དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་བོད་ལོ་ཙཱ་བས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་ཐོས་པ་རྒྱ་ཆེར་གསོག་དགོས་ཚུལ་རགས་ཙམ་གླེང་བ།

2024-08-11 15:56:50   |   175

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།      བཤེར་འབེབས།   རིན་ཆེན་ཚེ་རིང་།


རྒྱ་བོད་ཡིག་སྒྱུར་ནི་མ་ཡིག་རྒྱ་ཡིག་དང་བུ་ཡིག་བོད་ཡིག་ཡིན་ཞིང་། བོད་ཡིག་ནས་བརྡ་སྤྲོད་དགོས་ཀྱི་ཡོད་སྟབས། མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་བླངས་རྗེས་བོད་ཀྱི་བརྡ་སྤྲོད་དང་སྐད་ཆའི་འགྲོ་ལུགས་དང་མཐུན་པ་དང་། བོད་པ་རང་གིས་གོ་བདེ་བ་ཞིག་ཏུ་སྒྱུར་དགོས། དེ་ཡང་། ས་པཎ་གྱིས། བོད་ཀྱི་སྐད་ལ་མི་ཤེས་པ། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན་ཞེས་གསུངས་པ་ལྟར། བོད་ཡིག་ནས་བརྡ་སྤྲོད་དགོས་ན་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་ཐོས་པ་གསོག་དགོས་ཤིང་། དེ་ཡང་ཐོས་པ་གསོག་ཐབས་གཉིས་ཡོད་དེ།

དང་པོ། མང་ཚོགས་ཀྱི་སྐད་ཆའི་ཁྲོད་ནས་ཚིག་སྙན་པོ་དང་ཐ་སྙད་ཕུན་སུམ་ཚོགས་པོ་འཚོལ་དགོས།

རྒྱུན་གཏན་གྱི་འཚོ་བར་ཉམས་ཞིབ་བྱས་ནས་མང་ཚོགས་ཀྱི་སྐད་ཆའི་ཁྲོད་ཀྱི་ཚིག་སྙན་པོ་དང་ཐ་སྙད་ཕུན་སུམ་ཚོགས་པོ་བློ་ལ་ངེས་པའམ་ཟིན་ཐོར་འགོད་དགོས། རྒྱ་བོད་ཡིག་སྒྱུར་ལ་གསར་འགྱུར་ཡིག་སྒྱུར་དང་། ཚན་རྩལ་ཡིག་སྒྱུར། རྩོམ་རིག་ཡིག་སྒྱུར། འཁྲབ་ཚན་ཡིག་སྒྱུར་སོགས་ཀྱི་ནང་དོན་དང་ཁྱབ་ཁོངས་མང་པོ་འདུས་ཡོད། འཁྲབ་ཚན་སྒྱུར་མ་ཕལ་ཆེ་བ་ནི་འཚོ་བ་དངོས་རྨང་གཞིར་བྱས་ཏེ་གསར་རྩོམ་བྱས་པ་ཞིག་ཡིན་པས། ང་ཚོས་ཡིག་སྒྱུར་བྱེད་རིང་འཚོ་བའི་ཁྲོད་ཀྱི་སྐད་ཆ་བསྟན་བཤིག་ཚ་པོ་དང་། ཁ་གསལ་པོ། དགོད་བྲོ་པོ་དག་མ་ཡིག་གི་ནང་དོན་ཇི་བཞིན་མཚོན་པའི་རྨང་གཞིའི་ཐོག འཚོ་བའི་ཁྲོད་ཀྱི་ཆོབ་ཚ་བའི་ཐ་སྙད་དེ་དག་ཡང་དག་པ་དང་གནད་ལ་འཁེལ་བ་སྤྱོད་ཐུབ་ན། འཁྲབ་ཚན་གྱི་རྣ་བར་ཟུག་པ་དང་བསྟན་བཤིག་ཚ་བའི་ཉམས་མ་ཤོར་བའི་ཁར། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་ཞིག་ཡོང་ངེས་ཡིན། ཐ་ན། རྒྱ་སྐད་ལས་བོད་སྐད་ལྟད་མོ་ཆེ་བ་འདུག་ཟེར་བའི་ནུས་པ་ཐོན་གྱི་ཡོད། དཔེར་ན། 《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར》དང《གཡོག་མོ》ཞེས་པ་སྒྱུར་མཁན་རྒན་འཇམ་དབྱངས་ལགས་ཀྱིས་ཀྱང་གཙོ་བོ་སློབ་སྦྱོང་བྱས་ནས་ཐོས་པ་གསོག་རྒྱུ་ཁོ་ན་ལས་མ་འདས་ཞེས་གསུངས་མྱོང་ལ། ཁོང་གིས་ཀྱང་ནམ་རྒྱུན་ཇ་ཁང་དུ་མང་ཚོགས་ཀྱི་སྐད་ཆ་དགོད་བྲོ་པོ་དག་ཟིན་ཐོར་འགོད་བཞིན་ཡོད་ཅེས་གསུངས། དེར་བརྟེན། ཡིག་སྒྱུར་ཡག་པོ་ཞིག་འཁྱོངས་དགོས་ན་ནམ་ཞག་རྒྱུན་དུ་དངོས་ཡོད་འཚོ་བར་དོ་སྣང་དང་ཉམས་ཞིབ་མང་ཙམ་བྱེད་དགོས། དཔེར་ན། གུས་མོས་ལོ་ཤ་གོང་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《远东监狱》ཞེས་པ་སྒྱུར་སྐབས་དེའི་ནང་བཙོན་པ་ཞིག་གི་མཚང་མིང་ལ“黑豹”ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་བཙོན་པ་འདིའི་བྱད་བཞིན་གྱི་ཁྱད་ཆོས་ལ་གཞིགས་ནས་མིང་འདི་ལྟར་བཏགས་པ་ཞིག་ཡིན་སྟབས། སྒྲ་སྒྱུར་བྱས་ན་མི་འཚམ་པས་དོན་སྒྱུར་བྱས་ན་ལེགས་པར་མཐོང་། དེ་ཡང“黑豹”ཞེས་པ་ཐད་ཀར་བསྒྱུར་ན་གཟིག་ནག་པོ་རེད། འོན་ཀྱང་། དེ་ནི་མིང་བརྡ་མ་ཡིན་པས་སྐབས་དེར་ངས་ཨ་མ་ལགས་ལ་བཀའ་འདྲི་ཞུས་པ་ཡིན། ངའི་ཨ་མ་ལགས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་སའི་གྲོང་མི་རྒན་གྲས་ཤིག་རེད། ཨ་མ་ལགས་ཀྱིས་སྔ་མོ་ལྷ་སར་གཟིག་པོ་རོག་ཅེས་པའི་མིང་འདི་འདྲ་འདོགས་སྲོལ་ཡོད་ཅེས་གསུང་གི་འདུག དེར་བརྟེན། མང་ཚོགས་ཀྱི་སྐད་ཆའི་ཁྲོད་ནས་ཐ་སྙད་ཡག་པོ་འདི་འདྲ་རྙེད་ཀྱི་ཡོད་པས། ང་ཚོས་ཡིག་སྒྱུར་བྱེད་རིང་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་ཕྱིན་ཚར་བའི་མིང་དང་ཐ་སྙད་སྙན་པོ་དང་འཚམ་པོ་དེ་འདྲ་སྤྱོད་ཐུབ་ན། བརྙན་འཕྲིན་དང་གློག་བརྙན་གྱི་ནང་དོན་དགོད་བྲོ་ལ་ལྟ་འདོད་པ་ཞིག་ཏུ་གྱུར་ངེས།

གཉིས་པ། མདོ་དབུས་ཁམས་གསུམ་ཚང་མས་གོ་བའི་ཐ་སྙད་རྙིང་པ་གང་མང་སྤྱོད་དགོས།

དེང་སྐབས་བུ་ཡིག་མང་པོར་རྒྱ་ཡིག་གི་སྐད་ཆའི་ཤན་ཤུགས་ཐེབས་ཏེ་གོ་མི་བདེ་བ་དང་ངག་ནས་བརྗོད་མི་བདེ་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། དེའི་འགག་རྩ་གང་ལ་ཐུག་ཡོད་ཅེ་ན། རང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་རྒྱུས་མངའ་དེ་ཙམ་མེད་པས་ལན་པ་ཡིན། གལ་ཏེ་མར་དྲི་རྩམ་དྲི་འཐུལ་བའི་བོད་རང་གི་སྐད་ཆའི་འགྲོ་ལུགས་ཤེས་པ་དང་། ཀླད་པའི་ནང་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་ན། ཡིག་སྒྱུར་བྱེད་རིང་ཐ་སྙད་ཀྱིས་དབུལ་བའི་སྣང་ཚུལ་ཐོན་མི་སྲིད་ལ། ཐ་སྙད་དེ་དག་སྤྱད་ན་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པར་ཡང་ཕན་ཐོགས་ཡོད། ལྷག་པར་དུ། གསར་འགྱུར་ཡིག་སྒྱུར་ལ་ཆ་བཞག་ན། ནང་དོན་གྱི་ཆ་ནས་ཁྱབ་རྒྱའམ་ཁེབས་རྒྱ་ཧ་ཅང་ཆེ་བ་སྟེ། ཆབ་སྲིད་དང་། དམག་དོན། དཔལ་འབྱོར། ཚན་རིག ལུས་རྩལ། གསོ་རིག་ལ་སོགས་པ་སྣ་ཚོགས་འདུས་ཡོད། སྔ་མོའི་ལོ་ཆེན་བསླབ་པ་རྒན་གྲས་ཁོང་རྣམ་པས། ལོ་ཙཱ་བར་ཨམ་དང་གཉིས་དང་ཆབ་ཆོབ་བཅོ་བརྒྱད་དགོས་ཅེས་གསུང་གི་ཡོད་པས། ལོ་ཙཱ་བ་ཞིག་ཡིན་ཕྱིན་འཇིག་རྟེན་གྱི་བྱ་བ་མང་པོར་རྒྱུས་མངའ་དང་གང་ས་ཅི་ཐད་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་དགོས་པ་བསྟན་ཞིང་། དེའང་གཙོ་བོ་ཐོས་པ་རྒྱ་ཆེར་གསོག་རྒྱུ་ལས་མ་འདས།

དཔེར་ན། “共同话题”ཞེས་པར་མང་ཆེ་བས་ཐུན་མོང་གི་བརྗོད་གཞི་ཞེས་པར་སྒྱུར་བཞིན་ཡོད་ནའང་། 《གཏམ་པད་མའི་ཚལ་གྱི་ཟློས་གར》ནང་ཡིད་མཐུན་བགྲོ་གླེང་ཞེས་པའི་ཐ་སྙད་ཡོད་པས་ཡིད་མཐུན་བགྲོ་གླེང་ཞེས་པར་བསྒྱུར་ན་བཟང་སྙམ། “自由婚姻”ཞེས་པར་རང་མོས་གཉེན་སྒྲིག་ཅེས་མ་བསྒྱུར་བར་དགའ་གཉེན་པ་ཞེས་བསྒྱུར་ན་དོན་རྡོག་སྒྲིལ་ལ་གནད་ལ་འཁེལ་བས་བཟང་སྙམ། “要想健康先修心”ཞེས་པའི་བརྗོད་པ་འདི་སྒྱུར་སྐབས་ལོ་ཙཱ་བ་མང་པོས་ཁམས་བདེ་ཡོང་དགོས་ན་སེམས་ལ་བཟོ་བཅོས་རྒྱག་དགོས་ཞེས་ཐད་སྒྱུར་བྱེད་རྐྱང་བྱེད། དོན་དངོས་ཐོག་སེམས་མ་ཐུལ་བ་བཏུལ་ནས་ཞི་དུལ་ཡོང་བའི་དོན་ཡིན་པས། ཁམས་བདེ་ཡོང་དགོས་ན་སེམས་འདུལ་དགོས་ཞེས་བསྒྱུར་ན་བཟང་སྙམ། “自私的想法”ཞེས་པར་རང་ཤེད་ཀྱི་བསམ་བློ་ཞེས་པར་སྒྱུར་བཞིན་ཡོད་མོད། དོན་དངོས་ཐོག་བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་རང་གཅེས་འཛིན་ཞེས་པའི་ཐ་སྙད་དེ་ཡོད་པས་རང་གཅེས་འཛིན་གྱི་བློ་ཞེས་པར་བསྒྱུར་ན་བཟང་སྙམ། “爱使世界变得更美好”ཞེས་པར་ལོ་ཙཱ་བ་འགའ་ཤས་ཀྱིས་བརྩེ་དུང་ཡོད་ན་འཛམ་གླིང་སྔར་བས་མཛེས་སྡུག་ལྡན་ཞེས་སྒྱུར་བཞིན་འདུག ད་རེས་ཀྱི“爱”དེ་བྱམས་པ་དང་བརྩེ་བར་གོ་བས། བྱམས་བརྩེ་ཡོད་ན་འཛམ་གླིང་སྔར་བས་མཛེས་སྡུག་ལྡན་ཞེས་བསྒྱུར་ན་བཟང་སྙམ། “人类杰出的智慧是学会放下”ཞེས་པའང་མིའི་རིགས་ཀྱི་ཕུལ་དུ་བྱུང་བའི་རྣམ་དཔྱོད་ནི་བློས་གཏོང་བྱེད་ཤེས་པ་ཞེས་པར་ལོ་ཙཱ་བྱེད་པ་ལས། མིའི་རིགས་ཀྱི་ཕུལ་དུ་བྱུང་བའི་རྣམ་དཔྱོད་ནི་ཞེན་པ་སྤོང་ཤེས་པ་ཞེས་པར་བསྒྱུར་ན་བཟང་སྙམ། “自私与无私”ཞེས་པར་སྒེར་མེད་དང་རང་ཤེད་ཅེས་བསྒྱུར་བ་ལས་རང་གཅེས་འཛིན་དང་གཞན་གཅེས་འཛིན་ཞེས་བསྒྱུར་ན་བཟང་སྙམ།

མདོར་ན། བུ་ཡིག་ཏུ་མ་ཡིག་དང་ཁ་འཕྲོད་པའམ་དེ་མཚུངས་ཀྱི་སྔར་ཡོད་ཀྱི་མིང་བརྡ་ཡོད་ན། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གང་དེ་སྤྱོད་པ་ལས། མིང་བརྡ་དང་ཐ་སྙད་གསར་བཟོའི་ངལ་བ་སྤོང་དགོས་ཤིང་། གལ་ཏེ་བུ་ཡིག་ཏུ་ཐ་སྙད་རྙིང་པ་འདི་འདྲ་ཡོད་བཞིན་དུ་མ་སྤྱད་ན་ཡིག་སྒྱུར་གྱི་སྤུས་ཚད་ལ་སྐྱོན་འབྱུང་ངེས་ལ། ཐ་སྙད་རྙིང་པ་དག་སྤྱོད་མཁན་མེད་པའི་དབང་གིས་རིམ་གྱིས་སྟོང་ཉེན་ཡོད། དེས་ན་ཡིག་སྒྱུར་ལས་དོན་པས་ཡིག་སྒྱུར་གྱི་ལས་ལ་མ་ཞུགས་གོང་ཐོག་མར་ངེས་པར་དུ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་རྒྱུས་མངའ་རྒྱུས་མངའ་ངེས་ཅན་ལོན་དགོས་རྒྱུ་གལ་ཆེ།

(ལྷ་ས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བསོད་ནམས་ཆོས་སྒྲོན་གྱིས)



མཉམ་སྤྱོད།