དེ་རིང་ནི2026ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་བ།

2026-04-22 11:20:02   |   53

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


944dad4ac19f9a84bffe82f549fb9158.jpg

ཟླ4ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཁྲ་པོ་དང་སྐུ་ཟླ་ཀེ་ཐ་དང་ལྷན་དུ་སྐུ་པར་བསྐྱོན་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་ཅིང་ཝུན་གྱིས་པར་བླངས། 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4ཚེས21ཉིན་འབྱོར་བའི་གློག་འཕྲིན། ཟླ4ཚེས21ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དེ་དུས་རབས་གསར་པའི་ཀྲུང་མོའི་ལས་དབང་གཅིག་མཐུན་ཚོགས་པར་མཐོ་རུ་གཏོང་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། 

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོ་ཙམ་པི་ཁེའི་སྲོལ་རྒྱུན་མཛའ་གྲོགས་ལོ་རྒྱུས་ལས་བརྒལ་ཞིང་རི་བོ་དང་རྒྱ་མཚོ་ལས་བརྒལ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཀྲུང་མོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་དང་ལྟ་རེས་སྲུང་རེས་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་དང་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། དུས་བབ་གསར་པའི་འོག་ཀྲུང་མོའི་མཛའ་གྲོགས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་དུས་རབས་ཀྱི་འཕེལ་ཕྱོགས་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དང2026ལོའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལོ”གོ་སྐབས་སུ་བྱས་ཏེ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་དོན་གཉེར་བྱེད་འདོད་ཡོད་པ་བཅས་བསྟན། 

ཞི་ཅིན་ཕིང་གིས་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་ནི་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མངོན་གསལ་གྱི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཡིན། ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། སྲིད་གཞུང་དང་སྲིད་ཏང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སོགས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་ཟབ་ཏུ་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཀྲུང་མོ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡོད། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”མགོ་རྩོམ་པའི་ལོ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་གཏེར་རྫས་ཕྱོགས་བསྡུས་གསར་སྤེལ་མཉམ་ལས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ། ཞིང་ལས་དང་ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་མཉམ་ལས་ཀྱི་འཕར་གཞི་སྐྱེད་སྲིང་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཟང་ཟིང་དང་རྙོག་འཛིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲིག་གཞིའི་ནང་མུ་མཐུད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་བཏང་ནས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན། 

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ70སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཚོན་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཟང་ཟིང་དང་འཕོ་འགྱུར་གྱི་འཛམ་གླིང་ནང་གི་དྲང་བདེན་སྟོབས་ཤུགས་ཤིག་ཡིན། དབུས་ཤར་དམག་འཁྲུག་གི་ཤུགས་རྐྱེན་ཕྱི་ཕྱོགས་སུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཁྱབ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་ཐུན་མོང་ཐོག་ཞི་བདེར་སྐུལ་འདེད་དང་འཕེལ་རྒྱས་དོན་གཉེར་བྱེད་འདོད་ཡོད། གཅིག་ནས་རྩ་དོན་བརྟན་སྲུང་བྱས་ནས་ཞི་བདེར་སྐུལ་འདེད་གཏོང་དགོས། དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་ཏེ་འདྲ་མཉམ་ངང་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་མི་མཐུན་པའི་ཆ་ཐག་གཅོད་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་ཡུལ་གྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གཉིས་ནས་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད་དགོས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བའི་བརྒྱུད་རིམ་ནང་ཨ་ཧྥེ་རི་ཁ་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱི་གནས་བབ་ཐོག་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ5ཚེས1ཉིན་ནས་བཟུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ53ལ་སྒོ་ཁྲལ་མི་དགོས་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། “ལྗང་མདོག་བགྲོད་ལམ”རིམ་སྤོར་སོགས་བརྒྱུད་ཨ་ཧྥེ་རི་ཁའི་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ཀྱི་ཆོག་འཐུས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན། གསུམ་ནས་མཉམ་ལས་གཉིས་ཕན་གྱི་མིག་དཔེ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབོད་སྒྲ་དང་ལེན་ཞུས་ནས་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་དུས་རབས་གསར་པར་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་པ་བསྟན། 

8bce6248193aab7c090fc62bc60219db.jpg

ཟླ4ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་མོ་དང་གྲོས་མོལ་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲའེ་ཅན་ལན་གྱིས་པར་བླངས། 

ཁྲ་པོས་ད་ལོ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་པོར་གྱུར་པར་ཧ་ཅང་དགའ་པོ་བྱུང་། འདིས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་འབྲེལ་བ་དང་སྤུན་ཟླའི་བརྩེ་སེམས་མཚོན་པ་མ་ཟད། མོ་ཙམ་པི་ཁེའི་མི་དམངས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་བ་དང་དེས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། ཀྲུང་གོ་ནི་མོ་ཙམ་པི་ཁེའི་གྲོགས་པོ་ངོ་མ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་མོ་ཙམ་པི་ཁེ་ཕྱོགས་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད། མོ་ཙམ་པི་ཁེ་ཡིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆ་རྐྱེན་གང་ཡང་མེད་པར་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་རྒྱལ་ཁབ་གཅིག་གྱུར་ཡོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་མཛའ་བརྩེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་ཞིང་ལས། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་མོ་ཀྲུང་ལས་དབང་གཅིག་མཐུན་་ཚོགས་པ་མཉམ་སྐྲུན་གྱི་ལེའུ་གསར་པ་ཐུན་མོང་ཐོག་གཏོད་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ལ་སྒོ་ཁྲལ་མི་དགོས་པའི་སྲིད་ཇུས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་གལ་ཆེན་བྱ་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་མགོ་ཆེན་པོ་བཞི། “རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་བཅས་བཏོན་ནས། འཛམ་གླིང་ཞི་བདེ་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་བྱས་ཏེ་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་འདོད་ཡོད་པ་བཅས་བསྟན། 

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་དང་དཔལ་འབྱོར་ཚོང་དོན། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། སྨན་བཅོས་འཕྲོད་བསྟེན། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20ལྷག་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་ཡོད། 

ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ། 

52e11bc9e2bff993501117ef34738252.jpg

ཟླ4ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་མོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཁྲ་པོར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་ཧུང་གིས་པར་བླངས། 

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཁྲ་མོ་དང་སྐུ་ཟླ་ཀའེ་ཐ་ལ་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་བ་རེད། 

4ab56c2393bbd7ef986cfa1aba5ff90d.jpg

ཟླ4ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་མོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཁྲ་པོར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཧའེ་ཐའོ་ཡིས་པར་བླངས། 

ཁྲ་པོ་འབྱོར་བ་ན་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་དམག་མི་རོལ་ཆ་ཚོགས་པས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཁྲ་པོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཡན་ལག་རུ་བསྟར་ལའང་གཟིགས་པ་རེད། 

ཉིན་དེའི་དགོང་མོ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཁྲ་མོ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད། 

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས། 


མཉམ་སྤྱོད།