དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དལ་གཤིས་གློ་ཡུའི་ཡན་ལག་ཧར་འཚང་གློ་བུར་དུ་ལྡང་བ།

2024-12-31 09:22:09   |   769

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

གློ་ཡུའི་ཡན་ལག་ཧར་འཚང་ལ་ཧར་འཚང་ཞེས་ཀྱང་ཟེར། དེ་ནི་དབུགས་ལམ་གྱི་དལ་གཤིས་འབྱུང་འགྱུར་རང་བཞིན་གྱི་ཚ་བའི་ནད་ཅིག་ཡིན། ནད་རྟགས་སུ་ཡང་ཡངདུ་གློ་ལུ་བ་དང་། རོ་སྟོད་བརྒྱངས་པ་དང་དབུགས་འཚང་བ་ཡིན། གསོ་བཅོས་བྱེད་ན་དྲག་པའམ་ཡང་ན་རང་བཞིན་གྱིས་ཞི་ཞིང་བདེ་བར་འགྲོ་བ་ཡིན།

ནད་འདི་ཚོར་ཐལ་གྱི་གཟུགས་གཞི་དང་འབྲེལ་བ་ཡོད་དེ། ནད་པ་ཁ་ཤས་ཀྱིས་དངོས་པོ་ཞིག་དབུགས་ལམ་ནས་ནང་དུ་རྔུབ་པའི་ཚེ་ལམ་སེང་ནད་འབྱུང་བ་ཡིན། ང་ཚོས་ནད་སྐྱེད་པའི་དངོས་པོ་འདིའི་རིགས་ལ་ཚོར་ཐལ་ཁུངས་ཟེར། རྒྱུན་མཐོང་གི་ཚོར་ཐལ་ཁུངས་ནི་རླུང་གིས་སྨྱན་ག་བྱེད་པའི་མེ་ཏོག་གི་རྡུལ་དང་རླམ་སྲིན། ས་རྡུལ། མན་འབུ། སྲོག་ཆགས་ཀྱི་སྤུ་དང་ཟས་ཀྱི་རིགས་ཏེ། དཔེར་ན། ཉ་དང་སྡིག་སྲིན། སྒོ་ང་ལྟ་བུ་ཡིན། རེད་པ་དང་འབྲེལ་བ་ཡོད་པ་ནི། རྒྱུན་དུ་སྟོད་ཀྱི་དབུགས་ལམ་རེད་དེ་འབྱུང་བ་དང་། ནད་དུག་གིས་བསླངས་པ་ཅུང་མང་། ཁྱིམ་བརྒྱུད་ལ་འབྲེལ་བ་ཡོད་པ་ནི། ཧར་འཚང་གི་ནད་པར་ཁྱིམ་བརྒྱུད་ཀྱི་ལོ་རྒྱུས་ཡོད་པའམ་ཡང་ན་ཁྱིམ་ཚང་གི་མི་སྣར་ཚོར་ཐལ་གྱི་གཟུགས་གཞི་ཡོད།

ནད་རྟགས།

ནད་འདིའི་ཁྱད་པར་གྱི་མངོན་ཚུལ་ནི་དབུགས་འཚང་བ་ཡིན། དབུགས་ཕྱིར་གཏོང་བ་དཀའ(དབུགས་གཏོང་ཡུན་རིང་ལ)ལ་རྔུབ་ཡུན་ཐུང་། ནད་ལྡང་དུབ་བྱེད་ཀྱང་ཕལ་ཆེར་མཚན་མོར་ལྡང་བ་ཡིན། སྤྱིར་བཏང་འགྲོ་ལྡོག་མྱུར་བས་ནད་རྟགས་ཡལ་རྗེས་རྒྱུན་ལྡན་གྱི་མི་དང་ཁྱད་པར་ཅི་ཡང་མེད། ནད་དངོས་སུ་ལྡང་ཚེ། ནད་པས་ལུས་སྤྱིར་མི་བདེ་བར་བཤད་པ་དང་། སྣ་བུག་དང་མིག་ལྕིབས་གཡའ་བ་དང་། སྦྲིད་པ་འབྱུང་བ་དང་སྣ་ཆུ་འཛག་པ་དང་། སྐབས་རེར་རོ་སྟོད་བརྒྱངས་པ་དང་། དེ་ནས་མྱུར་དུ་དབུགས་འཚང་ཞིང་འབྱིན་རྔུབ་དཀའ་བ་དང་བདེ་བར་ཉལ་མི་ཐུབ་པར་ཙོག་ལངས་བྱེད་དགོས། འཚུབ་ཆ་ཆེ་ལ་རྔུལ་ཆུ་བཞུར་བ་དང་མཆུ་མདོག་སྨུག་ནག་ཏུ་ལོག་པ་དང་། ནད་བདེ་བར་མ་བབས་པའི་སྔོན་དུ་དབུགས་འཚང་བ་དང་གློ་ལུ་བ་དང་ལུད་པ་འབྱར་བག་ཅན་དང་མདུད་ལོག་འདྲ་བ་མང་དུ་ལུ་བ་ཡིན། དེ་ནས་རིམ་བཞིན་དབུགས་འབྱིན་རྔུབ་དཀའ་བ་བདེ་བར་སོང་ནས་དབུགས་འཚང་ཆད་པ་ཡིན། ནད་ཀྱི་ལྡང་ཡུན་མི་འདྲ་བས་ལ་ལ་ནི་སྐར་ཆ་འགའ་རེ་དང་ལ་ལ་ནི་དུས་ཚོད་འགར་ལྡང་བ་ཡིན། ནད་ཚབས་ཕལ་ཆེར་ཡང་བས་རྒྱུན་ལྡན་གྱི་གསོ་བཅོས་བྱེད་ན་བདེ་བར་འབབ་ཐུབ། འོན་ཀྱང་སྐབས་རེར་ནད་བྱུང་མ་ཐག་ཏུ་ཚབས་ཆེ་བའམ། ཡང་ན་གསོ་བཅོས་བྱེད་ཀྱང་ཇེ་སྡུག་ཏུ་ཕྱིན་ཏེ། ནད་རྟགས་སུ་དབུགས་འབྱིན་རྔུབ་དཀའ་བ་དང་།དབུགས་འཚུབ་ཆེ་བ། སྨུག་པོར་འགྱུར་བ། ཤེས་པ་མི་གསལ་བ། སྙིང་གི་འཕར་ལྡིང་ཤིན་ཏུ་མགྱོགས་པ། རྔུལ་ཆུ་བཞུར་བ་དང་། ལྷག་པར་དུ་ལུས་ཧྲིལ་བོའི་ཉམས་ཟད་པ་དང་། སྙིང་གི་འཕར་ལྡིང་དང་དབུགས་ཀྱི་འབྱིན་རྔུབ་རྦད་དུ་ཆད་དེ་ཤི་འགྲོ་བ་ཡིན།

སྔོན་འགོག

ཁ་ཟས་རུལ་སྐྱུར་གྱི་རིགས་བསྟེན་དྲགས་པ་དང་། ཚྭ་དང་དུ་བ་ཚད་ལས་འདས་པ། དྲག་ཤུལ་དང་ཆམ་པ་རྣམས་ལ་གཟབ་དགོས།

གསོ་ཐབས

1 ནད་པར་དབྱང་དབུགས་མ་འདང་བའི་དབང་གིས་སེམས་འཚུབ་ཆེ་བ་དང་། སེམས་ཁྲལ་དང་འཚུབ་ཆ་ཆེ་བས་དབྱང་དབུགས་མ་འདང་བའི་ཚབས་ཇེ་ལྕིར་འགྲོ་བས། ནད་པར་ཐུམས་སུ་བཅད་པའི་ལྷོད་འཇགས་ཀྱི་སྨན་སྦྱོར་བསྟེན་འོས།

2 རྒྱུན་དུ་དབུགས་འཚང་འབྱུང་བའི་ནད་པས་ཁྱིམ་དུ་དབྱང་དབུགས་ཁུག་མའམ་དབྱང་དབུགས་ཤེལ་དམ། ཡང་ན་དབྱང་དབུགས་ལས་བྱེད་འཕྲུལ་ཆས་སོགས་གྲ་སྒྲིག་བྱེད་དགོས།

3 ཆ་རྐྱེན་བཟང་བའི་ནད་པར་ངེས་པར་དུ་གློ་ཡུའི་ཡན་ལག་རྒྱ་སྐྱེད་ཀྱི་སྨན་ཁུ་སྟེར་དགོས། ཐོག་མར་གཏོང་བའི་གློ་ཡུའི་རྡུལ་གཏོར་སྨན་ཁུ་ནི་འཚང་བདེ་སྙོམས(བན་ཐོ་ལེན་རླངས་རྡུལ་སྨན་ཁུ)དང་པོ་ལི་ཁང་ནི(འཚང་མྱུར་བདེ)ཡིན། ནད་པ་ཁ་ཤས་ཀྱིས་རྒྱུན་པར་རླངས་རྡུལ་སྨན་ཁུ་བཀོལ་སྤྱོད་བྱེད་བཞིན་ཡོད་མོད། ཤ་གྲིམ་འདར་འཕྲིག་སོགས་ཀྱི་ཞོར་སྐྱོན་འབྱུང་གི་ཡོད། སྐབས་འདིར་མུ་མཐུད་དུ་ཐེངས1—2བར་བསྟེན་དགོས། ནད་པ་རྒན་པ་དང་ཐ་མག་འཐེན་འཁན་རྣམས་ཀྱིས་ཨད་ཆན་ལུ(爱全勒)རླངས་རྡུལ་སྨན་མཉམ་སྤྱོད་བྱེད་ཆོག

4 སྲིན་འགོག་རྒྱུའི་གསོ་བཅོས། ནད་འདི་ལྡང་བའི་སྐབས་ཕལ་ཆེར་རེད་པ་དང་མཉམ་དུ་བསྡོངས་ཡོད་པས་འོས་འཚམ་གྱིས་སྲིན་འགོག་རྒྱུ་གདམ་གསེས་ངང་བཀོལ་སྤྱོད་བྱེད་དགོས། དཔེར་ན། རོ་ཧམ་རྒྱུ་དམར་པོ་དང་མདུན་སྐྱོད་ཨང་བཞི་པ(先锋)སོགས།

5 དགོས་ངེས་ཀྱི་སྐབས་སུ་དུས་ཡུན་ཐུང་ངུའི(གཟའ་འཁོར་གཅིག་ལས་འདའ་མི་རུང)ནང་ཕ་རེ་ནི་སོན(强的松)ཉིན་གཅིག་ལ་ཧའོ་ཁེ10ནས30བསྟེན་ན་རེད་པ་དང་ཚོར་ཐལ་འགོག་པའི་ནུས་པ་མངོན་གསལ་ཐོན་ཐུབ།

6 གོང་བཤད་གསོ་ཐབས་འདི་དག་གིས་བདེ་རུ་མ་བབས་ན། དེ་མ་ཐག་ཐག་ཉེའི་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་དགོས། ནད་འདི་ནི་རྒྱུན་མཐོང་གི་མྱུར་གཤིས་ནད་རིགས་ཤིག་ཡིན་པས། དུས་ཚོད་སྐར་ཆ་གཅིག་ཀྱང་འགོར་འགྱངས་སུ་མི་གཏོང་བ་ནི་མྱུར་སྐྱོབ་ཀྱི་གནད་འགག་ཅིག་ཡིན།  དེའི་ཕྱིར་ངལ་བ་སྟོང་ཟད་དུ་མི་གཏོང་བ་དང་། དགོས་མེད་ཀྱི་གྱོང་ཀུན་མ་ཐེབས་པ་བྱེད་དགོས།

7 བོད་ལུགས་གསོ་རིག་ལྟར་ན། སྨན་དུ་སྤང་རྒྱན་བཅུ་པ་དང་རྒུན་འབྲུམ་བདུན་པ། སྲོ་ལོ་བཞི་ཐང་། སྤང་རྒྱན་བཅོ་ལྔ། སྤང་ཁྲག་བཅོ་ལྔ། གྲུབ་ཐོབ་རིལ་དཀར། སེ་འབྲུ་དྭངས་གནས་སོགས་རྒྱུན་སྤྱོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གྱི་སྒོ་ནས་བེད་སྤྱོད་བྱེད་པ་དང་། ད་དུང་གློ་སྦུག་གི་ལུད་པ་དང་ལྗན་ལྗིན་ཐམས་ཅད་སྦྱང་བའི་ཆེད་དུ་སྤྱང་ཚེར་ལྔ་པའི་སྐྱུགས་སྨན་གཏོང་བ་དང་། དེ་བཞིན་སྟར་བུ་ལྔ་པ་དང་། མཱུ་ལ་ལྔ་པ། པི་ལིང་ལྡེ་གུ་སོགས་ཀྱིས་ལུད་པ་གྱེན་དུ་འདྲེན་པ་བཅས་བྱེད་དགོས་ལ། གཞན་ཡང་རྒས་པ་རླུང་ཤས་ཅན་གྱི་རིགས་ལ་ནི་ཨ་གར་བཅོ་ལྔ་དང་། སྤང་རྒྱན་བཅོ་ལྔ་སོགས་ཀྱིས་རླུང་ཁ་གནོན་དགོས།

8 ཟས་ཀྱིས་བཅོས་པ་ལ། བ་ཡི་འོ་མ་དང་སྒོ་ང་། རྒུན་འབྲུམ་སོགས་ཤིང་ཏོག་གསར་པ། སྦྲང་རྩི། ཀ་ར། ཚོད་མའི་རིགས་སོགས་མདོར་ན་གསར་བཅུད་ལྡན་པའི་ཟས་སྐོམ་རིགས་བསྟེན་ཏེ་ལུས་ཟུངས་གསོ་བ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས་ཤིང་། ནད་འདི་གསར་བའི་སྐབས་དང་ལོ་ན་ཆུང་དུས་སངས་དྲག་མ་བྱུང་ཚེ་ནད་རྗེས་གཅོད་དཀའ་བ་ཡིན།


མཉམ་སྤྱོད།