དེ་རིང་ནི2025ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་ཀྱི་མི་རིགས་སྐད་ཡིག་ལས་དོན་སྤྱི་བཤད།

2025-12-22 16:28:15   |   1346

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཚུན་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་གཙོ་རྐང་དུ་བཟུང་སྟེ། མི་རིགས་སྐད་ཡིག་ལོ་ཙཱ་དང་སྐད་ཡིག་ཞབས་ཞུའི་ལས་དོན་སྒྲུབ་པར་བརྟེན། ཐུན་མོང་འདུ་ཤེས་གཅིག་སྒྲིལ་དང་། ཐུན་མོང་ངོས་འཛིན་འཕེལ་བ། བརྩེ་བ་ཇེ་ཟབ་ཏུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་ཞིང་། མཚོ་བྱང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་རྒྱུན་མཐུད་ཀྱི་སྒུལ་ཤུགས་བསྣན་ཡོད།

ཚོགས་ཆེན་གཉིས་ཀྱི་ཡིག་ཆ་ལོ་ཙཱ་བྱས་པ།

རང་སྐྱོང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་ཡིག་ཆ་སྟེ། 《སྲིད་གཞུང་ལས་དོན་སྙན་ཞུ》སོགས་ཡིག་འབྲུ་ཁྲི72ལྷག་ཙམ་ལོ་ཙཱ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་མི་རིགས་ཀྱི་སྐད་ཡིག་སྤྱད་དེ་སྲིད་ཞུགས་སྲིད་གླེང་གི་དབང་ཆ་ལོངས་སུ་སྤྱོད་པར་འགན་ལེན་བྱས་པ་དང་། ཏང་གི་སྲིད་ཇུས་གནད་སྨིན་ཤར་གཏོང་ཐུབ་པ་དང་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་ལམ་ལུགས་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ཡོད།

1.jpg

དཔེ་རྙིང་ལེགས་སྒྲིག་པར་སྐྲུན་བྱས་པ།

ཁྲིམས་ལུགས་དང་མཐུན་པའི་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་ལེགས་སྒྲིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཚོ་བྱང་ས་ཁུལ་དང་བོད་ཁམས་སྤྱི་ནས་གཡུང་དྲུང་བོན་གྱི་གནའ་དཔེ་མང་པོ་འཚོལ་སྡུད་བྱས་ཤིང་། འབྲེལ་ཡོད་མི་སྣ་མང་པོར་བློ་འདྲི་བྱས་ཏེ།《ཀླུ་འབུམ་དཀར་ནག་ཁྲ་གསུམ》《མ་སངས་འཕྲུལ་གྱི་ལྡེའུ་མོ》《ཨ་རྫོགས་སྙན་གསུམ།》《རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ》(པོད་བརྒྱད།)《གཤེད་འདུར》《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》སོགས་རིག་གཞུང་དང་རིག་གནས་ཀྱི་རིན་ཐང་ཆེ་བའི་གནའ་དཔེ་འཚོལ་སྡུད་དང་པར་སྐྲུན་བྱས་ལ། དེ་ཡིས་ཀྲུང་ཧྭ་རིག་གནས་ཀྱི་བང་མཛོད་ལ་ལེགས་སྐྱེས་ཕུལ་ཡོད་པ་མ་ཟད། བོད་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དབང་ཐང་ལྡན་པའི་ཡིག་ཆ་མཁོ་འདོན་བྱས་ཡོད་དེ། རིག་གནས་ཀྱི་གདེང་ཚོད་ཀྱང་ཇེ་མཐོར་བཏང་ཡོད།

དམངས་ཁྲོད་རིག་གནས་འཚོལ་སྡུད་བྱས་པ།

ལོ་མང་པོར་རྐང་ཚ་དང་མདོ་ལ། མདའ་བཞི། འཇུ་ལག་དཔའ་རིས་སོགས་ཀྱི་ཡུལ་སྡེ་མང་པོར་ཟབ་ཞུགས་བྱས་ཏེ། དམངས་གླུ་དང་ལ་གཞས།  གླུ་ཤགས། བཤད་པ། གཏམ་རྒྱུད། ཁེད་སོགས་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་ངག་རིག་རིག་གནས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱས་ཤིང་། དེ་དག་གི་གྲུབ་འབྲས་ལ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས》(ཁྱོན་དེབ་བཞི)དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་རིག་གནས་དཔེ་ཚོགས》(ཁྱོན་དེབ་བདུན)སོགས་དཔར་སྐྲུན་བྱས་ནས་དམངས་ཁྲོད་རྩོམ་རིག་གི་ཡར་རྒྱས་གོང་འཕེལ་ལ་ནུས་པ་གང་འཚམ་ཞིག་བཏོན་ཡོད།

3.jpg

ལས་མཁོའི་དཔེ་དེབ་སྒྲིག་སྒྱུར་བྱས་པ།

ལས་མཁོའི་དཔེ་དེབ་ནི་ཤེས་བྱ་དང་ཆ་འཕྲིན་འཚོལ་བཤེར་དུ་སྤྱོད་པའི་དེབ་ཀྱི་རིགས་ལ་ཟེར། གཞི་རིམ་གྱི་དགོས་མཁོ་དང་སྲིད་ཇུས་དྲིལ་སྒྲོག་གི་དགོས་མཁོ་བསྐང་ཆེད།《ཀྲུང་གོ་གུང་ཁྲན་ཏང་གི་ཁྲིམས་སྲོལ་ཕྱོགས་བསྒྲིགས》《ཏང་གི་ཚོགས་ཆེན་བཅོ་བརྒྱད་ཚུན་གྱི་སྲིད་དོན་མིང་བརྡ་ཕྱོགས་བསྒྲིགས》 《སྲིད་ཇུས་སྐོར་ཀྱི་བོད་རྒྱ་ཤན་སྦྱར་མིང་བརྡ་ཕྱོགས་བསྒྲིགས》《བཟའ་བཏུང་སྐོར་གྱི་མིང་བརྡ་ཕྱོགས་བསྒྲིགས》《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་ཕྱོགས་བསྒྲིགས》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་ཡིག་ཕྱོགས་བསྒྲིགས》《རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་མིང་མཛོད》《ཨ་མདོ་བོད་སྐད་ལས་བྱེད་པའི་ཀློག་དེབ》སོགས་ལས་མཁོའི་དཔེ་དེབ་དཔར་ནས་ཁུལ་རིམ་པའི་ལས་ཁུངས་སོ་སོ་དང་དམངས་ཁྲོད་དུ་འགྲེམ་སྤེལ་བྱས་ཡོད་ལ། རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དུས་རྒྱུན་གྱི་ལས་ཀའི་ཁྲོད་སྤྱོད་པར་སྟབས་བདེ་བཟོས་ཡོད།

4.jpg

མཚོ་བྱང་སྲིད་དོན་དཔར་འགྲེམ་བྱས་པ།

《མཚོ་བྱང་སྲིད་དོན》གྱི་བོད་ཡིག་པར་མ་ལོ་རེར་ཐེངས་བཞི་ལ་དཔར་འགྲེམ་བྱས་ཤིང་། རིམ་རྩིས་བྱས་ན་དེབ6000ལྷག་ཙམ་གཞི་རིམ་གྱི་དགོན་སྡེ་དང་སློབ་གྲྭ། གཞི་རིམ་སྲིད་གཞུང་སོགས་ལ་སྤྲད་པ་དང་། མང་ཚོགས་ལ་སྲིད་དོན་ཆ་འཕྲིན་ཐད་རྒྱུས་ལོན་ཡོད་པར་བྱས་ཏེ་སྲིད་གཞུང་གི་དབང་ཐང་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་བཏང་ཞིང་། མང་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐོབ་ཚོར་ཆེ་རུ་བཏང་ཡོད།

5.jpg

ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་བརྩམས་པ།

2023ལོའི་ཟླ8པར།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》རྩོམ་འབྲི་བྱེད་མགོ་བརྩམས་ཤིང་། དེབ་ནང་དུ་མཚོ་བྱང་ཁུལ་གྱི་སྲིད་འཛིན་སྡེ་བ་དང་རང་བྱུང་སྡེ་བ།  སྡེ་ཁུལ། གཞིས་ཁུལ། གྲོང་རྡལ་དང་ཡུལ་ཚོ།  གཞུང་ལམ། ཟམ་པ། ཆུ་མཛོད། རི་ཆུ་ལུང་པ་དང་གཙང་པོ་སོགས་ས་མིང3500ལྷག་ཡོད་ལ། ད་ལྟ་བརྡ་འགྲེལ་དང་བཅས་པ་རྩོམ་འབྲི་ལེགས་འགྲུབ་བྱུང་ཡོད། དེ་ཡིས་ས་ཁོངས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ལ་ཤུགས་སྣོན་བརྒྱབ་ནས་ལོ་རྒྱུས་དེ་མཉམ་འདྲེས་ཁྲོད་རྒྱུན་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

6.jpg

གསར་བརྗེའི་གསུང་རབ་ལོ་ཙཱ་བྱས་པ།

མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ས་ཡིན་པའི་ལེགས་ཆར་བརྟེན་ནས།《གུང་ཁྲན་ཏང་གི་བསྒྲགས་གཏམ》དང《མའོ་ཙེ་ཏུང་གི་སྙན་ཚིག་ཕྱོགས་བསྒྲིགས》སོགས་གསར་བརྗེའི་གསུང་རབ་ལོ་ཙཱ་བྱས་ཏེ་དཔེ་སྐྲུན་བྱས་ཤིང་། གསར་བརྗེའི་རིག་གནས་རྒྱ་ཁྱབ་ངང་དར་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་དམངས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་མཉམ་འདྲེས་བྱེད་པར་འགན་ལེན་བྱས།

7.jpg

གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པ།

《མཚོ་བྱང་ཁུལ་གྱི་གེ་སར་རིག་གནས》སོགས་ཆེད་རྩོམ་རྩོམ་སྒྲིག་བྱས་ཏེ། གེ་སར་གནའ་ཤུལ་དང་ངག་རྒྱུན་གསེད་བཀྲོལ་བྱས་པ་དང་།“གཟུགས་མེད་རིག་གནས་ཤུལ་བཞག+རིག་གནས་གནས་སྐོར”གྱི་བྱེད་སྟངས་ལ་བརྟེན་ནས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱས།

8.jpg

རྒྱ་བོད་ལོ་ཙཱའི་དུས་དེབ་གསར་དུ་བཏོན་པ།

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ལོ་ཙཱ་བྱེད་པར་དམིགས་ཏེ། རྒྱལ་ནང་གི་རྒྱ་བོད་ལོ་ཙཱའི་སྐོར་གྱི་དུས་དེབ་ཐོག་མ་སྟེ།《རྒྱ་བོད་ལོ་ཙཱ》(ལོ་ཕྱེད་དེབ)གསར་དུ་བཏོན་ཞིང་། རིག་གནས་གྱི་འབྲེལ་འདྲིས་འདྲེས་གསུམ་ལ་སྐུལ་འདེད་དང་། མི་རིགས་ཀྱི་ཐུན་མོང་བརྩེ་བ་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་སྐད་ཡིག་གི་རྨང་གཞི་དང་རིག་གནས་ཀྱི་རྩ་བ་བརྟན་པོར་བཟོས་ཡོད།

9.jpg

བརྡ་ཆད་ཞིབ་བཤེར་གཏན་འབེབས་ཚོགས་འདུ་འཚོགས་པ།

2024ལོར་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་བརྡ་ཆད་གསར་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་འགན་སྒྲུབ་བྱས་པ་དང་། དབང་ཐང་ལྡན་པའི་རིགས་གཅིག་མཁས་ཅན30ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཆབ་སྲིད་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་བརྡ་ཆད་གསར་པར་ཞིབ་བཤེར་གཏན་འབེབས་བྱས་ཏེ། བོད་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་རྒྱུའི་ཐད་མཚོ་བྱང་གི་སྐད་ཡིག་ཁྱབ་ཁོངས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།

10.jpg

བོད་སྐད་ཡིག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་གཞོལ་བ།

2022ལོའི་ཟླ12པའི་ནང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་ཚིགས་དངོས་སུ་གཉེར་མགོ་བརྩམས། མིག་སྔའི་བར། དྲ་ཚིགས་སུ་ཁྱོན་ཆ་འཕྲིན5462ལྷག་སྤེལ་ཡོད་པ་དང་། ཕལ་ཆེར་ལོ་རེར་ཆ་འཕྲིན1820ལྷག་སྤེལ་བཞིན་ཡོད། སྤྱིའི་ཀློག་གྲངས་ཉུང་རྩིས་བྱས་ནའང་ཁྲི800ལྷག་ཡོད། དེ་དང་ལྷན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་ཚིགས་ཀྱིAPPཏེ“མཚོ་བྱང་རང་སྒྲ”ཞེས་པ་གསར་བཟོ་བྱས་ཤིང་། ཨན་དྲོ་དང་ཀུ་ཤུའི་ཁ་པར་ནང་དུ་ཕབ་འཇུག་བྱེད་ཐུབ།

11.jpg

མདོར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནང་དུ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ལས་ཁུངས་ཀྱི་འགན་འཁྲི་དམ་འཛིན་བྱས་ཏེ། ཕྱོགས་ཁག་གི་ལས་དོན་དག་ལེགས་འགྲུབ་བྱུང་ཡོད། མ་འོངས་པར། ང་ཚོས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དེ་གཙོ་རྐང་དུ་བཟུང་སྟེ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་སྲོལ་ཡིག་ཁྲོད་གཏན་འབེབས་བྱས་པའི་འགན་འཁྲི་ལྟར། ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པར་མཚོ་བྱང་མི་རིགས་སྐད་ཡིག་གི་སྟོབས་ཤུགས་འབུལ་རྒྱུ་ཡིན།


མཉམ་སྤྱོད།