དེ་རིང་ནི2026ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྥེང་གིས་སྐབས་གསར་བའི་སྡེ་བའི་ཧྲུའུ་ཅི་རྣམས་ལ་འཆད་ཁྲིད་གནང་།

2026-03-19 09:13:33   |   46

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དཔྱིད་རླུང་འཇམ་པོས་ཐོག་མའི་བསམ་འདུན་སྲུང་། འགན་འཁྲི་གསར་བས་བགྲོད་ལམ་གསར་བ་གཏོད། ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་བརྗོད་དོན་བྱས་ཏེ་ཁུལ་ཡོངས་ཀྱི་སྐབས་གསར་བའི་སྡེ་བའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི242ལ་འགན་འཁྲི་སྒྲུབ་པའི“སློབ་ཚན་དང་པོ”ཁྲིད་དེ་བསམ་བློ་བརྒྱུད་སྤྲོད་དང་བྱ་ཐབས་ཁྲིད་སྟོན། ཁ་ཕྱོགས་གསལ་པོ། ངར་ཤུགས་ཆེར་བསྐྱེད་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱས་པ་བརྒྱུད་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བ། ཧུར་བརྩོན་ཆེན་པོས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་ཆེད་གཞི་རིམ་གྱི་མཉམ་ཤུགས་སྟོབས་ཆེན་གཅིག་ཏུ་བསྒྲིལ་ཡོད།

ཁ་ཕྱོགས་གསལ་བོར་རྟོགས་ཏེ་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲིད་འབྲས་གནས་ཚད་གཞི་རྩར་འཛིན་དགོས།

"སྲིད་འབྲས་བཟང་མི་བཟང་དེ་ཐོག་མར་ཁ་ཕྱོགས་ཡང་དག་ཡིན་མིན་ལ་བལྟ་དགོས་པ་དང་། ཁ་ཕྱོགས་ཡང་དག་ཡིན་མིན་གྱི་འགག་རྩ་ནི་ཁུལ་གྱི་གནས་ཚུལ་དངོས་གསལ་རྟོགས་ཐུབ་མིན་ལ་བལྟ་དགོས།"ཞེས་པའི་ཚིག་འདི་གླེང་ཞོར་སློབ་ཁྲིད་ཀྱི་མགོ་དངོས་སུ་བརྩམས་པ་དང་། ཧྲུའུ་ཅི་ཀྲང་ཧྥེང་གིས་བབ་ཆགས་ལ་གཏིང་ཟབ་པའི་སྐད་ཆའི་ཐོག་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པའི་ལྟེ་བའི་དོན་སྙིང་གསལ་སྟོན་གནང་། ཁོས་ནན་གྱིས་བསྟན་དོན། "མཚོ་བྱང་གི་ཁྱད་ཆོས་དང་མཚོ་བྱང་གི་མཛེས་སྡུག མཚོ་བྱང་གི་དཀའ་སྡུག མཚོ་བྱང་གི་དངོས་སྒྲུབ"བཅས་གནད་ལ་འཁེལ་བའི་སྒོ་ནས་ནང་བྱན་ཆུད་པར་བྱས་ཏེ། རྨང་གཞི་མཐིལ་རྟོགས་དང་དགེ་མཚན་གསལ་རྟོགས། ཞན་ཆ་ཡང་དག་བཙལ་ན་ད་གཟོད་བྱ་བ་སྒྲུབ་ན་མང་ཚོགས་ཀྱི་འདོད་ཐོག་ཏུ་འགྲོ་ཐུབ་པ་དང་། སྲིད་འབྲས་དེས་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་ཟེར།

རྟོག་ཞིབ་གཏིང་ཟབ་བྱས་པའི་མྱོང་ཚོར་ངོ་མ་དང་ཟུང་འབྲེལ་བྱས་ཏེ། ཧྲུའུ་ཅི་ཀྲང་ཧྥེང་གིས་གཞི་རིམ་ཧྲུའུ་ཅི་ཡོངས་ལ་གསོན་ཉམས་དོད་པའི་མཚོ་བྱང་འཕེལ་རྒྱས་ཀྱི་པར་རིས་རགས་བྲིས་གནང་། མཚོ་བྱང་ནི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་འབྱུང་གནས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འདེམས་སྒུག་ས་ཁུལ་དུས་གཅིག་ཏུ་ཐེག་ཐུབ་པའི་རང་སྐྱོང་ཁུལ་ཁོ་ན་ཡིན། གསར་བརྗེའི་ནང་དོན་གཏིང་ཟབ་པ་དང་། སྐྱེ་ཁམས་ཀྱི་ལྷན་ནུས་ཐུན་མོང་མ་ཡིན་པ། ཐོན་ཁུངས་ཀྱི་དགེ་མཚན་འབུར་དུ་ཐོན་པ་བཅས་ནི་རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་གཏིང་ཤུགས་གནས་ས་དང་རྨང་གཞི་གནས་ས་ཡིན་ཟེར། དེ་དང་ཆབས་ཅིག་ཁོས་དངོས་ཐོག་བདེན་འཚོལ་གྱིས་མིག་སྔའི་འཕེལ་རྒྱས་ལ་གཙོ་ཁྲིད་ཐོན་ལས་ཀྱི་འདེགས་སྐྱོར་མི་འདང་བ་དང་། ཐོན་ལས་སྦྲེལ་ཐག་ཐུང་བ། བོད་ལུག་དང་ནོར་གནག"སྤུས་ལེགས་ཡིན་ཡང་རིན་གོང་མི་མཐོ་བ།" གཞི་རིམ་གྱི་བྱ་བའི་སྟོབས་ཤུགས་ཞན་པ་སོགས་ཀྱི་དངོས་ཡོད་དཀའ་གནད་ལ་འཕྲད་ཡོད་པ་བསྟན་པར་མ་ཟད། མདའ་བཞིའི་འབྲོག་པས་རྒྱལ་སྲུང་བྱ་གཞག་གི་ཆེད་དུ་རང་ཁྱིམ་བློས་བཏང་བ་དང་ཚང་མ་རང་འགུལ་ངང་སྤྱི་ཡོངས་གནས་སྤོ་བྱས་པ། "མདེལ་གཉིས་སྐར་གཅིག"གི་བྱས་རྗེས་ཆེན་པོ་འཇོག་མཁན་དག་གསེར་དངུལ་ཐང་དུ་རྩ་བ་ཚུགས་ནས་སྨྲ་བ་མེད་པར་ལེགས་སྐྱེས་ཕུལ་བ་དང་རང་ལུས་ལ་བརྟེན་ནས་རྒྱལ་ཁབ་སྲུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བསྒྲག་ནས་ཚང་མར་ཁུལ་གྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། དཀའ་སྤྱད་མདུན་སྐྱོད་དང་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པར་སྐུལ་མ་གཏོང་དགོས་ཟེར།

ད་ལོར་སྡེ་བའི(སྡེ་ཁུལ)"ཨུ་ལྷན་གཉིས"སྐབས་བརྗེས་བྱས་རྗེས་ཀྱི་རྗེས་གྲབས་ལས་བྱེད་པ་དང་སློབ་ཆེན་སློབ་མའི་རྐང་འཛིན་པ་འབོར་ཆེན་ཞིག་སྡེ་བའི(སྡེ་ཁུལ)"ཨུ་ལྷན་གཉིས"ཀྱི་འགན་འཁུར་བ་གཙོ་བོའི་ལས་གནས་ཐོག་བསྐྱོད་དེ་འགན་འཁྲི་ཡང་དག་སྒྲུབ་པ་དང་གྲོང་གསེབ་དར་སྤེལ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་ཚང་མའི་ཐུན་མོང་གི་འདོད་བློ་ཡིན་པས་ཧྲུའུ་ཅི་ཀྲང་ཧྥེང་གི་ཆེད་དོན་སློབ་ཁྲིད་སྐབས་དང་ཏག་ཏག་འཁེལ་བ་དང་གནད་སྨིན་ནུས་པ་སྦྱིན་ཡོད། ཁོས་ཚང་མར་སྲིད་འབྲས་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་དཀའ་ངལ་ལ་དོ་སྣང་དང་། སྐྱིད་ཉལ་མི་རྒྱག་པ། སྒྱིད་ལུག་མི་བྱེད་པ་བཅས་བྱེད་དགོས་ལ། དགེ་མཚན་ལ་དེ་ལས་ཀྱང་བརྟེན་པ་དང་། གསར་གཏོད་བྱེད་ཕོད་པ། འགག་སྒྲོལ་བྱེད་ཐུབ་པ་བཅས་བྱས་ཏེ། གསར་གཏོད་ཀྱི་བསམ་གཞིགས་ལ་བརྟེན་ནས་སྔར་ལམ་ལ་ཞེན་ཆགས་པ་མེད་པར་བཟོ་བ་དང་། དངོས་དོན་གཉེར་བའི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགག་རྩ་གཏོར་ཏེ་མཚོ་བྱང་གི་ཐོན་ཁུངས་དགེ་མཚན་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དང་ཁེ་ཕན་ཐོབ་པའི་འཕེལ་རྒྱས་ཀྱི་ལེགས་ཆ་རུ་སྒྱུར་དགོས་པའི་མངགས་བཅོལ་གནང་།

མ་མཐའི་མཚམས་ཐིག་སྲུང་སྟེ་གུས་ཞུམ་གྱི་བསམ་པ་བརྟན་སྲུང་དང་སྲིད་འབྲས་རྨང་གཞི་བརྟན་པོ་བསྐྲུན་དགོས།

“སྲིད་འབྲས་ནི་ཁ་གཡང་ཙམ་མ་ཡིན་པར་བསྒྲུབས་ནས་ཐོབ་པའི་བྱས་རྗེས་ཤིག་ཡིན་པ་དང་། གོང་རིམ་ལ་བལྟ་རུ་འཇུག་པའི‘ངོ་སོའི་བཟོ་གྲྭ’ཞིག་མིན་པར་མང་ཚོགས་ལ་ཕན་པ་ཐོབ་པའི‘དམངས་སེམས་བཟོ་གྲྭ’ཞིག་ཡིན”ཞེས་པའི་ཧྲུའུ་ཅི་ཀྲང་ཧྥེང་གི་སྐད་ཆའི་ཡིག་འབྲུ་རེ་རེ་མི་སེམས་ཀྱི་གཏིང་ལ་བཞག་ཡོད་ཅིང་སྲིད་འབྲས་ལྟ་བ་ཡང་དག་གི་ངོ་བོ་དམར་རྗེན་དུ་བཤད་དོན། ཁོས་ནན་གྱིས་བསྟན་དོན། གཞི་རིམ་ལས་བྱེད་པས་སྲིད་འབྲས་ལྟ་བ་ཡང་དག་ལག་བསྟར་སྐབས་ཀྱི་བྱ་ཐབས་ཨང་དང་པོ་ནི་མ་མཐའི་མཚམས་ཐིག་སྲུང་རྒྱུ་དང་རྟག་ཏུ་གུས་ཞུམ་རྒྱུད་ལ་སྐྱེས་རྒྱུ་དེ་ཡིན། དེ་ནི་འགན་འཁྲི་སྒྲུབ་པའི་རྩ་བའི་བརྩི་སྲུང་ཡིན་ལ་བྱ་བ་སྒྲུབ་པའི་ལས་གཏོད་ཀྱི“སྲུང་རྟགས”དེ་བས་ཀྱང་ཡིན་ཟེར།

“ལོ་རྒྱུས་ལ་བརྩི་འཇོག་དང་ལོ་རྒྱུས་ལ་གུས་ཞུམ། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་གུས་ཞུམ། ཆོས་ཉིད་ལ་བརྩི་འཇོག་དང་ཆོས་ཉིད་ལ་གུས་ཞུམ། མི་དམངས་ལ་བརྩི་འཇོག་དང་མི་དམངས་ལ་གུས་ཞུམ”བཅས་ལ་དམིགས་ནས་ཁོས་གཞི་རིམ་ཧྲུའུ་ཅི་རྣམས་ལ་ལས་སྒྲུབ་ལས་གཏོད་ཀྱི“མ་མཐའི་མཚམས་ཐིག”གཏན་འཁེལ་བྱས། ལོ་རྒྱུས་ལ་གུས་ཞུམ་བྱེད་པ་ནི་གསར་བརྗེའི་རྒྱུན་འཛིན་བློ་ལ་བརྟན་པོར་ངེས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་། རང་འགུལ་ངང“མགོ་ཁྲིད་གསར་པས་རྩིས་ཐོ་རྙིང་བར་ཁ་ཡ་བྱེད་པའི”འགན་འཁྲི་འཁུར་ཏེ། བརྩེ་སེམས་ལྷད་མེད་ཀྱིས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་སེལ་ནས། སྔོན་རབས་པའི་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་། རང་བྱུང་ཁམས་ལ་གུས་ཞུམ་བྱེད་པ་ནི་སྐྱེ་ཁམས་ཀྱི་མ་མཐའི་མཚམས་ཐིག་བརྟན་བརྩི་སྲུང་བྱས་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ལག་བསྟར་བྱས་ཏེ་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་ཡོལ་བརྟན་སྲུང་བྱས་ནས་མཚོ་བྱང་གི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱས་སུ་འཇུག་དགོས། ཆོས་ཉིད་ལ་གུས་ཞུམ་བྱེད་པ་ནི་དངོས་ཐོག་བདེན་འཚོལ་དང་ཏན་ཏན་ཏིག་ཏིག་གིས་དམངས་ཀྱི་རྒྱུ་དང་ངལ་བར་གནོད་པའི་གཟུགས་བརྙན་བཟོ་གྲྭ་དང་ཡོས་ལོའི་འབྲུ་སྟག་ལོར་ཟ་བའི་དུས་ཐུང་གི་བྱ་སྤྱོད་མི་སྤེལ་བར་གོམ་པ་རེ་རེ་བཞིན་འཕེལ་རྒྱས་ཀྱི་ལམ་བུར་བརྟན་པོ་དང་ཏན་ཏིག་གིས་སྐྱོད་དགོས་པ་དེ་ཡིན། མི་དམངས་ལ་གུས་ཞུམ་བྱེད་པ་ནི་མང་ཚོགས་ལ་རྩ་བ་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་དེ་ཡིན། སྟོང་མདའ་སྡེ་བའི་ཏང་ཀྲི་པུ་ཧྲུའུ་ཅི་ཉིའུ་ཧྲེང་ཡིའུ་དང་འདྲ་བར“ནོར་ལུག་དང་ས་ཞིང་འདེབས་འཛུགས། ཤ་མོ་འདེབས་འཛུགས།གནས་སྐོར་ལས་རིགས་བཅས་ཀྱི་དངོས་བྲིས་བསྟན་བཅོས”ཡག་པོར་ཀློག་པ་དང“དོན་ཆུང་ས”ནས“དམངས་འཚོ་ཆེན་པོ”ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་སེམས་ལ་བཟུང་སྟེ་ངེས་པ་དོན་གྱིས་ཐག་གཅོད་བྱེད་དགོས།

ས་གནས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་དང་དངོས་སྒྲུབ་ཀྱི་བྱ་བའི་མཛུབ་ཁྲིད་ཀྱིས་ཡུལ་དངོས་སུ་ཡོད་པའི་སྡེ་བའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ངར་ཤུགས་ཆེན་པོ་འཕེལ་ཡོད། འཇུ་ལག་རྫོང་བྱང་རི་ཡུལ་ཚོ་གྲུམ་པ་ཐང་ཞོལ་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ཧུའེ་ཡིས་ཚོར་སྣང་ཟབ་མོའི་ངང་ཚང་མའི་སེམས་གཏིང་གི་སྐད་ཆ་བཤད་པར། "ཧྲུའུ་ཅིས་སློབ་ཁྲིད་གནང་བ་དེས་ང་ཚོར་བྱ་བའི་ཁྲོད་སོམ་ཉིའི་དྲ་བར་ཚུད་པ་གསལ་སྟོན་བྱས་ཡོད་ལ་ང་ཚོར་བྱ་བ་སྒྲུབ་པའི་གཏིང་ཤུགས་ཀྱང་འདང་ངེས་ཤིག་སྦྱིན་ཡོད་པས'མགོ་ཁྲིད་གསར་པས་རྩིས་ཐོ་རྙིང་བ་ཁ་ཡ་བྱེད'ཅེས་པ་དེས་གཞི་རིམ་གྱི་བྱ་བ་ནི་སྔར་ལས་སྔོན་ལ་མཆོངས་དགོས་པ་དང་ཕྱིར་མིག་དེ་བས་ཀྱང་ལྟ་དགོས་པ་ང་ལ་ཤེས་སུ་བཅུག་བྱུང"ཟེར། གསར་དུ་བདམས་ཐོན་བྱུང་བའི་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཡོན་གྱིས་བཤད་རྒྱུར། གཞི་རིམ་གྱི་མགོ་ཁྲིད་གསར་པ་ཞིག་ཡིན་པའི་ངོས་ནས"སློབ་ཚན་དང་པོ"དེས་རང་ཉིད་ལ"སྲིད་འབྲས"ཀྱི་གོ་དོན་ངོ་མ་རྟོགས་ཐུབ་པ་བྱུང་སོང་ཟེར། སྡེ་ཁུལ་གྱི་བྱ་བ་ཆུང་ཆུང་ཏན་ཏིག་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་གནད་ཡག་པོར་སྒྲུབ་པ་དེ་ནི་དོན་དངོས་དང་མཐུན་པའི་སྲིད་འབྲས་ཤིག་ཡིན་པས། མ་འོངས་པར་ངས་ངེས་པར་དུ་སྡེ་ཁུལ་དུ་གཞི་ཚུགས་པ་དང་དམངས་ཀྱི་འདོད་བློར་ཉན་ནས་རྩ་འཛུགས་དང་མང་ཚོགས་ཀྱི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང"ཞེས་བཤད།

འཇོན་ཐང་ཆེ་རུ་བཏང་སྟེ་ཉམས་སད་ཐེག་ཐུབ་པའི་ནུས་པ་སྦྱོང་བརྡར་དང་སྲིད་འབྲས་ཀྱི་སྒུལ་ནུས་སྐུལ་སློང་བྱེད་དགོས།

“གཞི་རིམ་ནི་སྲིད་ཇུས་དོན་འཁྱོལ་བྱེད་པའི‘མཐའ་མའི་སྤྱི་ལེ་གཅིག’ཡིན་པས་ཁྱེད་ཚོ་སྡེ་བའི(སྡེ་ཁུལ)ཧྲུའུ་ཅི་ཡིན་པའི་ངོས་ནས་ནུས་པ་དང་བྱང་ཚད་དེ་སྲིད་འབྲས་ལྟ་བ་དོན་འཁྱོལ་གྱི་ཕན་འབྲས་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད”ཅེས་སློབ་ཁྲིད་མཇུག་སྒྲིལ་རྗེས་ཧྲུའུ་ཅི་ཀྲང་ཧྥེང་གིས“འཇོན་ཐང་ཆེ་རུ་གཏོང་རྒྱུ”དེ་དོན་ལ་འབབ་སར་བྱས་ནས“ནུས་པ་རིགས་དྲུག”མཐོ་རུ་གཏོང་རྒྱུར་དམིགས་ཏེ་གཞི་རིམ་ཧྲུའུ་ཅི་རྣམས་ལ“འགན་སྒྲུབ་ལེགས་སྒྲིག”ཕུལ་ནས་ཚང་མའི་ལས་སྒྲུབ་ལས་གཏོད་ཀྱི་ནང་ངོས་སྒུལ་ཤུགས་ལ་སྐུལ་སློང་བྱས།

ཁོས་བླང་བྱ་བཏོན་དོན། རྒྱ་ཆེའི་སྡེ་བའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཆབ་སྲིད་ཀྱི་ལྷག་སེམས་བརྟན་པོ་འཛུགས་པ་དང་བློ་སྐྱོང་རྨང་བརྟན་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་དང་མཉམ་འགུལ་བྱེད་དགོས། དུས་དཔག་བབ་བསྟུན་མཁས་པར་བྱས་ཏེ་འགྱུར་ལྡོག་རྒྱུས་ལོན་དང་འགྱུར་ལྡོག་གཏོང་བའི་ཁྲོད་དུས་བབ་ཀྱི་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་བ། མཚོ་བྱང་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་གནད་འཁེལ་གྱིས་ནང་བྱན་ཆུད་པར་བྱས་ཏེ་བྱ་བའི་ཟུང་འབྲེལ་བྱེད་ས་དང་ཤུགས་རྒྱག་ས་གནད་འཁེལ་སྒོ་ནས་འཚོལ་དགོས་པ་དང་སྤྱི་ཡོངས་ལ་བསམ་བློ་གཏོང་བ། ཇུས་འགོད་བཀོད་སྒྲིག་བྱེད་པའི་ཁྲོད་སྤྱི་ཡོངས་ཀྱི་མཉམ་ཤུགས་མཐོ་རུ་བཏང་ནས་གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ་རྩིས་ཆེན་པོ་རྒྱག་པ་དང་ཕུགས་ཀྱི་རྩིས་རྒྱག་ཤེས་དགོས། སྲིད་ཇུས་ཁོང་དུ་ཆུད་པ་དང་གནད་སྨིན་ཇུས་འདོན་བྱས་ཏེ་སྦྱངས་པ་གོ་ཆོད་པའི་ཁྲོད་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་སྲིད་ཇུས་བཟང་པོ་དེ་མང་ཚོགས་ལ་ཕན་པའི་ཞིབ་ཕྲའི་བྱ་ཐབས་སུ་བསྒྱུར་བར་བྱེད་དགོས་པ་དང་། དཀའ་གནད་ལ་ཐད་ཀར་ཁ་གཏད་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་འགག་སྒྲོལ་དཀའ་སེལ་ཁྲོད་དམག་འཐབ་ནུས་པ་ཆེ་རུ་གཏོང་བ་དང་། འཐབ་ས་དང་པོར་བསྐྱོད་དེ་གནས་ཚུལ་དངོས་རྒྱུས་ལོན་དང་དམངས་ཀྱི་སེམས་ཁྲལ་སེལ་ནས་དཀའ་གནད་སེལ་བའི་ཕན་འབྲས་ལ་བརྟེན་ནས་སྲིད་འབྲས་ལ་ཞིབ་བཤེར་བྱེད་དགོས། སྤྱོད་ཚུལ་བཟང་པོ་སྦྱོང་བརྡར་བྱས་ཏེ་དངོས་འཛིན་བཙན་འཐབ་ཁྲོད་འཐབ་ནུས་ཆེ་རུ་གཏོང་བ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་གཞི་རིམ་ཆབ་སྲིད་སྐྱེ་ཁམས་གཏོད་དགོས་ཟེར།

ཆུ་ཚོད་གཉིས་ཙམ་གྱི་འཆད་ཁྲིད་ནང་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཁོ་ན་མ་ཡིན་པར་དངོས་སྒྲུབ་ཀྱི་ཉམས་མྱོང་མཉམ་སྤྱོད་དང་མངགས་བཅོལ་དང་རེ་བ་ཡོད་པས། ཡུལ་དངོས་སུ་ཡོད་པའི་སྡེ་བའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཚང་མས་གཏིང་ཟབ་པའི་བསམ་བློའི་བྱབས་ཁྲུས་དང་ནུས་པ་ཆེ་རུ་གཏོང་བའི་བསླབ་བྱ་དང་ལེན་བྱས་ཡོད། ཚང་མས་སློབ་ཁྲིད་ཀྱི་ནང་དོན་ལ་དམིགས་ནས་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་དང་མྱོང་ཚོར་བརྗེ་རེས་བྱས་ལ། གཅིག་རྗེས་གཉིས་མཐུད་དུ་རང་ཉིད་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཆར་གཞི་གླེང་བ་དང་བྱེད་ཐབས་ཇུས་འགོད་བྱས་ཏེ“མ་འོངས་པར་ངས‘སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་པ་དོན་གཉེར’བཅས་ཀྱི་བླང་བྱ་ཡིད་ལ་བརྟན་པོར་བཅངས་པ་དང་། སྡེ་བའི་བོད་ལུག་དང་ནོར་གནག་ཐོན་ལས་ལ་དམིགས་ནས་ཐབས་ཤེས་བཙལ་ཏེ‘སྤུས་ལེགས་ལ་གོང་ཁེ་མེད་པའི’དཀའ་གནད་སེལ་བ་དང་། ཡུལ་མི་ཚོ་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་པའི་མདོ་ལ་རྫོང་རྫ་དམར་ཡུལ་ཚོ་ཆུ་བྱང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་སུང་ལིན་ཡོན་གྱི་སྐད་ཆར་དངོས་སྒྲུབ་ཀྱི་ཆོད་སེམས་ཀྱིས་ཁེངས་ཡོད།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཐེངས་འདིའི“སློབ་ཚན་དང་པོ”དེ་མགོ་འཛུགས་ས་གསར་བར་བྱས་ནས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ་དྲིན་ཚོར་ཡར་བརྩོན་དང་གནས་བབ་ལ་འགྱུར་ལྡོག་གཏོང་བ། འགན་འཁྲི་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་ཁ་ཕྱོགས་གསལ་བའི་རིག་པ་དྭངས་གསལ་དང་། མ་མཐའི་མཚམས་ཐིག་སྲུང་བའི་བློ་བརྟན་འགྱུར་མེད། འཇོན་ཐང་ཆེ་རུ་གཏོང་བའི་རང་རྟོགས་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི“སྲོག་ཤིང”དང་འཕེལ་རྒྱས་ཀྱི“སྣེ་ཁྲིད་པ”ཡག་པོ་བྱས་ཏེ་ཏན་ཏན་ཏིག་ཏིག་གི་བྱ་བའི་ཕན་འབྲས་ལ་བརྟེན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་རིམ་གྱི་སྟོབས་ཤུགས་བསྩལ་རྒྱུ་ཡིན་ཟེར།


མཉམ་སྤྱོད།