དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཧྥུའུ་ཧྲན་དུ་མཇལ་འཛོམས་གནང་བ།

2025-10-30 15:33:21   |   144

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ལྷོ་ཁོ་རེ་ཡའི་ཧྥུའུ་ཧྲན་ནས་འབྱོར་བའི་གློག་འཕྲིན་འབྱོར། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ་རེད།

01.jpeg

ཞི་ཅིན་ཕིང་གིས་ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་པོས་རོགས་ཟླ་བྱེད་པ་དང་གྲོགས་པོ་བྱེད་པ་དེ་ནི་ལོ་རྒྱུས་ཀྱི་བློ་སྒོ་འབྱེད་པ་ཞིག་ཡིན་ལ་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་རེད། རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བས་མི་མཐུན་པའི་ཆ་ཁ་ཤས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་སྔོན་མ་གཉིས་ཡིན་པའི་ཆ་ནས་སྐབས་འགར་འགལ་བ་ཡོང་སྲིད་པ་དེ་ནི་རྒྱུན་ལྡན་ཞིག་རེད། རླུང་རླབས་དང་འགྲན་སློང་གི་མདུན་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁ་ཕྱོགས་སྟངས་འཛིན་ཡག་པོ་དང་སྤྱི་ཡོངས་ལ་ཁ་ལོ་བསྒྱུར་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་བརྟན་པོའི་ངང་མདུན་སྐྱོད་བྱེད་དུ་འཇུག་དགོས། ངས་མུ་མཐུད་དུ་ཙུང་ཐུང་ཐེ་རོན་ཕུ་དང་མཉམ་དུ་ཀྲུང་ཨའི་འབྲེལ་བར་རྨང་གཞི་བརྟན་པོ་ཞིག་འདིང་འདོད་ཡོད་ལ་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་ཀྱང་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་དང་། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་འཕར་ཚད5.2%ཟིན་ནས་གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད4%འཕར་བ་དེ་ནི་ཕྱི་ནང་གི་དཀའ་ངལ་ཁྱད་བསད་བྱས་ནས་མངོན་འགྱུར་བྱུང་བ་ཞིག་ཡིན་པས་ལས་སླ་པོ་ཞིག་མིན། ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་དང་། གཞི་ཁྱོན་དང་། མཉེན་ཤུགས། མི་མངོན་པའི་ནུས་ཤུགས་བཅས་ཆེ་ཙམ་ཡོད་པས་ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ཡིད་ཆེས་ཡོད་ལ་ནུས་པའང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འབྱུང་འགྱུར་ལོ5ཡི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ཀྱི་གྲོས་མགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ལོ་ངོ70ལྷག་གི་རིང་ལ། ང་ཚོས་འཆར་གཞི་ཞིག་མཐའ་འཁྱོལ་བ་དང་། རེ་རེ་བཞིན་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། སུ་ལ་འགྲན་སློང་དང་སུའི་ཚབ་བྱེད་འདོད་མེད་པར་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། རང་ཉིད་སྔར་ལས་ལེགས་པ་སྒྲུབ་པ། འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་པ་བཅས་བྱས་ཡོད། འདི་ནི་ཀྲུང་གོ་ལེགས་འགྲུབ་བྱུང་བའི་གསང་བ་གལ་ཆེན་ཞིག་ཡིན། ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། དེས་ཀྲུང་གོ་དང་ཨ་རིའི་མཉམ་ལས་ལ་དེ་བས་རྒྱ་ཆེ་བའི་བར་མཐོངས་གཏོད་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་པ་རེད།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པས་གནད་དོན་ཐག་གཅོད་བྱེད་པའི་ཐུན་མོང་གི་ངོས་འཛིན་ཞིག་ཆགས་ཡོད། ཕྱོགས་གཉིས་པོས་རྗེས་མཐུད་ལས་དོན་གང་མགྱོགས་ཞིབ་ཚགས་དང་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་གི་ངོས་འཛིན་སྲུང་སྐྱོང་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་དང་འཛམ་གླིང་དཔལ་འབྱོར་ལ་སེམས་བདེ་རིལ་བུ་ཞིག་སྟེར་དགོས། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ཉེ་དུས་ཀྱག་ཀྱོག་མང་པོ་བརྒྱུད་ཡོད་པས་ཕྱོགས་གཉིས་པོར་བློ་སྒོ་འགའ་ཤས་ཕྱེ་ཡོད། དཔལ་འབྱོར་ཚོང་དོན་དེ་ཀྲུང་ཨའི་འབྲེལ་བའི་རྨང་རྡོ་དང་སྐུལ་འདེད་འཕྲུལ་ཆས་སུ་འགྱུར་བར་བྱེད་དགོས་པ་ལས་བཀག་རྡོ་དང་རྩོད་གཞིར་བྱེད་མི་རུང་། ཕྱོགས་གཉིས་པོས་ཆེ་ཕྱོགས་ནས་བསམ་གཞིགས་བྱས་ནས་མཉམ་ལས་ལས་བྱུང་བའི་ཕུགས་ཀྱི་ཁེ་ཕན་ལ་མང་ཙམ་བལྟ་དགོས་པ་ལས་ཕན་ཚུན་འཁོན་ལན་སློག་པའི་འཁོར་རྒྱུག་ངན་པའི་གནས་སུ་ལྷུང་མི་རུང་། ཕྱོགས་གཉིས་པོས་འདྲ་མཉམ་དང་། བརྩི་འཇོག གཉིས་ཁེ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་མུ་མཐུད་དུ་གླེང་མོལ་བྱས་ཏེ་གནད་དོན་གྱི་གསལ་ཐོ་རྒྱུན་ཆད་མེད་པར་ཉུང་དུ་བཏང་ནས་མཉམ་ལས་ཀྱི་གསལ་ཐོ་རིང་དུ་གཏོང་དགོས་པ་བསྟན།

ཞི་ཅིན་ཕིང་གིས་གླེང་མོལ་བྱེད་པ་དེ་འགྲན་རྒོལ་ལས་ཡག་པོ་ཡོད། ཀྲུང་གོ་དང་ཨ་རིའི་དབར་གྱི་ཐབས་ལམ་ཁག་དང་རིམ་པ་ཁག་གིས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ཤེས་རྟོགས་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་གཉིས་པོས་ཁྲིམས་འགལ་གྱི་གནས་སྤོས་ཡུལ་མི་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བ་དང་། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པ། མིས་བཟོས་རིག་ནུས། འགོས་ནད་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལམ་ཡག་པོ་ཡོད་པས་ཁ་གཏད་སྡེ་ཚན་གྱིས་གླེང་མོལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཕན་མཉམ་ལས་བྱེད་དགོས། ཀྲུང་གོ་དང་ཨ་རི་གཉིས་ས་ཁུལ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་དགེ་མཚན་ལྡན་པའི་མཉམ་འགུལ་བྱ་དགོས། དེང་གི་འཛམ་གླིང་ལ་ད་དུང་དཀའ་གནད་མང་པོ་ཡོད་པས་ཀྲུང་གོ་དང་ཨ་རིས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་ཐུན་མོང་ཐོག་མངོན་པར་བྱས་ཏེ། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་དང་། བྱ་བ་དངོས་དང་བྱ་བ་བཟང་པོ་བཅས་མང་ཙམ་སྒྲུབ་ཆོག སང་ལོར། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གཙོ་གཉེར་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་། ཨ་རིས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་དབུ་ཚོགས་གཉིས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་བརྩོན་ལེན་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། 

ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནི་མི་རྣམས་ཀྱིས་བརྩི་བཀུར་བྱེད་པའི་རླབས་ཆེན་གྱི་མགོ་ཁྲིད་པ་ཞིག་ཡིན་ལ། ངའི་ལོ་མང་རིང་གི་གྲོགས་པོ་ཡག་པོ་ཞིག་ཀྱང་ཡིན་པས་ང་ཚོ་མཇལ་འཛོམས་ཧ་ཅང་ཡག་པོ་བྱུང་ཡོད།  ཨ་ཀྲུང་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡག་པོ་ཡོད་པ་དང་འབྱུང་འགྱུར་དེ་བས་ཡག་པོ་ཡོང་རྒྱུ་ཡིན་པས་ཀྲུང་གོ་དང་ཨ་རིའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་ནི་ཨ་རིའི་རོགས་ཟླ་ཆེ་ཤོས་ཡིན་པས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ན་འཛམ་གླིང་ཐོག་དོན་ཆེན་མང་པོ་སྒྲུབ་ཆོག་པ་དང་འབྱུང་འགྱུར་ཨ་ཀྲུང་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་ཡིན། ཀྲུང་གོས2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་ཨ་རིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་འཚོག་རྒྱུ་ཡིན་པས་ཕྱོགས་གཉིས་པོར་གྲུབ་འབྲས་ཐོབ་པ་མཐོང་འདོད་ཡོད། 

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱུན་གཏན་རང་བཞིན་གྱི་འགྲོ་འོང་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་བ་རེད། ཐེ་རོན་ཕུས་སང་ལོའི་སྔ་ཙམ་ཀྲུང་གོར་འཚམས་འདྲི་གནང་རྒྱུའི་རེ་སྒུག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲི་གནང་རྒྱུར་གདན་ཞུ་བྱ་རྒྱུ་ཡིན་ཞེས་གསུངས།

ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཛོམས་ལ་ཞུགས།


མཉམ་སྤྱོད།