བོད་ཡིག    |    རྒྱ་ཡིག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2022ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྠན་ཞུ།

2022-11-17 21:56:32   |   875

——2022ལོའི་ཟླ2པའི་ཚེས22ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་།

ཁུལ་ནོར་སྲིད་ཅུ།

 

འཐུས་མི་རྣམ་པ།

ཁུལ་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ་མཚོ་བྱང་ཁུལ་གྱི2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2022ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ཚོགས་ཆེན་སྟེང་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་གནང་མཁན་གྱི་བློ་མཐུན་རྣམ་པས་དགོངས་འཆར་གནང་རོགས་ཞུ།

2021ལོར། རྙོག་འཛིང་ཆེ་བའི་དཔལ་འབྱོར་གྱི་གནས་བབ་དང་གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་ཆག དེ་མིན་པྲོག་གསར་རིམས་ནད་སོགས་དཀའ་ཁག་མང་པོར་གདོང་གཏད་ཅིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཁུལ་ཨུའི་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་སྲིད་གྲོས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཇུས་ཆོད་བཀོད་སྒྲིག་དང་ཁུལ་གྱི་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པའི་འབྲེལ་ཡོད་གྲོས་ཆོད་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་    འཐུས་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་བ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་། “བརྟན་པོ་དྲུག”གི་བྱ་བ་ཏན་ཏིག་གིས་བསྒྲུབས་ཏེ། ཁྱོན་ཡོངས་ནས“འགན་སྲུང་དྲུག”གི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བའི་འགག་རྩའི་ནུས་པ་འདོན་སྤེལ་བྱས་པས་ནོར་སྲིད་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་བཞི་བའི”མགོ་ཡག་པོ་འཛུགས་པར་ནོར་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།

གཅིག  2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ།

(གཅིག) སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། 2021ལོར་ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར6.46ཡོངས་འགྲུབ་བྱས་པ་དང་། སྔོན་རྩིས་ཀྱི119.52%ཡིན། འཕར་སྣོན་སྒོར་དུང་ཕྱུར1.06བྱུང་ཞིང་། ན་ནིང་དང་བསྡུར་ན19.52%འཕར་ཡོད། གོང་རིམ་གྱི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར88.17དང་། ས་གནས་སྲིད་གཞུང་གི་སྤྱིར་བཏང་བུན་འཛིན་བུན་གཏོང་གི་ཡོང་སྒོ་སྒོར་དུང་ཕྱུར5.07དང་། ནང་འདྲེན་མ་དངུལ་སྒོར་དུང་ཕྱུར1.02དང་། སྔོན་རྩིས་བྱས་པའི་བརྟན་འཇགས་སྙོམ་སྒྲིག་གི་ཐེབས་རྩ་སྒོར་དུང་ཕྱུར4.98སྤྱད་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར105.52ཡིན། འགྲོ་གྲོན་ཞིབ་རྩིས་བྱེད་ཐབས་སྒྱུར་བཅོས་ཀྱི་ཤུགས་རྐྱེན་ཐེབས་པས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར67.52ཡོངས་འགྲུབ་བྱུང་ཞིང་། དེ་ལེགས་སྒྲིག་སྔོན་རྩིས་ཀྱི73.61%ཡིན་ལ། ན་ནིང་དང་བསྡུར་ན27.98%མར་ཆག་ཡོད། སྔོན་རྩིས་བརྟན་སྲུང་གི་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར5.18ཁ་གསབ་བྱས་པ་དང་། ས་གནས་སྲིད་གཞུང་གི་བུན་འཛིན་གྱི་མ་རྩ་སྐྱིན་གསབ་སྒོར་དུང་ཕྱུར0.98བཏང་ལ། སྒོར་དུང་ཕྱུར2.07གོང་རིམ་ནོར་སྲིད་ལ་གོང་འབུལ་བྱས། སྒོར་དུང་ཕྱུར29.77ལོ་རྗེས་མའི་འགྲོ་གྲོན་ལ་སྤོ་སྒྱུར་བྱས། 

ཁུལ་རིམ་པས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར1.35ཡོངས་འགྲུབ་བྱུང་བ་དང་། དེ་སྔོན་རྩིས་ཀྱི150.04%ཡིན་ལ། སྔོན་རྩིས་ལས་སྒོར་དུང་ཕྱུར0.58བརྒལ་ཡོད། གོང་རིམ་གྱི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར16.52ཡོད་ལ། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་བུན་གཏོང་ཡོང་སྒོ་སྒོར་དུང་ཕྱུར1.45ཡོད་པ་དང་།  སྔོན་རྩིས་བརྟན་སྲུང་གི་སྙོམ་སྒྲིག་ཐེབས་རྩར་སྒོར་དུང་ཕྱུར2.42སྤྱད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར21.74བཅས་ཡིན། འགྲོ་གྲོན་ཞིབ་རྩིས་བྱེད་ཐབས་སྒྱུར་བཅོས་ཀྱི་ཤུགས་རྐྱེན་ཐེབས་པས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར12.04ཡོངས་འགྲུབ་བྱས་ཤིང་། དེ་ལེགས་སྒྲིག་སྔོན་རྩིས་ཀྱི62.87%ཡིན་ལ། ན་ནིང་དང་བསྡུར་ན10.11%མར་ཆག་ཡོད། སྔོན་རྩིས་བརྟན་སྲུང་གི་སྙོམ་སྒྲིག་ཐེབས་རྩར་སྒོར་དུང་ཕྱུར2.87ཁ་གསབ་བརྒྱབ་ཡོད། ས་གནས་སྲིད་གཞུང་གིས་བུ་ལོན་གྱི་མ་རྩ་སྐྱིན་གསབ་སྒོར་དུང་ཕྱུར0.32བཏང་བ་དང་། སྒོར་དུང་ཕྱུར0.25གོང་རིམ་ནོར་སྲིད་ལ་གོང་འབུལ་བྱས། སྒོར་དུང་ཕྱུར6.26ལོ་རྗེས་མའི་འགྲོ་གྲོན་ལ་སྤོ་སྒྱུར་བྱས། 

(གཉིས།) སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱིས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར0.76ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་རིམ་པའི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར0.22ཡོད། ལོ་གོང་མའི་ལྷག་དངུལ་ཡོང་སྒོ་སྒོར་དུང་ཕྱུར0.04ཡིན། སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.02ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་གྲོན་སྒོར་དུང་ཕྱུར0.74ཡོངས་འགྲུབ་བྱུང་བ་དང་། མ་དངུལ་སྒོར་དུང་ཕྱུར0.28སྙོམ་སྒྲིག་ཕྱིར་གཏོང་བྱས་ལ།  ལོ་མཇུག་གི་ལྷག་གྲངས་སྒོར་དུང་ཕྱུར0.28ཡིན། 

ཁུལ་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཞིང་ཆེན་རིམ་པའི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར0.06ཡིན། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་གྲོན་སྒོར་དུང་ཕྱུར0.03ཡོངས་འགྲུབ་བྱས། ལོ་མཇུག་གི་ལྷག་གྲངས་སྒོར་དུང་ཕྱུར0.03ཡིན།  

(གསུམ། ) སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3.98ཡོངས་འགྲུབ་བྱུང་ཡོད་ལ། ན་ནིང་དང་བསྡུར་ན18.45%འཕར་ཡོད། ན་ནིང་གི་ལྷག་དངུལ་སྒོར་དུང་ཕྱུར7.8ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར2.52ཡིན། ན་ནིང་དང་བསྡུར་ན7.5%འཕར་ཡོད། ལོ་མཇུག་གི་འགྲིལ་གསོག་ལྷག་གྲངས་སྒོར་དུང་ཕྱུར9.07ཡིན།

ཁུལ་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར2.68ཡོངས་འགྲུབ་བྱུང་ཡོད་ལ། ན་ནིང་དང་བསྡུར་ན12.6%འཕར་ཡོད། ལོ་སྔོན་མའི་ལྷག་དངུལ་སྒོར་དུང་ཕྱུར4.98ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར2.09ཡིན་ལ། ན་ནིང་ལས6.6%འཕར་ཡོད་ཅིང་། ལོ་མཇུག་གི་འགྲིལ་གསོག་ལྷག་དངུལ་སྒོར་དུང་ཕྱུར5.58ཡིན། 

(བཞི།) རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས། ཁུལ་རིམ་པའི་རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི564དང་། ལོ་མཇུག་གི་ལྷག་གྲངས་སྒོར་ཁྲི4ཡོངས་འགྲུབ་བྱུང་། སྤྱིའི་ཡོང་སྒོ་སྒོར་ཁྲི568ཡིན། རྒྱལ་དབང་མ་རྩའི་གཉེར་སྐྱོང་གི་སྔོན་རྩིས་འགྲོ་གྲོན་སྒོར་ཁྲི557ཡོངས་འགྲུབ་བྱུང་ཡོད་ལ། མ་དངུལ་སྒོར་ཁྲི3ལེགས་སྒྲིག་བྱས། ལོ་མཇུག་གི་ལྷག་དངུལ་སྒོར་ཁྲི8ཡིན།

 (ལྔ།) སྲིད་གཞུང་བུ་ལོན་གྱི་གནས་ཚུལ། 2021ལོར་ཞིང་ཆེན་ནོར་སྲིད་ཐིང་གིས་རང་ཁུལ་གྱི་ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར39.65བཤེར་འབེབས་བྱས། དེའི་ཁྲོད། སྤྱིར་བཏང་གི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར27.95དང་ཆེད་སྤྱོད་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར11.7ཡིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁུལ་རིམ་པའི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར12.56དང་། འཇུ་ལག་རྫོང་གི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར11.94དང་། མདོ་ལ་རྫོང་གི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར8.52དང་། རྐང་ཚ་རྫོང་གི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར4.48དང་། མདའ་བཞི་རྫོང་གི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར2.15ཡིན། ཁུལ་རིམ་པ་དང་རྫོང་སོ་སོའི་བུ་ལོན་ལྷག་གྲངས་ཚང་མ་བཅད་གྲངས་ལས་བརྒལ་མེད་པ་རེད།  

(དྲུག) མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་གྱི་གནས་ཚུལ། 2021ལོར་ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཀྱིས་རང་ཁུལ་ལ་ཁ་གཏད་དེ་མཚོ་སྔོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.5བཏང་ལ། ཁུལ་ནོར་སྲིད་ཀྱིས་སྒོར་དུང་ཕྱུར2.5བཏང་། དེའི་ཁྲོད། འཇུ་ལག་རྫོང་ལ་སྒོར་དུང་ཕྱུར0.3དང་། མདོ་ལ་རྫོང་ལ་སྒོར་དུང་ཕྱུར0.18དང་། རྐང་ཚ་རྫོང་ལ་སྒོར་དུང་ཕྱུར0.3དང་། མདའ་བཞི་རྫོང་ལ་སྒོར་དུང་ཕྱུར0.24ཡིན། མཚོ་སྔོན་པོའི་ཞིང་རར་སྒོར་དུང་ཕྱུར0.05ཡིན། ཁུལ་རིམ་པར་སྒོར་དུང་ཕྱུར1.43བཅས་ཡིན།  

གཉིས། 2022ལོའི་ནོར་སྲིད་ཀྱི་བྱ་བ་གཙོ་བོ།

(གཅིག) “རྒྱལ་ཁབ་གྱི་དོན་ཆེན”ལ་དམིགས་ནས་མཉམ་འཛིན་མཉམ་ལས་ཀྱིས་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་ནུས་ཐོན་པར་སྐུལ་འདེད་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་ནོར་སྲིད་དཔལ་འབྱོར་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྔར་ལས་གཟབ་ནན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐོར་ཞིབ་རྩིས་བཤེར་གནད་དོན་གྱི་དག་ཐེར་གནད་དོན་དང་ནོར་སྲིད་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་གནས་པའི་གནད་དོན་ཆེན་པོ་དང་། “ནད་ཡོད་སྨན་བཅོས་དང་ནད་མེད་སྔོན་འགོག”བྱེད་པར་དམིགས་ཏེ། དག་ཐེར་ཡོ་བསྲང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་རྨང་གཞིའི་ཐོག རང་འགུལ་ངང་གཅིག་ཤེས་ཀུན་གྲོལ་བྱེད་པ་དང་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ནན་དུ་བཏང་བ། གཞུང་དོན་སྒྲུབ་མཁན་གྱི་གླ་ཕོགས་དང་ཁ་གསབ་གཙང་བཤེར་དང་ཚད་ལྡན་དུ་བཏང་བ། ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་དང་དེ་བཞིན་འབྲུ་རིགས་ཉོ་ཚོང་སོགས་ཁྱབ་ཁོངས་མང་པོར་ཆེད་དམིགས་དག་ཐེར་གྱི་བྱེད་སྒོ་སྤེལ་བའི་སྒྲིག་འཛུགས་ནན་ཏན་བྱས་ཏེ་ནོར་སྲིད་དཔལ་འབྱོར་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཁག་ཅིག་ཞིབ་བཤེར་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཡོད། 《ནོར་སྲིད་འཁོར་རྒྱུག་གི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་དོ་དམ་བྱེད་ཐབས》དོན་འཁྱོལ་ནན་མོ་བྱས་ཏེ། རྒྱུན་མཐུད་དེ་ནོར་སྲིད་ལས་དོན་མཐའ་འཁྱོངས་བྱེད་པའི་གཞི་རྩའི་རྩ་དོན་ཡིན་པ་མཐའ་འཁྱོངས་བྱས། ཡུན་ཕུགས་ལ་བསམ་བློ་གཏོང་བ་དང་སྐྱིད་དུས་སྡུག་བསམ་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གི་འགན་བཞེས་བའི་ནོར་སྲིད་དངུལ་རྩའི་ཉེན་ཁ་འགོག་ཟོན་ཐག་གཅོད་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ནོར་སྲིད་དང་དངུལ་རྩའི་ཉེན་ཁའི་སྒྲིག་གཞིའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཉེན་ཁ་སྣ་ཚོགས་ནོར་སྲིད་ཕྱོགས་སུ་གནས་སྤོ་དང་གཅིག་འདུས་བྱེད་པར་བཀག་འགོག་མཐའ་གཅིག་ཏུ་བྱས། སྲིད་གཞུང་གི་བུ་ལོན“གཡོར་བ། བཀོལ་བ། སྤྲོད་པ། དོ་དམ། ཚོད་འཛིན”བཅས་ཀྱི་འབྲེལ་ཐག་ཡོངས་ཀྱི་དོ་དམ་ལག་བསྟར་ནན་མོ་བྱས་པ་དང་། ཉེན་ཁའི་དཔྱད་དཔོག་དང་རྟོག་འཇལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། མངོན་མེད་བུ་ལོན་གྱི་གསོག་ཚད་ཧུར་ཐག་གིས་གཙང་སེལ་བྱས་པ་བཅས་མ་ལག་རང་བཞིན་དང་ཡུལ་ཁོངས་རང་བཞིན་གྱི་ཉེན་ཁའི་མ་མཐའ་བརྟན་སྲུང་བྱས། ནོར་ཤུགས་གཏོང་ཕྱོགས་གཞི་རིམ་དུ་ཕྱོགས་པ་རྒྱུན་འཁྱོངས་དང་། ལུགས་མཐུན་སྒོས་མ་དངུལ་བཀོད་གཏོང་བྱེད་པ། སྔོན་རྩིས་བཀོད་སྒྲིག་གི་དངུལ་གཏོང་སྔོན་ལ་འཇོག་པ་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། “འགན་ལེན་གསུམ”གྱི་འགྲོ་གྲོན་འདང་ངེས་ཀྱིས་བཀོད་སྒྲིག་བྱས་པ་དང་། གཞི་རིམ་གྱི“འགན་ལེན་གསུམ”གྱི་འགྲོ་གྲོན་གྱི་མ་མཐའ་བརྟན་པོ་སྲུང་། 

(གཉིས།) “ལས་འགན་གཙོ་བོར”དམིགས་ནས་མཉམ་འཛིན་མཉམ་ལས་ཀྱིས་ནོར་སྲིད་ཀྱི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། “དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཚད་ཇེ་མཐོར་དང་ཕན་འབྲས་ཇེ་ཆེར། སྔར་བས་རྒྱུན་མཐུད་ཐུབ་པའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་། ནོར་སྲིད་ཀྱི་གཏོང་ཡོང་དོ་དམ་ལ་ཤུགས་སྣོན་བྱེད་པ་གཙོ་རུ་བཟུང་བ་དང་། ནོར་སྲིད་ཀྱི་ལས་སྒོ་གཙོ་བོ་དམ་འཛིན་དང་རྨང་གཞི་སྲ་བརྟན་གཏོང་བའི་འགན་འཁྲི་ཕྲག་ཏུ་འཁུར་ནས་ནོར་སྲིད་བྱ་བའི་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་། གཅིག་ནི་ནོར་སྲིད་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། རྙོག་འཛིང་ཆེ་བའི་དུས་བབ་དང་ཁྲལ་རིན་གཉིས་གཅོག པྲོག་གསར་རིམས་ནད་སོགས་ཀྱིས་ནོར་སྲིད་ཡོང་འབབ་ལ་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་ནས། ཧུར་ཐག་གིས་ནོར་སྲིད་དཔལ་འབྱོར་གྱི་འཁོར་སྐྱོད་རྣམ་པར་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་བཏང་ཞིང་། ནོར་ཁྲལ་གྱི་བསྡུ་ལེན་དང་དོ་དམ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་བ། གཙོ་གནད་ལས་རིགས་དང་གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་དང་ལས་གཞིའི་འཕེལ་རིམ་ལ་དམ་པོར་དམིགས་ཏེ། ཧུར་ཐག་གིས་མི་མངོན་པའི་ནུས་ཤུགས་སྔོག་འདོན་སྒོས་ཡོང་འབབ་འཕར་སྣོན་བྱས། ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ“ཐེངས་གཉིས་བསྟུད་མར་འཕར་བ”མངོན་འགྱུར་བྱུང་ནས་ལོ་རེར་ཆ་སྙོམས་ཀྱིས31.28%འཕར་སྣོན་བྱུང་ཡོད། གཉིས་ནི་ཁ་གསབ་བརྩོན་ལེན་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན། གོང་རིམ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱ་རྒྱུ་དེ་གལ་ཆེའི་ལས་དོན་ཞིག་ཏུ་བཟུང་ནས་མཚོ་བྱང་ཁུལ་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་ཡང་དག་བྱས་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་དང་མ་དངུལ་གཏོང་ཕྱོགས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ། བོད་ཁུལ་གྱི་འཕེལ་རྒྱས་དང་ཡུལ་སྡེ་དར་སྤེལ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུར་དམིགས་ཤིང་། གོང་རིམ་ལ་སྙན་ཞུ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྒོར་དུང་ཕྱུར46.3བརྩོན་ལེན་བྱས། ན་ནིང་དང་བསྡུར་ན3.8%འཕར་ཡོད་ལ། ཞིང་ཆེན་གྱི་དུས་མཚམས་རང་བཞིན་གྱི་ནོར་ཤུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1དང་དམིགས་བསལ་དཀའ་ངལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར0.84། གསར་སྣོན་གྱི་བུན་འཛིན་མ་དངུལ་སྒོར་དུང་ཕྱུར4.09བཅས་བརྩོན་ལེན་བྱས། གསུམ་ནི་འགྲོ་གྲོན་གྱི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བཏང་བ། འགྲོ་གྲོན་ཞིབ་རྩིས་བྱེད་ཐབས་སྒྱུར་བཅོས་ཀྱི་དམིགས་བསལ་རྒྱུ་རྐྱེན་དང་། མགོ་ཁུངས་ནས་སྔོན་རྩིས་གཤམ་སྤྲོད་བྱེད་ཚད་མགྱོགས་སུ་བཏང་བ། སྔོན་རྩིས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚབ་སྤྲོད་དང་སྔོན་སྤྲོད། གསོག་དངུལ་འཁྲུག་ཆ་དོད་དུ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔོན་རྩིས་སྡེ་ཚན་ལ“མ་དངུལ་གཏོང་དགོས་པའི་རིགས་ཅི་ནུས་ཀྱིས་གཏོང་བ”བྱས་ཏེ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་གྲོན་དེ་ན་ནིང་གི་དུས་མཚུངས་ལས0.14%འཕར་ཡོད།

 (གསུམ།) “དམངས་འཚོའི་བདེ་སྐྱིད་ལ་དམིགས”ཏེ་ནོར་སྲིད་ཀྱི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་། དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་བརྟན་པོ་འཇོག་པར་འགན་སྲུང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ནོར་སྲིད་བྱ་བའི་གཙོ་གནད་དུ་བཟུང་སྟེ། སྤྱི་དམངས་ཀྱི་དགོས་མཁོ་དམིགས་བསལ་གྱིས་སྔོན་ལ་སྐོང་བ་དང་། མང་ཚོགས་ཀྱི་དོན་དངོས་ལེགས་པར་བསྒྲུབས། སློབ་གསོའི་བྱ་གཞག་གི་ཞན་ཆ་ཤུགས་ཆེན་པོས་གསབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྔོན་སློབ་གསོ་ནས་མཐོ་རིམ་སློབ་གསོའི་དུས་མཚམས་བར་གྱི་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། གཞུང་བཙུགས་སློབ་གྲྭའི་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པའི་སློབ་ཡོན་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ཤིང་། “གཉིས་འཕྲི”སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་དང་འོས་འགན་སློབ་གསོའི་ཉམས་ཞན་ལྷུ་ཚིགས་ཇེ་ལེགས་དང་ནུས་པ་ཇེ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་།  ནུས་ཤུགས་ཡོད་རྒུས་སློབ་གསོའི་བྱ་གཞག་གི་ཞན་ཆ་གསབ་པ། མཁར་གྲོང་གི་འོས་འགན་སློབ་གསོའི་འགན་ལེན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སློབ་སྔོན་ནས་མཐོ་རིམ་སློབ་གསོའི་དུས་མཚམས་བར་གྱི་སློབ་མར་རོགས་སྐྱོར་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ནས། གཞུང་བཙུགས་སློབ་གྲྭའི་སློབ་མ་རེ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་དང་མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པའི་སློབ་ཡོན་ཁ་གསབ་ལམ་ལུགས་ལག་བསྟར་བགྱིས་ཏེ། “གཉིས་འཕྲི”སྲིད་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར་གནང་བ་བཅས་བྱས་ནས་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་དང་འོས་འགན་སློབ་གསོའི་ཉམས་ཞན་ཁ་གསབ་དང་ནུས་པ་མཐོར་འདེགས་སུ་བཏང་། ལས་གནས་བརྟན་པོའི་ལས་ཞུགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཏེ། ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.16གཤམ་སྤྲོད་བྱས་ནས། ལས་རིགས་ནུས་རྩལ་མཐོར་གཏོང་བྱེད་སྒོ་ལག་བསྟར་བྱེད་པར་རྒྱབ་སྐྱོར་གནང་སྟེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་དོན་འཁྱོལ་བཅས་བྱས་ནས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་གནད་དོན་ལ་སྤྱི་འདོམས་ཐག་གཅོད་བྱས། བདེ་ཐང་གི་མཚོ་བྱང་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་བཏང་བ། སྒོ་ཀུན་ནས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ནོར་སྲིད་མ་དངུལ་བཀོད་སྒྲིག་གི་ལས་ཕྱོད་ཇེ་མཐོར་བཏང་སྟེ། ས་ཁོངས་ཀྱི་མི་འབོར་དང་སྨན་ཁང་གི་འཁོར་སྐྱོད་དམིགས་ཚད་གཙོ་བོར་བཟུང་ནས། ཁ་གསབ་མ་དངུལ་སྒོར་ཁྲི5000གཤམ་སྤྲོད་བྱས་ཏེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མི་རེའི་ཆ་སྙོམས་ཁ་གསབ་རོགས་དངུལ་དང་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་ཇེ་མཐོར་བཏང་ནས་སོ་སོར་སྒོར84དང་སྒོར976སླེབས་ཡོད། སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་བ། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་འགན་འཁྲི་ཁག་བགོས་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་ཏེ། མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ཇེ་མཐོར་བཏང་ནས། གྲོང་ཁྱེར་དང་ཞིང་སྡེ་སོ་སོར་ཟླ་རེར་སྒོར665དང་སྒོར432སླེབས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.68བཏང་ཡོད། ཁུལ་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ་ཁྲི2.06གི་གཞི་རྩའི་འཚོ་བ་འགན་ལེན་བྱས་ཏེ། མཁར་གྲོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི1.77ལ་སྐབས་འཕྲལ་རོགས་སྐྱོབ་བྱས། རིག་གནས་ལུས་རྩལ་དང་གནས་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་འགན་སྲུང་བྱས་པ། སྔོན་ལ་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ། མུ་མཐུད་དུ་སྤྱི་པའི་རིག་གནས་ལུས་རྩལ་ཁང་རིན་མི་ལེན་པར་སྒོ་མོ་འབྱེད་པར་རྒྱབ་སྐྱོར་བགྱིས་ནས། ནུས་ཤུགས་ཡོད་རྒུས་ཡུལ་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གསར་འཛུགས་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་རྙིང་བ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བར་སྐུལ་འདེད་བྱས་ནས། ཏན་ཏིག་སྒོས་རིག་གནས་ཀྱི“འཇམ་ཤུགས”མཐོར་འདེགས་སུ་བཏང་ཡོད། ཡུལ་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ། ནོར་སྲིད་ཀྱིས་མ་དངུལ་གཏོང་བ་དང་དངུལ་རྩའི་ཞབས་ཞུ་སོགས་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་རྒྱུན་བསྐྱངས་ཏེ། གོང་རིམ་ནོར་སྲིད་ཀྱིས་ཡུལ་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.69བརྩོན་ལེན་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་བྱེད་ཚད་རིམ་བཞིན་ཇེ་མཐོར་བཏང་སྟེ། ཡུལ་སྡེ་དར་སྤེལ་ལ་སྐུལ་འདེད་བརྟན་པོ་གཏོང་བར་རྨང་གཞི་བཏིང་ཡོད། ནོར་སྲིད་ཀྱི་ཞིང་སྐྱོར་སྲིད་ཇུས་ཕན་འབྲས་སྔར་བས་ཆེ་རུ་བཏང་བ་དང་། ཞིང་ཕྱུགས་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་བྱེད་པོའི“མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་གནས་མཐོ་བའི”གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན། 

(བཞི།)“སྤུས་ཚད་མཐོ་བའི་འཕེལ་རྒྱས”ལ་དམིགས་ཏེ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ནོར་སྲིད་ཞབས་ཞུའི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན། ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ནོར་སྲིད་མ་དངུལ་གྱིས་སྲིད་གཞུང་གི་མ་འཇོག་བརྟན་པོ་དང་། དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད། འཐབ་ཇུས་གལ་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་རྨང་གཞིའི་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱུང་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པས་བཏོན་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་ལ་རྗེས་སྙེག་ཧུར་ཐག་དང་ཇི་མ་ཇི་བཞིན་ལག་བསྟར་བྱས། ཟླ1པོ་ནས་ཟླ11པའི་བར་ཁུལ་ཡོངས་སུ་ཇེ་ཉུང་དུ་བཏང་བའི་དཔྱ་ཁྲལ་སྒོར་ཁྲི2799གསར་སྣོན་བྱུང་། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དེས་ཁྲོམ་རའི་བྱེད་པོར་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱི་ཕན་པ་ཐོབ་པ་དང་། ཁེ་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་ཁྲོམ་རའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། ནོར་ཁུངས་འཛུགས་སྐྲུན་གནད་ཁེལ་ནུས་ལྡན་དུ་གྱུར་བ། ནོར་སྲིད་དང་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་སྲིད་ཇུས་ཀྱི་ལམ་ཕྱོགས་ལ་གཞི་ཚུགས་ནས་ཁེ་ལས་ཕན་འབྲས་ཀྱི“སྣོན་ཐབས”དང་ཁྲོམ་རའི་གསོན་ཤུགས་ཀྱི“སྒྱུར་ཐབས”ཡག་པོ་བསྒྲུབས། ཕྱོགས་གཅིག་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་བྱས་པ་དང་། ཐོན་ལས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི4000མུ་མཐུད་དོན་འཁྱོལ་བྱས་ཤིང་། དངུལ་བུན་གྱི་སྐྱེད་གསབ་དང་། གཏན་འཇགས་རྒྱུ་ནོར་གྱི་བྱ་དགའི་ཁ་གསབ། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་བྱ་དགའ་ཁ་གསབ་དང་ཟམ་སྒྲོལ་ཐེབས་རྩ་སོགས་སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་མངོན་གསལ་དོད་པོ་བྱས་པ། དངུལ་རྩས་དམངས་གཉེར་དང་ཁེ་ལས་ཆུང་གྲས་ལ་ཞབས་ཞུ་བྱེད་པའི་སྲིད་ཇུས་དོན་ཚན་བཅུ་གསུམ་དམ་འཛིན་ནན་པོ་བྱས་ཏེ། དམངས་གཉེར་དང་ཁེ་ལས་ཆུང་གྲས་ལ་གནད་སྨིན་རོགས་སྐྱོར་བྱས། ཕྱོགས་གཞན་ཞིག་ནས་ཁེ་ལས་ལ་ཕན་པ་དང་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བསྐྲུན་པ་བརྒྱུད། ཁེ་ལས་དང་དངུལ་རྩའི་སྒྲིག་གཞིས“ཐད་ཀར་གླེང་མོལ”གྱི་ལས་སྟེགས་བཏོད་པ་དང་། སྔར་ལས་མང་པོའི་སྤྱི་ཚོགས་ཀྱི་མ་རྩས་དམངས་གཉེར་དང་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་བྱས་ཏེ།  དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་ཆེ་རུ་བཏང་ཡོད། 2021ལོར། མཚོ་བྱང་ཁུལ་ལ་ནོར་སྲིད་ཀྱིས་དམངས་གཉེར་དང་ཁེ་ལས་ཆུང་བར་རོགས་སྐྱོར་བྱེད་པའི་དངུལ་རྩའི་ཞབས་ཞུ་ཚོད་ལྟའི་གྲོང་ཁྱེར་གྱི་བྱ་དགའ་སྒོར་ཁྲི5000ཐོབ་ཡོད། གཙོ་གནད་ལས་གཞིའི་བཟོ་སྐྲུན་གྱི་འདེགས་སྐྱོར་ནུས་ལྡན་བྱས་པ། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར11.6གཤམ་སྤྲོད་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་དང་ཆུ་བེད་སྒྲིག་བཀོད་སོགས་འཛུགས་སྐྲུན་གྱི་མ་དངུལ་དགོས་མཁོ་འགན་ལེན་བྱས་ཤིང་། གཙོ་གནད་ལས་གཞི་དུས་ལྟར་ལས་མགོ་འཛུགས་རྒྱུ་དང་དུས་ཐོག་ཏུ་སྐུལ་འདེད་གཏོང་རྒྱུར་ཁག་ཐེག་བྱས། མཛེས་སྡུག་ལྡན་པའི་མཁར་གྲོང (གྲོང་ཁྱེར་དང་གྲོང་རྡལ)དང་། ཁྱད་ལྡན་གྲོང་རྡལ་ཆུང་གྲས། གཞིས་ཁུལ་རྙིང་བའི་སྒྱུར་བཀོད། གསང་སྤྱོད་གསར་བརྗེ། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སོགས་པའི་གཙོ་གནད་ལས་གཞིར་རྒྱབ་སྐྱོར་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར4.36བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དང་། གཙོ་བོ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་དང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ། ས་རྒྱུའི་སྦགས་བཙོག་འགོག་བཅོས། སྐྱེ་ཁམས་བྱ་དགའི་ཁ་གསབ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུར་བཀོད་སྒྲིག་བྱས་པ་རེད། “མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ”བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་ལས་དོན་དེ་སྤྱིའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཐད་མ་དངུལ་སྒོར་ཁྲི2500བཏང་ནས་མུ་རི་གཏེར་ཁུལ་དང་། དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས། 

(ལྔ།) “སྔར་ལས་རྒྱུན་མཐུད་ཐུབ་པར”དམིགས་ཏེ། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་སྤེལ། གནད་དོན་ཁྲིད་ཕྱོགས་དང་མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། སྔོན་རྩིས་དོ་དམ་སྒྱུར་བཅོས་ཁྱོན་ཡོངས་ནས་མགྱོགས་སུ་བཏང་སྟེ། དེང་རབས་ཀྱི་ནོར་ཁྲལ་སྒྲིག་སྲོལ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས། གཅིག་ནི་སྔོན་རྩིས་དོ་དམ་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་། 《སྔོན་རྩིས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》དང《སྔོན་རྩིས་དོ་དམ་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་སྲིད་ཇུས་ཀྱི་བླང་བྱ་གསར་ཤོས་རང་འགུལ་ངང་མཉམ་བསྲེས་བྱས་ནས《ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱེད་ཐབས》བསྐྱར་དུ་བཟོ་བཅོས་བརྒྱབ་པ་དང་། 《ཁུལ་གྱིས་རྫོང་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་དོ་དམ་བྱེད་ཐབས》བཟོས་ཏེ། སྔོན་རྩིས་དོ་དམ་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། “གཞི་གྲངས+འཕར་སྣོན”གྱི་སྔོན་རྩིས་བཀོད་སྒྲིག་བྱེད་སྟངས་ལས་སྒྲོལ་ནས“ཅི་ཞིག་བྱེད”དང“ཇི་ལྟར་བྱེད”པ། “མ་འཇོག་དང་ཐོན་འབབ་བསྡུར”བ་བཅས་སྔོན་རྩིས་བཀོད་སྒྲིག་གི་དོ་ཁུར་བྱ་ཡུལ་གཙོ་བོར་བརྩིས་ནས། བྱས་འབྲས་དོ་དམ་དང་མཉམ་འདྲེས་གང་ལེགས་ཀྱིས་ཐིག་རྨང་སྔོན་རྩིས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། ལས་འབོར་གྲངས་ཀའི་སྔོན་རྩིས་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས། སྔོན་རྩིས་ཀྱི་སྒྲིག་འབྲི་དང་ཞིབ་བཤེར་མུ་མཐུད་དུ་ཚད་ལྡན་བཟོས། “ལམ་ལུགས+ལག་རྩལ”གྱི་སྔོན་རྩིས་དོ་དམ་ཚོད་འཛིན་ལམ་སྲོལ་བཙུགས་ཏེ་སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་མ་ལག་ཁུལ་ཡོངས་སུ་བདེ་བླག་ངང་འཁོར་རྒྱུག་ཐུབ་པ་བྱས་ཡོད། གཉིས་ནི་སྔོན་རྩིས་བྱས་འབྲས་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ། སྔོན་རྩིས་བྱས་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁུལ་རིམ་པའི་ལས་ཁུངས98ཀྱི་ལས་གཞི465ཚང་མ་བྱས་འབྲས་དོ་དམ་ཁྱབ་ཁོངས་ནང་བཅུག་ནས་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྡེ་ཚན་གྱི་སྤྱིའི་འགྲོ་གྲོན་གྱི་བྱས་འབྲས་གདེང་འཇོག་ལས་དོན་སྤེལ་བ་དང་། ལས་ཀའི་སྔོན་གྱི་བྱས་འབྲས་དཔྱད་དཔོག་བྱེད་ཐབས་འཚོལ་ཞིབ་དང་། སྔོན་རྩིས་བྱས་འབྲས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྡེ་ཁག་སོ་སོའི་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་བྱས་ཏེ། ཚད་ཡོད་ཀྱི་ནོར་སྲིད་མ་དངུལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་བེད་སྤྱོད་བཏང་བ་དང་། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་བཏང་བ་མ་ཟད། ཞིང་ཆེན་གྱིས་འོག་རིམ་ནོར་སྲིད་དོ་དམ་གྱི་ཕྱོགས་བསྡུས་བྱས་འབྲས་དཔྱད་ཞིབ་བྱེད་པའི་ཁྲོད་། ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད། གསུམ་ནི་ནོར་སྲིད་ཀྱི་རྨང་གཞིའི་དོ་དམ་རྒྱུན་མཐུད་ངང་ཞིབ་ཚགས་སུ་བཏང་། ནོར་སྲིད་ཀྱི་གསོག་ཉར་མ་དངུལ་ཕྱོགས་ཡོངས་ནས་གཙང་སེལ་དང་འཁྲུག་ཆ་དོད་པར་བྱས་ཏེ། “བསྡུ་ལེན་དང་ལེགས་སྒྲིག  ཉུང་གཏོང་། ཚོད་འཛིན”བཅས་རྒྱུན་རྣམ་ཅན་གྱི་རིགས་དབྱེའི་ཐག་གཅོད་བྱེད་ཐབས་དོན་འཁྱོལ་བྱས། ལོ་གཉིས་ཡན་གྱི་གསོག་ཉར་མ་དངུལ་ཚང་མ་ཚུར་སྡུད་སྒོས་གཅིག་གྱུར་བེད་སྤྱོད་བྱས། མ་དངུལ་གྲོན་ཆུང་གི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། “གཞུང་གསུམ་གྲོན་དངུལ”གྱི་འགྲོ་གྲོན་ཚོད་འཛིན་ནན་མོ་བྱས། ཐད་ཀར་འབྱོར་བའི་མ་དངུལ་གྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ། ས་གནས་སྲིད་གཞུང་གི་གསར་སྣོན་བྱུང་བའི་བུན་འཛིན་མ་དངུལ་དེ་འོས་འཚམ་གྱི་བཀོད་སྒྲིག་དང་བེད་སྤྱོད་བཏང་། འགྲོ་གྲོན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་ནོར་སྲིད་མ་དངུལ་གྱིས་ཁེ་ལས་དང་མི་དམངས་ལ་ཕན་པ་བཟོ་བ་དང་། བེད་སྤྱོད་ཚད་ལྡན་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་། རྩིས་གཉེར་ཞིབ་རྩིས་ཀྱི་ལས་མགོའི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་སྒོའི་བརྒྱུད་རིམ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་སྒྲིག་འགལ་གྱི་འགྲོ་གྲོན་དོན་ཚན་སྣ་ཚོགས་གཏན་འགོག་བྱས། ལས་ཁུངས་དང་བྱ་གཞག་ཚན་པའི་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ《སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་སྲོལ་ཡིག》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། 

འཐུས་མི་རྣམ་པ། 2021ལོའི་ནོར་སྲིད་ལས་དོན་ཐད་བླངས་པའི་གྲུབ་འབྲས་ནི། ཁུལ་ཨུས་གཅིག་གྱུར་ལྟ་རྟོག་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་བྱས་པའི་འབྲས་བུ་ཞིག་དང་།  དམངས་ཆེན་དང་སྲིད་གྲོས། དེ་བཞིན་འཐུས་མི་དང་ཨུ་ཡོན་བཅས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པའི་འབྲས་བུ། རྫོང་ཁག་སོ་སོ་དང་སྡེ་ཁག་སོ་སོས་མཐུན་སྒྲིལ་མཉམ་ལས་དང་ལྷན་ཅིག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་ཡིན། 

དེ་དང་ཆབས་ཅིག ང་ཚོས་གསལ་བོར་ཤེས་ཡོད་པ་ནི། 2022ལོའི་ནོར་སྲིད་ཀྱི“རེ་ཞིག་དོ་མཉམ”གྱི་གནོན་ཤུགས་རྒྱུན་མཐུད་ངང་གནས་པ་དང་། ཁུལ་ཡོངས་ཀྱི་ནོར་སྲིད་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་སྔར་བས་དཀའ་ཚེགས་ཆེ། མངོན་ཚུལ་གཙོ་བོ་ནི། གཅིག་ནས་གོང་རིམ་གྱི་ཁ་གསབ་བརྩོན་ལེན་བྱེད་པའི་ཐད་སྔར་བཞིན་དཀའ་ངལ་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་ཁྲལ་རིན་གཉིས་གཅོག་གི་ནུས་སྣང་ཐོན་བཞིན་པ། ཕྱིའི་ཉེན་ཁ་བརྒྱུད་མཆེད་སོགས་རྒྱུ་རྐྱེན་དབང་གིས་གོང་རིམ་ནོར་སྲིད་ཀྱི་ཡོང་འབབ་འཕར་སྣོན་ལ་ཚོད་འཛིན་ཕོག་པ། གཞི་རིམ་གྱིས་ཁ་གསབ་བརྩོན་ལེན་བྱེད་པའི་གནོན་ཤུགས་ཆེན་པོ་ཡོད། གཉིས་ནས་ཡོང་སྒོ་འཕར་བའི་དཀའ་ཁག་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བཞིན་ཡོད། མངའ་ཁོངས་ནང་གི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞི་ཆེ་གྲས་གཅིག་རྗེས་གཉིས་མཐུད་ངང་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། ས་གནས་ཀྱི་ཁྲལ་གྲོན་ཡོང་འབབ་རྒྱུན་མཐུད་བརྟན་བརླིང་ངང་གོང་འཕར་འགྲོ་བར་ངེས་མེད་ཀྱི་སྣང་ཚུལ་མངོན་ཡོད། དེ་དང་ཆབས་ཅིག ཁུལ་ཡོངས་ཀྱི་བཟོ་ལས་ཐོན་ལས་ཀྱི་འབྲེལ་ཐག་ཐུང་བ་དང་ཐོན་རྫས་སྣ་རྐྱང་ཡིན་པ། ཉེན་ཁ་འགོག་ནུས་ཞན་པ། གནས་སྐོར་ལས་རིགས་སྣེ་ཁྲིད་ཡིན་པའི་ཞབས་ཞུའི་ལས་རིགས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཅུང་ཆེ་བའི་ཁར། རྒྱལ་ཁབ་ཀྱིས་སྡེབ་སྒྲིག་རྣམ་པའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ད་ལོའི་ནོར་སྲིད་ཡོང་འབབ་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད། གསུམ་ནས་ནོར་སྲིད་འགྲོ་གྲོན་གྱི་འགན་སྲུང་གནོན་ཤུགས་ཇེ་ཆེ་ཡིན། གཞི་རིམ་གྱི“འགན་སྲུང་ གསུམ”དང་མངོན་མེད་བུ་ལོན་སེལ་བ་སོགས་འགྱུར་མེད་རང་བཞིན་གྱི་འགྲོ་གྲོན་གྱི་གནད་དོན་རྙིང་པར་གདོང་གཏད་དགོས་པ་མ་ཟད། ད་དུང“ལོ་ལྔ་ཚན་བཅུ་བཞིའི”རིང་གི་འཐབ་ཇུས་ལག་བསྟར་གལ་ཆེན་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན། “ས་གནས་བཞིའི”འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་སོགས་འགྲོ་གྲོན་གྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་པའི་གནད་དོན་གསར་པ་ཡང་འཕྲད་ཡོད། གནད་དོན་གསར་རྙིང་བསྣོལ་སྡེབ་བྱས་པའི་དབང་གིས་ནོར་སྲིད་གཏོང་ཡོང་གི་འགལ་བ་ཧ་ཅང་འབུར་ཐོན་དུ་གྱུར་ཡོད། གཞན་ཡང་། ཁེ་ལས་ཀྱི་ལས་བཟོ་བའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་འགྱུར་ལྡོག་དང་། ཆེད་དོན་བུན་འཛིན་ཁག་གཅིག་གི་མ་དངུལ་བསྡུ་སྒྲིལ་དང་ཡོང་འབབ་དོ་མཉམ་མེད་པ་སོགས་ཀྱི་གནད་དོན་དེས་ཀྱང་སྔོན་རྩིས་ལ་གནོན་ཤུགས་སྟེར་བཞིན་པ་མ་ཟད། ས་ཁུལ་དང་སྡེ་ཁག་ཁག་གཅིག་གིས“འཚོ་བ་དམ་པོ་སྐྱེལ་བའི”བླང་བྱ་དོན་འཁྱོལ་བྱེད་པའི་ཐད་ད་དུང་བློ་ཐག་ཆོད་པོ་མེད་པས་སྔོན་རྩིས་དོ་མཉམ་ཡོང་བར་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། གོང་གསལ་གནད་དོན་ལ་ང་ཚོས་མཐོང་ཆེན་བྱས་ཏེ་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱེད་དགོས། 

གསུམ། 2022ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན།

2022ལོ་ནི“ལོ་ལྔ་ཚན་བཅུ་བཞི་བར”སྐུལ་འདེད་དང་རྒྱང་སྐྱོད་གསར་པ་མགོ་འཛུགས་པའི་འགག་རྩའི་ལོ་ཞིག་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་འཚོགས་པའི་ལོ་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་རྒྱུན་མཐུད་ཀྱི་ལོ་ཞིག་ཀྱང་ཡིན། ད་ལོ་ཁུལ་ཡོངས་ཀྱི་ནོར་སྲིད་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་འཁྱོངས་བྱ་རྒྱུ་གཙོ་བོར་འཛིན་པ་དང་བརྟན་པོའི་ངང་ནས་ཡར་རྒྱས་བརྩོན་ལེན་བྱ་རྒྱུ་མཐའ་འཁྱོངས་སྒོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་ཁེལ་བ། སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། ཕན་ནུས་ཇེ་མཐོར་དང་སྔར་བས་གནད་ལ་ཁེལ་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་དགོས། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་སྔར་བས་ཇེ་ལེགས་སུ་བཏང་ནས་ཁྲལ་རིན་གཉིས་གཅོག་དང་དཔལ་འབྱོར་བརྟན་བརླིང་ཡོང་བར་ཕན་པའི་སྲིད་ཇུས་དང་བྱེད་ཐབས་གསར་པ་དོན་འཁྱོལ་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ཇེ་དམ་ཇེ་བརྟན་དུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཏང་སྲིད་ལས་ཁུངས་ཀྱིས་དཀའ་ཚེགས་ཀྱི་འཚོ་བ་སྐྱེལ་རྒྱུ་མཐའ་འཁྱོངས་དང་། སྔོན་རྩིས་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མ་དངུལ་ལ་ལྟ་སྐུལ་དོ་དམ་དང་བྱས་འབྲས་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པ། ཐོན་ལས་ཀྱི“གནས་བཞི”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཧུར་ཐག་གིས་སྐུལ་འདེད་བྱེད་པ་དང་། དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མ་མཐའ་བརྟན་པོ་སྲུང་བ་དང་། སྲིད་གཞུང་གི་བུ་ལོན་གསོག་ཚད་བརྟན་བརླིང་གིས་སེལ་ཐབས་བྱེད་པ། ནོར་སྲིད་དེ་བརྟན་བརླིང་གིས་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་ལྡན་པའི་མཚོ་བྱང་གསར་བ་འཛུགས་སྐྲུན་བྱེད་པར་ནོར་སྲིད་ཀྱིས་འདེགས་སྐྱོར་བྱེད་དགོས།

གོང་གསལ་གྱི་བླང་བྱ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་ལྟར། 2022ལོའི་སྔོན་རྩིས་ཀྱི་དམིགས་ཚད་གཙོ་བོ་བཀོད་སྒྲིག་བྱས་པ་གཤམ་གསལ། 

(གཅིག)སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.82བཀོད་སྒྲིག་བྱེད་པ་དང་། ན་ནིང་དང་བསྡུར་ན26.06%འཕར་སྣོན་བྱེད་པ་ཡིན། དེ་ན་ནིང་གི་ཡོངས་འགྲུབ་བྱེད་པའི་གྲངས་ཚད་ལས5.57%འཕར་ཡོད། གོང་རིམ་གྱི་སྣ་སོ་སོའི་ཁ་གསབ་སྒོར་དུང་ཕྱུར61.82(སྔ་སྣུར་གྱི་ཆེད་དོན་ལས་གཞི་སྒོར་དུང་ཕྱུར22.18ཚུད་པ)བཀོད་སྒྲིག་བྱས་ཡོད། ན་ནིང་དང་བསྡུར་ན21.65%འཕར་སྣོན་བྱེད་རྒྱུ་ཡིན། སྔོན་རྩིས་བརྟན་བརླིང་གཏོང་བར་སྙོམས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར5.15སྤྱོད་པའི་འཆར་གཞི་བཀོད་ཡོད་ལ། ན་ནིང་གི་ལྷག་དངུལ་གྱི་ཡོང་སྒོ་སྒོར་དུང་ཕྱུར30.04ཡིན། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར103.83ཡིན། ན་ནིང་དང་བསྡུར་ན69.55%འཕར་ཡོད(ཡོང་སྒོ་དང་འགྲོ་གྲོན་ཞིབ་རྩིས་བྱེད་ཐབས་སྒྱུར་བཅོས་བྱས་པའི་དབང་གིས། ལོ་སྟོད་ཀྱི་སྤྱིའི་ནོར་ཤུགས་སྔོན་རྩིས་བྱས་པའི་ཁྲོད། ལོ་སྔོན་མའི་རྩིས་མཇུག་བསྒྲིལ་ནས་རྩིས་ཁུངས་སྤོས་པའི་ཡོང་སྒོ་སྒོར་དུང་ཕྱུར30.04འདུ་བ་ཡིན།) སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར101.78བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་རིམ་པར་སྤྲད་པའི་འགྲོ་གྲོན་སྒོར་དུང་ཕྱུར1.82ཡིན། སྲིད་གཞུང་གི་བུ་ལོན་གྱི་མ་སྐྱེད་ཕྱིར་སློག་གི་འགྲོ་གྲོན་སྒོར་དུང་ཕྱུར0.23བཀོད་སྒྲིག་བྱས་ཡོད། 

ཁུལ་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.2བཀོད་སྒྲིག་བྱས་ཡོད་ལ། ན་ནིང་དང་བསྡུར་ན33.33%འཕར་སྣོན་བྱེད་རྒྱུ། དེ་ལོ་གོང་མའི་ཡོངས་འགྲུབ་ཀྱི་གྲངས་ཚད་ལས11.11%ཆག་ཡོད། གོང་རིམ་གྱི་སྣ་སོ་སོའི་ཁ་གསབ་སྒོར་དུང་ཕྱུར11.67བཀོད་སྒྲིག་བྱས་ཡོད(དེར་སྔ་ནུར་གྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར4.1འདུ་བ་ཡིན)།ན་ནིང་དང་བསྡུར་ན32.1%འཕར་ཡོད། སྔོན་རྩིས་བརྟན་བརླིང་གཏོང་བར་སྙོམས་སྒྲིག་ཐེབས་རྩའི་མ་དངུལ་སྒོར་དུང་ཕྱུར2.9སྤྱོད་རྒྱུ་དང་། ལོ་སྔུན་མའི་རྩིས་སྒྱུར་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར6.26ཡོད། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར22.03ཡིན། ན་ནིང་དང་བསྡུར་ན81.32%འཕར་སྣོན་བྱེད་རྒྱུ(ཡོང་སྒོ་དང་འགྲོ་གྲོན་གྱི་ཞིབ་རྩིས་བྱེད་ཐབས་སྒྱུར་བཅོས་བྱས་པའི་དབང་གིས་ལོ་སྟོད་དུ་སྔོན་རྩིས་བྱས་པའི་སྤྱིའི་ནོར་ཤུགས་ཁྲོད། ལོ་སྔུན་མའི་རྩིས་སྒྱུར་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར6.26འདུ་བ་ཡིན)། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར21.82བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་རིམ་པའི་ནོར་སྲིད་ལ་སྤྲོད་པའི་འགྲོ་གྲོན་སྒོར་དུང་ཕྱུར0.21ཡིན། གཙོ་བོ་ཡུལ་སྡེ་དར་སྤེལ་དང་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་སྐྱོར་གྱི་ཆེད་དོན་མ་དངུལ་སྒོར་ཁྲི4000བཀོད་སྒྲིག་དང་། “ཤེས་དཔལ་མཚོ་བྱང”འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི1000དང་། གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི2700དང་། སྣ་སོ་སོའི་དམངས་འཚོའི་ཆ་སྡེབ་ལ་མ་དངུལ་སྒོར་ཁྲི2536(མ་མཐའི་འཚོ་བ་འགན་ལེན་དང་། འཆར་ལྡན་བུ་བཙའ། ལས་ཞུགས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ། སློབ་གསོ་སོགས)དང་། འཕྲལ་མྱུར་རྒུད་སྐྱོབ་གྲོན་དངུལ་སྒོར་ཁྲི1400དང་། སྲིད་གཞུང་གི་བུ་ལོན་སྐྱེད་སྤྲོད་མ་དངུལ་སྒོར་ཁྲི4000དང་། ནོར་སྲིད་ཀྱི་གྲབས་དངུལ་སྒོར་ཁྲི1121བཅས་བཀོད་སྒྲིག་བྱས་ཡོད། 

(གཉིས།) སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར1.06བཀོད་སྒྲིག་དང་། གོང་རིམ་གྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར0.02དང་། ལོ་གོང་མའི་ལྷག་འཕྲོའི་ཡོང་འབབ་སྒོར་དུང་ཕྱུར0.1དང་། ཁྱོན་བསྡོམས་ཡོང་འབབ་སྒོར་དུང་ཕྱུར1.18བཀོད་སྒྲིག་བྱས་ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་གྲོན་སྒོར་དུང་ཕྱུར1.18བཀོད་སྒྲིག་བྱས་ཡོད།

 (གསུམ།) སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.3བཀོད་སྒྲིག་བྱས་པ་དང་། ལོ་གོང་མའི་ལྷག་གྲངས་སྒོར་དུང་ཕྱུར8.94དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར2.83། ལོ་མཇུག་ཏུ་ལྷག་གྲངས་སྒོར་དུང་ཕྱུར10.41བཀོད་སྒྲིག་བྱས་ཡོད།

ཁུལ་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.83བཀོད་སྒྲིག་བྱས་པ་དང་། ལོ་གོང་མའི་ལྷག་དངུལ་སྒོར་དུང་ཕྱུར5.47དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར2.2དང་། ལོ་མཇུག་ཏུ་ལྷག་གྲངས་སྒོར་དུང་ཕྱུར6.1བཀོད་སྒྲིག་བྱས་ཡོད། 

(བཞི།) རྒྱལ་དབང་མ་རྩ་གཉེར་སྐྱོང་གི་སྔོན་རྩིས། རྒྱལ་ཁབ་ལ་དབང་བའི་མ་རྩའི་གཉེར་སྐྱོང་སྔོན་རྩིས་དེ་ཁུལ་རིམ་པའི་ཁེ་ལས་ཁག་གི་ཁྲོད་དུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་རྒྱུ་དང་། རྫོང་རིམ་པར་རྒྱལ་དབང་མ་རྩའི་གཉེར་སྐྱོང་གི་ཡོང་སྒོ་མེད། ཁུལ་རིམ་པའི་རྒྱལ་དབང་མ་རྩའི་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་ཁྲི7བཀོད་སྒྲིག་དང་། ལོ་སྔོན་མའི་ལྷག་དངུལ་སྒོར་ཁྲི8དང་། རྒྱལ་དབང་མ་རྩའི་གཉེར་སྐྱོང་གི་སྔོན་རྩིས་འགྲོ་གྲོན་སྒོར་ཁྲི13བཀོད་སྒྲིག་བྱས་པ་དང་། དེ་ལས་མ་དངུལ་སྒོར་ཁྲི2སྙོམ་སྒྲིག་བྱས། 

བཞི། 2022ལོའི་ནོར་སྲིད་ཀྱི་གཙོ་གནད་ལས་དོན།

2022ལོར་ང་ཚོས《སྔོན་རྩིས་བཅའ་ཁྲིམས》དང《སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་སྣ་སོ་སོའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནུས་ཕྱོད་ཇེ་ཆེར་དང་། གནད་སྨིན་ལ་དེ་བས་མཐོང་ཆེན་བྱེད་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྣ་སོ་སོའི་དམིགས་ཚད་ལས་འགན་དེ་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན། དེར་བརྟེན། ང་ཚོས་གཤམ་གསལ་གྱི་ལས་དོན་ཁག་གཙོ་གནད་དུ་བྱས་ཏེ་དམ་འཛིན་ཡག་པོ་བྱེད་རྒྱུ་ཡིན། 

(གཅིག) “བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་འགན་ནུས་ཀྱིས་ཆེ་མཐོང་དཔལ་འབྱོར་བརྟན་བརླིང་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས། གཅིག་ནི་ནོར་སྲིད་ཀྱི་གཏོང་ཡོང་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། སྔོན་དཔག་དམིགས་ཚད་ཀྱིས་ཡོང་སྒོའི་སྒྲིག་འཛུགས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དཔྱ་ཁྲལ་བསྡུ་ལེན་ལས་ཁུངས་ཀྱི་བསྡུ་ལེན་དང་དོ་དམ་ལ་ལྟ་སྐུལ་བྱས་ཏེ། གཏིང་ཤུགས་སྔོག་འདོན་གྱིས་ཡོང་སྒོ་འཕར་སྣོན་དང་བསྡུ་ལེན་བྱེད་དགོས་པ་དག་ཅི་ནུས་ཀྱིས་བསྡུ་བ་མངོན་འགྱུར་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་དང་སྲིད་ཇུས་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འདོན་བཞིན་པའི་གོ་སྐབས་བཟང་པོར་དམ་འཛིན་ནན་མོ་བྱས་ཏེ། ཡུལ་ཁོངས་ཀྱི་དགེ་མཚན་འཚོལ་ཞིབ་གནད་ཁེལ་དང་དམིགས་བསལ་གྱི་རྒྱུ་རྐྱེན་སྔོག་འདོན་བྱས་ནས་མ་དངུལ་བརྩོན་ལེན་གྱི་སྤྱི་འབོར་མུ་མཐུད་དུ་རྒྱ་སྐྱེད་གཏོང་དགོས། ནོར་སྲིད་སྔོན་རྩིས་འགྲོ་གྲོན་གྱི་བཀོད་གཏོང་ལམ་སྲོལ་འཐུས་ཚང་བཟོས་ནས་འགྲོ་གྲོན་གཏོང་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ནོར་སྲིད་མ་དངུལ་གྱི་དུས་ཐོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཏང་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་དཀའ་ཚེགས་འཚོ་བ་སྐྱེལ་བའི་བླང་བྱ་དོན་འཁྱོལ་དང་། སྤྱིར་བཏང་རང་བཞིན་གྱི་འགྲོ་གྲོན་ལ་ཚོད་འཛིན་ནན་མོ་བྱས་ཏེ། ངེས་གཏན་མིན་པའི་འགྲོ་གྲོན་དེ་མུ་མཐུད་དུ་ཇེ་ཉུང་དུ་བཏང་ནས་ནོར་སྲིད་མ་དངུལ་གྱི་བཀོད་སྒྲིག་དང་བེད་སྤྱོད། སྤུས་ཚད། ནུས་ཕྱོད་བཅས་མཐོར་འདེགས་སུ་གཏོང་དགོས། གཉིས་ནི་ནོར་དཔལ་སྒྲིག་ལམ་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས། ནོར་དཔལ་སྒྲིག་ལམ་དམ་དུ་གཏོང་བ་དེ་སྔོན་རྩིས་སྒྲིག་འབྲི་དང་ལག་བསྟར། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ནོར་སྲིད་ཀྱི་ཐོན་ཁུངས་དང་རྒྱུ་ནོར། མ་དངུལ་བཅས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་བཅོས་སྐྱོང་ཧུར་ཐག་བྱེད་པ། རྫོང་དང་སྡེ་ཁག་སོ་སོས་ནོར་སྲིད་དོ་དམ་དང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བྱས་འབྲས་གདེང་འཇོག་དང་འཁོར་སྐྱོད་ལྟ་སྐུལ་ཚོད་འཛིན་གྱི་འབྲས་བུ་བེད་སྤྱོད་བྱེད་པར་ཤུགས་སྣོན་བརྒྱབ་ནས་བྱས་འབྲས་ཀྱི་ཕུགས་འབྲས་དང་སྲིད་ཇུས་འཐུས་ཚང་བཟོ་བ། སྔོན་རྩིས་ཀྱི་བཀོད་སྒྲིག་ལེགས་སྒྲིག་བྱེད་པ་བཅས་འབྲེལ་མཐུད་གང་ལེགས་བྱས་ཏེ། ནུས་ཕྱོད་ཆུང་བའི་མ་དངུལ་ཉུང་དུ་གཏོང་བའམ་ཡང་ན་མེད་པར་བཟོ་དགོས། ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བྱེད་པ་དང་། མ་དངུལ་བཀོད་སྒྲིག་གི་དུས་མགོའི་ཞིབ་བཤེར་གྱི་ནུས་པ་འདོན་སྤེལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་ལས་བརྒལ་ཏེ་ཚད་གཞི་དང་ཁྱབ་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་དང་། རྨོངས་ཚོད་ངང་ལས་གཞི་ལག་ལེན་བྱེད་པ་བཀག་འགོག་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཏན་ཏིག་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་རྩད་ཞིབ་བྱེད་པར་དམ་འཛིན་ཡག་པོ་བྱས་ཏེ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསར་དུ་འཕར་བར་བཀག་སྡོམ་མཐའ་གཅིག་ཏུ་བྱེད་དགོས། འཇུ་ལག་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་མ་དངུལ་གྲབས་གསོག་དང་འགན་ལེན་ཧུར་ཐག་བྱེད་དགོས། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། རིམས་ནད་འགོག་སྡོམ་བྱེད་པའི་དངོས་ཟོག་དང་སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་འགན་སྲུང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་འགོག་སྨན་ཁབ་དང་འགོག་སྨན་རྒྱག་པའི་འགྲོ་གྲོན་མ་དངུལ་འགན་སྲུང་དང་བསྡོམས་རྩིས་ཡག་པོ་རྒྱག་དགོས། 

(གཉིས།) “སྐྱེ་སྟོབས་སྐུལ་སློང”དམ་དུ་འཛིན་པ་དང་། ནོར་ཁྲལ་སྲིད་ཇུས་ལ་བརྟེན་ནས་ཚོང་རའི་གྲུབ་ཆ་གཙོ་བོ་བརྟན་པོར་གཏོང་དགོས། གཅིག་ནས་ཁྲལ་གྲོན་སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། ས་གནས་ཀྱི“དཔྱ་ཁྲལ་དྲུག་དང་གྲོན་དངུལ་གཉིས”མུ་མཐུད་ཆག་ཡང་གཏོང་རྒྱུ་དང་། གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་དང་རང་བདག་ལས་ཞུགས་དམག་མི་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་དཔྱ་ཁྲལ་འགན་ཁུར་ཆུང་དུ་གཏོང་རྒྱུར་དམིགས་ནས་གནས་ཐང་འཕར་ཁྲལ་གྱི་དཔྱ་ཁྲལ་ཕྱིར་སློག་བྱེད་པ་སོགས་ལམ་ལུགས་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་བཀོད་སྒྲིག་ལག་བསྟར་ཡག་པོ་བྱས་ཏེ། ཁེ་ལས་དང་སྤྱི་ཚོགས་ཀྱི་གསར་གཏོད་གསོན་ཤུགས་དེ་བས་ལེགས་པའི་སྒོ་ནས་འཕེལ་བར་བྱེད་དགོས། གཉིས་ནི་ནོར་སྲིད་དངུལ་རྩའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོང་རའི་བདག་པོར་རྒྱབ་སྐྱོར་བྱེད་སྟངས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། སྐྱེད་ཀ་མེད་པའི་དངུལ་བུན་དང་། བྱ་དགའ་དང་ཁ་གསབ་ཀྱི་ཁྲིད་སྟོན་བྱེད་པ། རྐང་དབང་མ་འཇོག་བཅས་ཀྱི་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁེ་ལས་ཀྱི་གཞན་སྒྱུར་རིམ་སྤོར་དང་། ལག་རྩལ་གསར་གཏོད། ནུས་རྒྱུ་གྲོན་ཆུང་དང་ཟད་གྲོན་གྲོན་ཆུང་བཅས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་རིགས་སྣ་སོ་སོའི་ཁེ་ལས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་། ཁྱད་ཆོས་མངོན་གསལ་དོད་པ། དགེ་མཚན་མངོན་གསལ་དོད་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་ཧུར་ཐག་གིས་འཛུགས་སྐྱོང་བྱེད་དགོས། 

(གསུམ།)“མི་དམངས་གཙོ་བོ་ཡིན་པའི་འདུ་ཤེས”ལག་ལེན་བྱེད་པ་དང་། འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་བཅོལ་དང་ལས་ཞུགས་ལྟ་སྦྱོང་སོགས་ཀྱི་ལས་ཞུགས་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་པ། བརྟན་པོའི་ངང་ལས་གནས་ཕྱིར་སློག་དང་རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་ལས་ཞུགས་ཀྱི་སྤུས་ཚད་དང་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་འགན་འཁྲི་འགན་བགོས་ལམ་སྲོལ་དོན་འཁྱོལ་བྱས་ཏེ། ལས་རིགས་ཀྱི་ལོ་དངུལ་ཏན་ཏིག་བསྒྲུབས་ནས་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་། ཆེད་དོན་རོགས་སྐྱོབ། གནས་སྐབས་རོགས་སྐྱོབ་བཅས་གྲུབ་ཆ་གཙོ་བོར་བྱེད་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་འོས་འཚམ་ངང་མཐོ་རུ་གཏོང་བ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གཞི་རྩའི་འཚོ་བ་འགན་ལེན་བཅས་བྱེད་དགོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐད་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་དོན་འཁྱོལ་བྱེད་པ་དང་། གཞུང་གཉེར་སྨན་ཁང་གི་ནུས་པ་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་མ་དངུལ་བརྩོན་ལེན་དང་དེར་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱེད་དགོས།  སློབ་གསོའི་རོགས་དངུལ་སྤྲོད་པའི་སྲིད་ཇུས་དང་སློབ་མ་རེའི་ཆ་སྙོམས་ཀྱི་དངུལ་གཏོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སློབ་གསོའི་ཁྱབ་ཁོངས་ཀྱི་ཆེད་སྤྱོད་མ་དངུལ་བགོ་བཤའ་རྒྱག་སྟངས་ལེགས་སྒྲིག་བྱེད་པ། མ་དངུལ་བགོ་བཤའ་རྒྱག་པའི་ཚན་རིག་གི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཁར་གྲོང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་དོན་འཁྱོལ་དང་། རིག་དངོས་སྲུང་སྐྱོང་དང་། དོ་དམ། གཟུགས་མེད་ཤུལ་བཞག་རིག་གནས་བཅས་རྒྱུན་འཛིན་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ནས་ཇེ་ལེགས་སུ་གཏོང་དགོས། སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལུས་རྩལ་ཁང་ཆེ་གྲས་ལ་རིན་པ་མི་ལེན་པར་སྒོ་མོ་འབྱེད་པ་དང་། དེ་བཞིན་མཚོ་སྐོར་འགྲན་བསྡུར་སོགས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་མ་དངུལ་ཆ་སྡེབ་སྲིད་ཇུས་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་དང་སྡོད་གནས་ཁོར་ཡུག་ཟམ་མི་ཆད་པར་ཇེ་ལེགས་སུ་གཏོང་དགོས།

 (བཞི།) “འཕེལ་རྒྱས་ཀྱི་གཏིང་ཤུགས”དམ་འཛིན་དང་། ནོར་སྲིད་ཀྱི་ཐོན་ཁུངས་གཅིག་འདོམས་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་དགོས། འགྲོ་སྒོའི་གྲུབ་ཚུལ་ལེགས་སྒྱུར་ཐད་བེད་སྤྱོད་ཀྱི་ཕན་འབྲས་མངོན་པར་བྱེད་དགོས། ནོར་སྲིད་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས“འགན་ལེན་གསུམ”དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཐབ་ཇུས་གལ་ཆེན་གྱི་འགྲོ་གྲོན་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་པ་དང་། གཞི་རྩའི་དམངས་འཚོའི་འགྲོ་གྲོན་མང་དུ་གཏོང་རྒྱུ་ལས་ཉུང་དུ་མི་གཏོང་བ་བྱེད་དགོས། ལེགས་སྒྲིག་དང་རྒྱབ་སྐྱོར་གྱི་ཐད་ནས་སྐྱེ་ཁམས་དཔལ་ཡོན་གྱི“མཐོ་ས”གསར་འཛུགས་མངོན་པར་བྱེད་དགོས། ནོར་སྲིད་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ཁ་ཕྱོགས་སྔར་བས་ལེགས་སྒྲིག་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་འཐབ་ཇུས་གལ་ཆེན་ལག་བསྟར་ནང་རང་འགུལ་ངང་མཉམ་འདྲེས་བྱེད་པ་དང་། མཚོ་བྱང་གི་དོན་དངོས་དང་འཚམ་པའི་རི་ཆུ་སྔོ་ལྗང་ཅན་དུ་བརྗེ་སྒྱུར་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། རི་ཆུ་ནགས་ཞིང་མཚེའུ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རྒྱལ་ཁོངས་ས་ཆ་ལྗང་འགྱུར་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་རང་བྱུང་སྲུང་སྐྱོབ་ཁུལ་དང་། ན་འདམ། རྩྭ་ཐང་སྐྱེ་ཁམས་སླར་གསོའི་བཅོས་སྒྲིག་ལས་གཞིའི་མ་དངུལ་འགན་ལེན་ཡག་པོ་བྱེད་དགོས། མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་མཚོ་བྱང་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་ཏེ། མ་དངུལ་གྲབས་གསོག་ལས་དོན་སྤྱི་འདོམས་ཡག་པོ་བསྒྲུབ་པ་དང་། ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་ཐད“གནས་བཞི”འཛུགས་སྐྲུན་མངོན་པར་བྱེད་དགོས། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ། དྭངས་གཙང་ནུས་རྒྱུ་ཐོན་སྐྱེད་བེད་སྤྱོད་སྐུལ་སྤེལ་ཁུལ་སོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་ཁྱད་ལྡན་ཐོན་ལས་སྲིད་ཇུས་ཀྱི་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གསར་བརྗེའི་གནས་སྐོར་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ནོར་སྲིད་མ་དངུལ་གྱིས་གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐད་ཀའི་ཁ་གསབ་གཙོ་བོར་བྱེད་པའི་ནོར་སྲིད་ཞིང་སྐྱོར་བྱེད་སྟངས་སྒྱུར་ནས་བྱ་དགའ་ཡིས་ཁ་གསབ་ཀྱི་ཚབ་བྱེད་པ་དང་། སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ། དངུལ་བུན་སྐྱེད་གསབ་སོགས་ཀྱི་ཁ་གསབ་བྱེད་སྟངས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་བྱས་ཏེ། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་རྒྱ་ཆེར་གཏོང་དགོས། 

འཐུས་མི་རྣམ་པ། 2022ལོའི་ནོར་སྲིད་ལས་དོན་གྱི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ཧ་ཅང་ལྕི། ང་ཚོས་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཏུ། འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ནས། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་སོ། །


སྐབས་སྔོན་མ། མེད།
སྐབས་རྗེས་མ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2022ལོའི་ནོར་སྲིད་སྔོན་རྩིས་འཆར་གཞིའི་ཐད་ཀྱི་གྲོས་ཆོད།
མཉམ་སྤྱོད།