དེ་རིང་ནི2025ལོའི་ཟླ10པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་གནང་བ།

2025-10-14 11:01:43   |   130

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན། ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་གནང་།

སྟོན་གྱི་རང་མདངས་མངོན། ཨ་སྔོན་དྭངས་ཤིང་གསལ། རྒྱལ་ཁབ་ཚོགས་འདུའི་ལྟེ་གནས་སུ་རྒྱལ་ཁབ་ཁག་གི་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆས་གཟི་ཉམས་མངོན།

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་སྟངས་དཔྱལ་དང་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་བསྐྱོན་པ།

0004.jpg

ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་སྟངས་དཔྱལ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པའི་ཚུལ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས《པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་གསར་པ་མགྱོགས་སུ་གཏོང་དགོས》ཞེས་པ་བརྗོད་དོན་ཡིན་པའི་གཙོ་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བུད་མེད་ནི་མིའི་རིགས་ཀྱི་ཤེས་དཔལ་གསར་གཏོད་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། རྒྱུན་འཛིན་པ་བཅས་གལ་ཆེན་ཞིག་ཡིན་པས་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། ལོ་ངོ30ཡི་གོང་དུ། པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱིས“བྱ་སྤྱོད་ལ་བརྟེན་ནས་འདྲ་མཉམ་དང་། འཕེལ་རྒྱས། ཞི་བདེ་བཅས་དོན་གཉེར་བྱེད་པའི”བླ་ན་མེད་པའི་དམིགས་ཚད་གཏན་འཁེལ་བྱས་པ་དང་། ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》ལ་གྲོས་འཆམ་བྱུང་ནས་ཕོ་མོ་འདྲ་མཉམ་དེ་དུས་རབས་ཀྱི་གྲོས་རིམ་ནང་བཀོད་དེ་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་མུ་མཐུད་འབད་འཐབ་བྱ་རྒྱུར་སྐུལ་ལྕག་བཏང་བ་རེད། ལོ30ཡི་རིང་། པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་དགོངས་དོན་གྱི་མཛུབ་ཁྲིད་འོག་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་བཀྲག་མདངས་འཚེར་བའི་ཚོན་མདངས་བསྣན་ཡོད། ཕོ་མོ་འདྲ་མཉམ་ཡོང་བར་བརྩོན་ལེན་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ངོས་འཛིན་གྱུར་ནས་བུད་མེད་ཀྱི་དབང་ཆ་སྤྲོད་རྒྱུར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་བུད་མེད་ལ་སློབ་གསོ་ཐོབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ཀྱི་ཁྲོད་ནུས་པ་དེ་བས་གལ་ཆེན་འདོན་བཞིན་ཡོད། ཕུལ་བྱུང་བུད་མེད་འབོར་ཆེན་ཞིག་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་དེ་ངོ་མཚར་ཆེ་བའི་མི་ཚེ་འཁྲབ་སྟོན་དང་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཞི་ཅིན་ཕིང་གིས་མིག་སྔར་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བཞིན་རྙོག་འཛིང་ཆེ་བའི་འགྲན་སློང་འཕྲད་ཡོད་པས་ཕོ་མོ་འདྲ་མཉམ་ཡོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཕྱོགས་ཁག་གིས་པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ཏེ་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་གསར་པར་དེ་བས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། དེ་བས་ཡངས་པའི་འགྲོ་ལམ་གཏོད་པ། དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། ཞིས་ཅིན་ཕིང་གིས་གྲོས་མགོ་ཁག་བཞི་བཏོན་པ་སྟེ།

དང་པོ། བུད་མེད་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་བསྐྲུན་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་དགོས། དམག་འཁྲུག་གི་ཟིང་ཆ་དང་། དབུལ་ཕོངས་ཀྱི་གནོད་འཚེ་ཕོག་ཁུལ་གྱི་བུད་མེད་དང་བྱིས་པ་བུ་མོ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་བུད་མེད་ལ་དམིགས་པའི་དྲག་ཤུགས་ཀྱི་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།

གཉིས་པ། བུད་མེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཆེན་པོ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་དགོས། གོ་ལ་ཧྲིལ་པོའི་བུད་མེད་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས་བུད་མེད་ཡོངས་ལ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་ཏེ། འཛམ་གླིང་དེང་རབས་ཅན་དུ་འགྱུར་བའི་རླབས་རྒྱུན་ཁྲོད་རྒྱ་ཆེའི་བུད་མེད་རྣམས་ཀྱི་མི་ཚེའི་གཟི་བརྗིད་དང་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་དགོས།

གསུམ་པ། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅོས་སྐྱོང་རྣམ་པ་ཐུན་མོང་ཐོག་འཛུགས་དགོས། ལམ་ལུགས་དང་བཅའ་ཁྲིམས་འཐུས་སྒོ་ཚང་དུ་བཏང་ནས་བདེ་ཐང་དང་སློབ་གསོའི་སྤུས་ལེགས་ཐོན་ཁུངས་དེ་བས་མང་བས་བུད་མེད་ཡོངས་ལ་ཕན་པ་ཐོབ་པ་བྱས་ཏེ། རྒྱ་ཆེའི་བུད་མེད་རྣམས་ལ་དེ་བས་ཕྱོགས་ཡོངས་དང་དྲང་སྙོམས་ཀྱི་སྒོ་ནས་དབང་ཆ་ཁག་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། ཁོང་ཡངས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས་བུད་མེད་ཀྱི་སྲིད་ཞུགས་སྲིད་མོལ་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། བུད་མེད་དེ་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ནང་རྒྱ་ཁྱབ་ཏུ་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཕོ་མོ་འདྲ་མཉམ་དེ་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ངོས་འཛིན་གཅིག་མཐུན་དང་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཏུ་འགྱུར་བར་བྱ་དགོས།

བཞི་པ། གོ་ལ་ཧྲིལ་པོའི་བུད་མེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་རྩོམ་དགོས། བུད་མེད་ཀྱིས་དུས་རབས་ཀྱི་འགན་འཁྲི་འཁུར་རྒྱུར་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་ནས་བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཀྱི་དགོས་མཁོར་སྔར་ལས་དོ་ཁུར་བྱས་ཏེ། རྒྱལ་ཁབ་ཁག་གི་བུད་མེད་ལ་མཉམ་ལས་ཀྱི་ལས་སྟེགས་རྒྱ་ཆེན་པོ་བསྐྲུན་ནས་མཛེས་སྡུག་མཉམ་མྱོང་གི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་བུད་མེད་ཀྱི་བྱ་གཞག་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བརྗིད་ཆེའི་ལག་ལེན་ནང་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་བྱས་པས་བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། ཀྲུང་གོའི་བུད་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དངོས་འབྲེལ་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ལ་གོ་སྐབས་དང་འགན་ལེན་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་བུད་མེད་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། འབྱུང་འགྱུར་ལོ་ལྔའི་ནང་། ཀྲུང་གོ་ཕྱོགས་ཀྱིས་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ལ་ཞལ་འདེབས་ཨ་སྒོར་ཁྲི1000རྒྱག་རྒྱུ་དང་། ཨ་སྒོར་དུང་ཕྱུར1གི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩ་མཁོ་འདོན་བྱས་ནས་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་བྱས་ཏེ་བུད་མེད་དང་བྱིས་པ་བུ་མོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ལས་རྣམ་གྲངས་ལག་བསྟར་བྱེད་རྒྱུ། དམངས་འཚོའི་འཕེལ་རྒྱས་ཁྱབ་ཁོངས་སུ“ཆུང་ཞིང་མཛེས་པའི”རྣམ་གྲངས1000ལ་རོགས་སྐྱོར་བྱ་རྒྱུ། བུད་མེད་ཁྲི5ཀྲུང་གོར་སྤེལ་རེས་དང་ཞིབ་འཇུག་ཟབ་སྦྱོང་བྱེད་པར་གདན་འདྲེན་བྱེད་རྒྱུ། “གོ་ལ་ཧྲིལ་པོའི་བུད་མེད་ནུས་པ་འཛུགས་སྐྱོང་ལྟེ་གནས”བཙུགས་ནས་བུད་མེད་ཀྱི་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་མཉམ་ལས་ཐོག་གསོ་སྐྱོང་བྱེད་རྒྱུ།

མཇུག་ཏུ་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཕྱོགས་སུ་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་བཏང་སྟེ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

པེན་ཏོ་ཙུང་ཐུང་ཐུའོ་མ་སི་ཏུའོ་ཏིར་དང་། ཏོ་སྨི་ནི་ཁེའི་ཙུང་ཐུང་པོ་ཏུན། ཀག་ནའི་ཙུང་ཐུང་མ་ཧ་མ། མོ་ཙམ་པི་ཁེའི་ཙུང་ལི་ལའེ་ཝུའེ། སི་རི་ལན་ཁའི་ཙུང་ལི་ཨ་མ་ལ་སུའུ་ལི་ཡ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ནཱ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་པ་ཧུའུ་སི་བཅས་སོ་སོས་ཤིས་ཚིག་ཕུལ། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་དབུ་ཚོགས་གཙོ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་མགོ་དང་བྱེད་ཐབས་ལ་དགའ་བསུ་བྱས། ཕྱོགས་ཁག་གིས་ལོ30ཡི་གོང་པེ་ཅིང་འཛམ་གླིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་འཆམ་བྱས་པའི《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》ལ་དོན་སྙིང་གལ་ཆེན་ལྡན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད་པས་བུད་མེད་ཀྱི་བྱ་གཞག་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་ལམ་ཐིག་རི་མོ་ཞིག་རེད། ཀྲུང་གོས་དབུལ་ཕོངས་ལས་སྒྲོལ་བ་དང་། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བུད་མེད་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ནས་རང་ངོས་ཀྱི་བུད་མེད་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱེད་པ་དང་ཆབས་ཅིག་འགན་འཁྲི་གསལ་པོ་འཁུར་བ་དང་མགོ་ཁྲིད་ནུས་པ་ཆེན་པོས་འཛམ་གླིང་བུད་མེད་ཀྱི་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མིའི་རིགས་ཀྱི་ཤེས་དཔལ་དང་སྤྱི་ཚོགས་ཡར་ཐོན་ཁྲོད་བུད་མེད་ཀྱིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་དང་། ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་གཏོང་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་དབུ་ཚོགས་དེ་མགོ་འཛུགས་ས་གསར་པར་བརྩིས་ནས་པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་ལ་ཤུགས་སྣོན། མཉམ་ལས་གཏིང་ཟབ་བྱེད་པ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཚོགས་ཞུགས་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་གཤམས།

ཚའེ་ཆི་དང་། ཝང་དབྱི། དབྱིན་ལི། ཐེ་ཉིང་།ཧྲེ ན་གཡོད་གཡོད་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

ཁྲེན་དབྱི་ཆིན་གྱིས་མགོ་རྩོམ་མཛད་སྒོར་གཙོ་སྐྱོང་གནང་།


མཉམ་སྤྱོད།