དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱིས་པའི་གཟུགས་པོའི་རིང་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ལྔ།

2025-07-16 08:59:48   |   69

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


གཅིག རྒྱུད་རྒྱུ་ཡིས་གཟུགས་པོའི་རིང་ཚད་ཇི་ཙམ་ལ་སླེབ་ཐུབ་མིན་ཐག་གཅོད་པ་ཡིན།

རྒྱུད་རྒྱུ་ཡིས་བྱིས་པའི་གཟུགས་སྐྱེ་ཚད་ཀྱི་བག་ནུས་དང་ཆེས་མཐོ་བའི་ཚད་ཐིག་ཐག་གཅོད་པ་ཡིན། མིའི་གཟུགས་པོའི་རིང་ཚད་ཀྱི60%ནས70%རྒྱུད་རྒྱུ་ཡིས་ཐག་གཅོད་པ་དང་། 30%ནས40%ལ་རྗེས་ཐོབ་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། དཔེར་ན་འཚོ་བཅུད་དང་འགུལ་སྐྱོད། གཉིད། སེམས་ཁམས། ཁོར་ཡུག ནད་སོགས་ལྟ་བུའོ། །

གཉིས། འཚོ་བཅུད་ནི་སྐྱེ་འཚར་གྱི་རྨང་རྡོ་ཡིན། 

སྤྲི་དཀར་རྫས་དང་ཀལ། འཚོ་རྒྱུD ཏི་ཚ་སོགས་ནི་རུས་པ་འཚར་སྐྱེ་འབྱུང་བ་ལ་ངེས་པར་མཁོ་བའི་འཚོ་བཅུད་ཡིན། དུས་ཡུན་རིང་བོར་འཚོ་བཅུད་མི་བཟང་བ་དང་འཚོ་རྒྱུ་ཆད་པ་སོགས་བྱས་ན། གཟུགས་སྐྱེ་བར་བཀག་འགོག་ཐེབས་པར་མ་ཟད། ཚོ་ཆེ་ནའང་མཚན་མ་སྨིན་སྔ་བྱས་ཏེ། རུས་པའི་སྣེ་འབུར་གྱི་ཁ་སུམ་ཚད་ཇེ་མགྱོགས་སུ་ཕྱིན་ནས། མཇུག་མཐའི་གཟུགས་པོའི་རིང་ཚད་ལ་ཤུགས་རྐྱེན་ཐེབས་ངེས།

གསུམ། གཉིད་དང་འགུལ་སྐྱོད་ནི་སྐྱེ་འཚར་གྱི་འགྲོས་སྣོན་ཆས་ཡིན། 

སློབ་ལོ་ལོན་པའི་བྱིས་པ་དག་ཉིན་རེར་ཆུ་ཚོད9ནས10ལ་གཉིད་དགོས་པ་དང་། ན་གཞོན་རྣམས་ཆུ་ཚོད8ནས9ལ་གཉིད་དགོས། དགོང་མོའི་ཆུ་ཚོད23ནས་ཐོ་རངས་ཀྱི་ཆུ་ཚོད2བར་ནི་གཉིད་སྟུག་པོ་ལོག་པའི་དུས་ཚོད་ཡིན་ལ། སྐྱེ་འཚར་སྐུལ་རྒྱུ་ཟགས་ཐོན་བྱེད་ཚད་ཆེས་མཐོ་བའི་དུས་སྐབས་ཀྱང་ཡིན། 

གཉིད་ཆག་པ་ཡིས་ཐད་ཀར་སྐུལ་རྒྱུའི་ཟགས་ཐོན་ཆོས་ཉིད་ལ་ཤུགས་རྐྱེན་ཐེབས་ཏེ། གཟུགས་སྐྱེ་ཚད་ཇེ་དལ་དུ་གཏོང་ངེས། དྲང་ཕྱོགས་འགུལ་སྐྱོད་དེ་མཐོ་ལྡིང་ལྟ་བུས་རུས་པའི་སྣེ་འབུར་གྱི་ཕྲུམ་རུས་ཕྲ་ཕུང་སྐྱེ་འཕེལ་འབྱུང་དུ་འཇུག་ཐུབ་ལ། ཡུན་རིང་ལ་ཙོག་ནས་འདུག་པ་དང་ལྗིད་ཁུར་འགུལ་སྐྱོད་སོགས་ཀྱིས་ཕྲ་ཕུང་སྐྱེ་འཚར་ལ་བཀག་འགོག་བྱ་ངེས། 

བཞི། ལུས་ནང་གི་ཟགས་ཐོན་སྙོམ་སྒྲིག་ནི་སྐྱེ་འཚར་གྱི་སྒུལ་བྱེད་འཕྲུལ་འཁོར་ཡིན། 

སྐྱེ་འཚར་སྐུལ་རྒྱུ་ནི་མཚན་མོར་གཉིད་སྟུག་པོ་ལོག་སྐབས་ཟགས་ཐོན་བྱེད་ཚད་མཐོ་ཤོས་ལ་སླེབ་ཐུབ། འཕྱང་གཟུགས་འཚར་སྐྱེ་འབྱུང་ཚུལ་རྒྱུན་ལྡན་མིན་ཚེ་ཟགས་ཐོན་ཚད་མི་འདང་བར་འགྱུར་བ་དང་། འཚར་སྐྱེ་ཇེ་དལ་དུ་འགྲོ་ངེས། ཨོལ་གོང་གཤེར་རྨེན་སྐུལ་རྒྱུ་ཆད་ཚེ་ལུས་པོའི་རྙིང་ཚབ་གསར་བྱེད་ཇེ་ཞན་དུ་གྱུར་ནས། རུས་པ་འཚར་སྐྱེ་འབྱུང་མི་ཐུབ་པར་མིའུ་ཐུང་ནད་སྐྱེད་ངེས། མཚན་མ་སྨིན་སྔ་བྱས་ཚེ་དུས་མ་རན་གོང་ལ་ཀླད་འབུར་འོག་མའི་འཕྱང་འཕྲུལ་རང་བཞིན་གྱི་གཤེར་རྨེན་འཁོར་མདའི་ཁ་ཕྱེ་སྟེ། སྐྱེ་འཚར་དུས་ཡུན་ཇེ་ཐུང་དུ་གཏོང་ངེས། 

ལྔ། ན་ཚ་དང་གནོན་ཤུགས་ནི་སྐྱེ་འཚར་གྱི་འགོག་རྐྱེན་ཡིན། 

དལ་བའི་ནད་རིགས་ཏེ། དཔེར་ན་ལྷན་སྐྱེས་ཀྱི་སྙིང་ནད་དང་མཁལ་མའི་ནད། འཇུ་བྱེད་མ་ལག་གི་ནད། ཚོས་ལེན་རྫས་ཕྲ་རྒྱུན་ལྡན་མིན་པར་གྱུར་པ་དང་འབྲེལ་བའི་ནད་རིགས་ཏེ་ཐེ་ན་ཕྱོགས་བསྡུས་ནད་སོགས་ཀྱིས་རུས་པ་རྒྱུན་ལྡན་མིན་པར་འགྱུར་བ་དང་རུས་ཕྲུམ་ཆ་མི་ཚང་བ་སོགས་ཀྱི་ནད་བསྐྱེད་དེ། གཟུགས་སྐྱེ་བར་འགལ་རྐྱེན་བཟོ་བ་ཡིན། གཞན་དུས་ཡུན་རིང་བོར་སེམས་ཁམས་མི་ལེགས་པས་ཀྱང་སྐྱེ་འཚར་སྐུལ་རྒྱུ་ཟགས་ཐོན་ལ་བཀག་འགོག་ཐེབས་ཏེ། སེམས་ཁམས་ལ་རྐྱེན་བྱས་པའི་མིའུ་ཐུང་ནད་སྐྱེད་ངེས། 


མཉམ་སྤྱོད།