དེ་རིང་ནི2026ལོའི་ཟླ01པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་གནང་བའི2026ལོའི་ལོ་གསར་ཤིས་ཚིག

2025-12-31 21:51:42   |   126

རྩོམ་སྒྲིག    སངས་དོན།    ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།      བཤེར་འབེབས།   རིན་ཆེན་ཚེ་རིང་།


01.jpg

ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2026ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་གནང་ཡོད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།  

ལྷན་རྒྱས་སྐུ་ཁམས་བཟང་། དུས་ཀྱི་ཟོ་ཆུན་བར་མེད་འཁོར། བཀྲ་ཤིས་ཉམས་བཟང་ཡང་ཡང་འཆར། གནམ་ལོ་གསར་པ་འཆར་ལ་ཉེ་བའི་སྐབས་འདིར། ང་རང་གིས་པེ་ཅིང་ནས་ལྷན་རྒྱས་ཚང་མར་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།  

2025ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན། ལོ5ཡི་ནང་། ང་ཚོས་དཀའ་སྤྱད་འབད་འབུངས་དང་ཞུམ་མེད་མདུན་སྐྱོད་བྱས་ཐོག དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ཁྱད་དུ་བསད་དེ། དམིགས་འབེན་ལས་འགན་ཁག་ལེགས་པར་བསྒྲུབས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་རྒྱུན་མཐུད་ངང་འགག་སྒོ་གསར་པ་ལས་མཆོང་བརྒལ་ཐུབ་ཡོད་ཅིང་། ད་ལོ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི140ཟིན་རྒྱུ་དང་། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ། སྔོ་ལྗང་རི་ཆུ་ནི་བཀྲག་མདངས་འཚེར་བའི་གཞི་མདངས་སུ་གྱུར་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ལོ5ཡི་བརྒྱུད་རིམ་ནི་ཆེས་སྤྱིར་བཏང་མིན་ལ། དེའི་རིང་གི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ཚང་མས་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་ལེགས་སྐྱེས་ཕུལ་ནས། དར་རྒྱས་གོང་དུ་འཕེལ་བའི་ཀྲུང་གོའི་རྣམ་པ་འདི་བཏོད་ཡོད། ང་རང་ནས་དཀའ་སྤྱད་ལེགས་སྐྱེས་འབུལ་མཁན་གྱི་འབད་འཐབ་པ་མི་རེ་ངོ་རེར་གུས་འདུད་ཞུ་རྒྱུ་ཡིན། 

ལོ་འདིར། ཆེས་བརྗེད་པར་དཀའ་བ་ནི་ང་ཚོས་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། ཐའེ་ཝན་བསྐྱར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་མཛད་སྒོ་ཆེན་མོ་རྔམ་བརྗིད་ལྷག་ཏུ་ཆེ་ཞིང་། རྒྱལ་ཁའི་གཟི་བརྗིད་ཇི་སྲིད་བར་དུ་ལོ་རྒྱུས་དེབ་ཐེར་ནང་འཁོད་རྒྱུ་དང་། དེ་དག་གིས་ཀྲུང་ཧྭའི་བུ་ཕྲུག་རྣམས་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པར་བྱ་རྒྱུ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་རྒྱུ། ཞི་བདེར་གཅེས་འཛིན་བྱ་རྒྱུ། མ་འོངས་གསར་འབྱེད་བྱ་རྒྱུ་བཅས་ལ་སྐུལ་མ་ཐེབས་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཆེད་འཛད་མཐའ་མེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་ཐུབ་རྒྱུ་རེད།  

ང་ཚོས་གསར་སྐྲུན་ལ་བརྟེན་ནས་སྤུས་མཐོའི་གོང་འཕེལ་ལ་ནུས་ཤུགས་འདོན་སྤྲོད་བྱས་ཡོད། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་ཤིང་། གསར་གཏོད་ཀྱི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་དང་། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་མོ་གཅིག་ལ་གཅིག་འགྲན་ངང་ཐོན་པ། ཉིང་ལྷེབ་རང་བརྟེན་ཞིབ་འཇུག་གསར་སྤེལ་ཐད་འགག་གཏོར་གསར་པ་ཐུབ་པ། རང་རྒྱལ་འདི་ཉིད་གསར་སྐྲུན་ནུས་ཤུགས་གོང་འཕེལ་མགྱོགས་ཤོས་ཀྱི་དཔལ་འབྱོར་མ་ལག་གི་གྲས་ཤིག་ཏུ་གྱུར་ཡོད། གནམ་འདྲི་གཉིས་པ་རྟགས་ཅན་གྱིས་རྒྱུ་སྐར་འཚོལ་ཞིབ་ཀྱི་འགྲུལ་བཞུད་འགོ་བརྩམས་པ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་འཛུགས་སྐྲུན་འགོ་བརྩམས་པ། གློག་ཁབ་ལེན་ལྡེམ་འཕེན་རྣམ་པའི་དམག་གྲུ་ཨ་མ་དང་པོ་དེ་དངོས་སུ་རུ་ཞུགས་བྱས་པ། མི་དབྱིབས་འཕྲུལ་མིས“དྲག་རྩལ་ངོམས་པ་”དང་། མི་མེད་གནམ་གྲུས“ཚོན་ལྡན་ཤོག་སྦག”སྤོར་བའི་འཁྲབ་སྟོན་བྱས་ཡོད། གསར་སྐྲུན་གསར་གཏོད་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱས་ཡོད་ལ། འཚོ་བ་དེ་བས་ཀྱང་སྣ་མང་ཕུན་སུམ་ཚོགས་སུ་བཏང་ཡོད།  

ང་ཚོས་རིག་གནས་ལ་བརྟེན་ནས་བསམ་པའི་ཁྱིམ་གཞིས་བསྐྱངས་ཡོད། རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཚ་རླབས་འཕྱུར་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་དར་སྲོལ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། འཛམ་གླིང་ཤུལ་བཞག་མིང་གཞུང་ནང་ཁོངས་གཏོགས་གསར་པ་བསྣན་པ། ཝུའུ་ཁུང་དང་ནེ་ཀྲ་འཛམ་གླིང་ཡོངས་ལ་སྐད་གྲགས་ཆོད་པ། གནའ་ཉམས་རྒྱལ་སྲོལ་ན་གཞོན་ཚོའི་སེམས་ཁོངས་ཀྱི་རྩེར་སོན་མཛེས་ཆོས་ལ་གྱུར་བ། རིག་གནས་ཡུལ་སྐོར་ཁྲོམ་རའི་འདུ་འཛི་ཤིན་ཏུ་ཆེ་བ། གྲོང་ཁྱེར་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཁྲུག་ཆ་ཧ་ཅང་དོད་པ། གངས་འཁྱགས་ལུས་རྩལ་གྱིས་དགུན་དུས་ཀྱི་སྤྲོ་སྣང་འཕེལ་བར་བྱས་པ། སྲོལ་རྒྱུན་དང་དེང་རབས་མཉམ་དུ་འདྲེས་པ་ཡིས། ཀྲུང་ཧྭའི་རིག་གནས་ལས་དེ་བས་བཀྲག་མདངས་ལྡན་པའི་འོད་སྣང་འཚེར་ཡོད།  

ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་མཉམ་སྤྱོད་བྱས་ཡོད། ང་རང་བོད་ལྗོངས་དང་ཤིན་ཅང་དུ་ཕྱིན་ནས་རྟེན་འབྲེལ་བྱེད་སྒོར་ཞུགས་པ་ཡིན། གངས་ལྗོངས་ས་མཐོ་ནས་ཐེན་ཧྲན་རི་བོའི་ལྷོ་བྱང་བར། མི་རིགས་ཁག་གི་མང་ཚོགས་རྣམས་གཅིག་སེམས་གཅིག་སྒྲིལ་དང་། སེ་འབྲུའི་འབྲུ་གུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་ལ་འགྲིལ་ཞིང་། ཚང་མས་དཀར་ཞིང་གཙང་བའི་ཁ་བཏགས་དང་སྤྲོ་སེམས་འཁོལ་བའི་གླུ་གར་ལ་བརྟེན་ནས། མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་བདེ་སྐྱིད་འཚོ་བར་ཕུལ་བའི་གུས་བསྟོད་མཚོན་པར་བྱས་ཡོད། དམངས་ཀྱི་འཚོ་བར་དོན་ཆུང་ཟེར་བ་མེད། ཆུང་ཙག་ཐམས་ཅད་བརྩེ་བ་བཅངས་ནས་སྒྲུབ། འདས་ཟིན་པའི་ལོ་གཅིག་ནང་། གསར་དུ་ལས་ཀར་ཞུགས་པའི་མི་ཚོགས་ཀྱི་ཁེ་དབང་ལ་འགན་སྲུང་སྔར་ལས་ལྷག་པ་ཐོབ་ཡོད་པ་དང་། རྒན་རྒོན་ལ་འཚམ་པའི་བསྒྱུར་བཟོ་ལེགས་བཅོས་ཀྱིས་རྒན་རྒོན་རྣམས་ལ་སྟབས་བདེ་བསྐྲུན་ཡོད་པ། བུ་གསོའི་ཁྱིམ་ཚང་ལ་ཟླ་རེར་སྒོར300ཡི་ཁ་གསབ་རག་པ། ཇ་མར་ཚྭ་བུལ་དང་། ཉིན་རེའི་ལྟོ་ཐུན་གསུམ་གྱི་སྐབས་ཁྱིམ་ཚང་ཆུང་ཆུང་རེ་རེར་ཚ་སོབ་སོབ་ཀྱི་རྣམ་པས་ཁེངས་ཤིང་། དེ་ལས་ཀྲུང་གོ་ཞེས་པ་ཁྱིམ་ཚང་ཆེན་མོ་འདི་ཡི་ཉིན་བཞིན་གྲ་རྒྱས་ཕུན་སུམ་ཚོགས་སུ་འགྲོ་བའི་འཚོ་བ་མངོན་ཡོད།  

ང་ཚོས་མུ་མཐུད་བློ་རྒྱ་ཡངས་པོས་འཛམ་གླིང་ལ་ཕྱོགས་ཡོད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་དང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་བདེ་བླག་ངང་གཉེར་བ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་གླིང་ཕྲན་ཡོངས་སུ་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་བྱས་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་དེ་བས་ལེགས་པ་གཅོག་ཆེད། རང་རྒྱལ་གྱིས་རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་ཁྱབ་བསྒྲགས་བྱས་ཡོད། གྲོས་འགོ་ཆེན་པོ་གསུམ་གྱི་རྗེས། ང་རང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་ནས། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། དེང་གི་འཛམ་གླིང་ནི་འགྱུར་ལྡོག་དང་ཟང་ཟིང་སྣོལ་འདྲེས་སུ་གནས་ཤིང་། ས་ཁུལ་འགའ་རེ་སྔར་བཞིན་དམག་འཁྲུག་གི་དུ་ཞག་ཁྲོད་གནས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དེར་ལངས་ནས། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་འཛམ་གླིང་ཞི་བས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

 མི་རིང་བའི་གོང་། ང་རང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་ཡིན། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཆ་གསུམ་སེམས་མཐུན་མཉམ་སྐྱོད་བྱེད་པ་དེ་ནི་མི་རྣམས་དགའ་འོས་པ་ཞིག་རེད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ཁྲོད་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཡུན་རིང་དར་རྒྱས་བརྟན་བརླིང་རྒྱུན་འཁྱོངས་བྱ་དགོས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ནི་ཤ་ཁྲག་གཅིག་ཏུ་འདྲེས་ཤིང་། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ནི་འགོག་ཐབས་མེད་པ་ཞིག་རེད།  

ཏང་དར་ན་ད་གཟོད་རྒྱལ་ཁབ་སྟོབས་ཆེར་འགྱུར། ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཞིང་། ང་ཚོས་ཁ་དན་ཚིག་གནས་ཀྱི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱས་པ་དང་།  རུལ་སེལ་སྟོབས་བསྐྱེད་ཀྱི་ཐོག་ནས་རང་ངོས་གསར་བརྗེར་སྐུལ་འདེད་བཏང་བས། ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་དང་། རྒྱུན་སྲིང་ལྷོད་མེད་དང་ཡུན་རིང་བྱས་རྗེས་འཇོག་པའི་ཐོག་ནས། ཡན་ཨན་གྱི“ས་ཕུག་གི་དྲི་བ”ལ་མུ་མཐུད་ལན་ཡག་པོ་འདེབས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་དྲི་ལན་འདེབས་དགོས།  

2026ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་འཛུགས་པའི་ལོ་ཡིན། འགོ་འཛུགས་ཤེས་མཁན་གྱིས་མཇུག་འབྲས་ལ་བསམ་བློ་གཏོང་ངེས་པ་དང་། མི་བྱས་པ་ཅན་གྱིས་ཇུས་བཟང་སྔོན་ནས་འདིང་བར་བྱེད། ང་ཚོས་དམིགས་འབེན་ལས་འགན་གཏན་འཁེལ་བྱས་ཐོག  ཡིད་ཆེས་བརྟན་གཏོང་དང་བབ་བསྟུན་མདུན་སྐྱོད་ཀྱིས། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ངོ་མཚར་གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།  

ཕུགས་འདུན་ཆེན་པོ་སྙེག་སྐབས། ལམ་ཐག་རིང་བ་མི་ཚོར། མདུན་ལམ་ཀྱག་ཀྱོག་ཆེ་ཡང་། གོམ་ཞེང་ཆེན་པོས་བསྐྱོད་ཆོག ང་ཚོས་རྟ་རྒོད་ལྕག་གིས་སྐུལ་བའི་དཔའ་སྟོབས་འཆང་བ་དང་། གྱི་ལིང་བང་རྩལ་འགྲན་པ་ལྟར་གྱི་གསོན་ཤུགས་འཕེལ་བར་བྱས་ཐོག རྟ་མཆོག་བཞིན་རྒྱུག་མཚམས་མི་འཇོག་པའི་བརྩོན་སེམས་ཐོག་ནས། མཉམ་དུ་ཕུགས་འདུན་གྱི་ཆེད་དུ་འབད་འཐབ་དང་། བདེ་སྐྱིད་ཀྱི་ཆེད་དུ་འབད་འབུངས་བྱས་ཏེ། བརྗིད་ཆེའི་ཕུགས་འདུན་དག་བདེ་སྐྱིད་ལྡན་པའི་དོན་དངོས་ལ་འགྱུར་བར་བྱེད་དགོས།  

ལོ་གསར་པའི་ཉི་གཞོན་འཆར་ལ་ཉེ། མེས་རྒྱལ་གྱི་རི་ཀླུང་རྔམ་བརྗིད་མཛེས་སྡུག་ལྡན་པ་དང་། ས་གཞི་ཆེན་མོ་འབྱོར་ཕྱུག་དཔལ་དང་ལྡན་པ། ཀྲུང་ཧྭའི་ས་གཞིར་སྐྱེ་སྟོབས་གསོན་ཤུགས་རྒྱས་པ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་དང་། ལྷན་རྒྱས་ཐུགས་སེམས་སྤྲོ་པོ་དང་། མཛད་འཕྲིན་ལེགས་གྲུབ། བསམ་དོན་ལྷུན་གྲུབ་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།



མཉམ་སྤྱོད།