དེ་རིང་ནི2026ལོའི་ཟླ01པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་ཆབ་སྲིད་ཅུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

2026-01-09 10:53:45   |   51

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ1ཚེས8ཉིན་གྱི་ཉིན་གང་བོར་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་ལ་གསན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུར་གསན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།

གྲོས་ཚོགས་ཐོག ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུར་གསན་པ་ནི་ཏང་གི་མགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་ཁག་དང་ཕྱོགས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་། རང་རྒྱལ་གྱི་གོང་འཕེལ་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་ཡོད་པ་དང་། ལས་ཀའི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗི་བས། ཏང་གི་མགོ་ཁྲིད་ཀྱི་ལེགས་ཆ་ཆེས་ཆེ་ཤོས་འདི་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་། བེད་སྤྱོད་ཡག་པོ་བྱེད་པ། གོང་འཕེལ་ཡག་པོ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་རྩ་བའི་འགན་ལེན་བྱ་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་འགན་འཁྲི་བསྒྲུབས་ཤིང་། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པས། ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པའི་ངོས་འཛིན་བྱས་ཡོད།

གྲོས་ཚོགས་ཐོག འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་དབྱང་ཆབ་སྲིད་ཅུ་དང་ཀྲུང་དབྱང་ཆབ་སྲིད་ཅུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་བ་དང་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ལེགས་སྒྲུབ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། མང་ཚོགས་ཚོགས་པའི་ལས་དོན་ལ་མཛུབ་ཁྲིད་སྐུལ་འདེད་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་པའི་ངོས་འཛིན་བྱས་ཡོད།

གྲོས་ཚོགས་ཐོག ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བའི་ལོ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་ལོ་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “ཡིད་རྟོན་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འཐབ་ཇུས་ལས་འགན་གལ་ཆེན་གཏན་འཁེལ་བྱས་ཐོག འདུན་པ་གཅིག་གྱུར་དང་མཉམ་ཤུགས་ཆགས་པར་བྱེད་པ་དང་། ཁྱབ་ཁོངས་ཁག་གི་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་ནས། འབད་བརྩོན་ཆེན་པོས་མགོ་ཡག་པོ་རྩོམ་ཐུབ་པ་བྱ་དགོས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་འབྲས་འདོན་རྒྱུ་དང་ལག་ལེན་དངོས་ལ་བརྟེན་ནས་སྲིད་སྐྱོང་བྱས་འབྲས་འདོན་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ་དང་། རང་ངོས་གསར་བརྗེའི་རང་རྟོགས་རང་བཞིན་དང་བརྟན་པོའི་རང་བཞིན་ཏན་ཏིག་ངང་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག ལོ་གསར་པའི་ནང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཀྲུང་དབྱང་ཆབ་སྲིད་ཅུ་དང་ཀྲུང་དབྱང་ཆབ་སྲིད་ཅུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་དམིགས་ཏེ། འགན་འཁྲིར་གཞི་རྐང་ཚུགས་ནས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་སྤེལ་བ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ། ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་དང་སྒྱུར་བཅོས་བྱེད་པ། ཕྱི་ཚུལ་རིང་ལུགས་རྒྱུན་ཆད་མེད་པར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་འཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ཐད་མཛུབ་ཁྲིད་བྱ་རྒྱུར་དམ་འཛིན་བྱས་ཏེ། སྤུས་ཚད་མཐོ་པོའི་སྒོ་ནས་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཁག་ལེགས་འགྲུབ་ཐུབ་པ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།


མཉམ་སྤྱོད།