལ།    ཕྱོགས་རྐྱང་སྡོམ་གཅུན་དང་མགོ་གནོན་ཐལ་དྲགས་ལ་ངོ་རྒོལ་བཅས་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད། གོ་ལའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་གཞོལ་བ་བཅས་བྱེད་དགོས།

(ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་གྱི་ཟླ7ཚེས15ཉིན་འབྱོར་བའི་གློག་འཕྲིན།)


མཉམ་སྤྱོད།