དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱི་ལོ་ཙཱའི་རིགས་ལམ་སྐོར་མདོ་ཙམ་གླེང་བ།

2025-08-28 15:40:22   |   73

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། བོད་ལྗོངས་ཞིབ་འཇུག བཤེར་འབེབས། རིན་ཆེན་ཚེ་རིང་།


56565.jpg

འབའ་སྟོད་ཚེ་དབང་རྡོ་རྗེ། 1973ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་སུམ་མདོ་སྡེ་བར་སྐྱེས། མི་རིགས་རིག་པའི་འབུམ་རམས་པ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭའི་རྐང་འཛིན་དགེ་རྒན་བཅས་ཡིན། སྔ་ཕྱིར་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་རྣམས་ལ《རིག་གནས་མིའི་རིགས་རིག་པ》《བོད་རིག་པ་སྤྱི་བཤད》《རྒྱ་བོད་རྩོམ་རིག་ལོ་ཙཱ》སོགས་སློབ་ཁྲིད་བྱས་མྱོང་། 《ཀྲུང་གོའི་བོད་རིག་པ》སོགས་རིག་གཞུང་དུས་དེབ་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཅིང་། བསྒྱུར་དཔེ་གསུམ་དང་སློབ་དེབ་བཞི། རིག་གཞུང་ཆེད་དེབ་གསུམ་བཅས་དངོས་སུ་པར་བསྐྲུན་བྱས། མིག་སྔར་བར་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་གསུམ་ཙམ་ལ་མགོ་འཛིན་བྱས་ཏེ་ཡོངས་སུ་གྲུབ་ལ། སློབ་གྲྭ་རིམ་པའི་ལས་གཞི་གསུམ་ཙམ་བསྒྲུབས།  ཞིང་ཆེན་དང་སློབ་གྲྭ་རིམ་པའི་སློབ་ཁྲིད་བྱ་དགའ་གསུམ་ཙམ་དང་། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་དགའ་གཅིག ཞིང་ཆེན་དང་སློབ་གྲྭ་རིམ་པའི་ཞིབ་འཇུག་བྱ་དགའ་མང་པོ་བླངས་མྱོང་ངོ་།།

【ནང་དོན་གནད་བསྡུས】 དཔྱད་རྩོམ་འདིར་ས་སྐྱ་པཎྜིཏ་ལགས་ཀྱིས་སྐད་གཉིས་ལོ་ཙཱའི་ཐད་ལ་གནང་བའི་གཞུང་དཔྱད་རྣམས་ཁོལ་དུ་ཕྱུང་ཞིང་ཕན་ཚུན་གུང་བསྒྲིགས་པའི་ཐབས་ལ་བརྟེན་ནས། ཁོང་གིས་ལོ་ཙཱ་བྱ་བའི་ཐད་ལ་བཅང་བའི་དགོངས་པ་སྤྱི་དང་། གཞན་སྔ་འགྱུར་ལས་བྱུང་བའི་སྐྱོན་རྣམས་བསྟན་པའི་ཞོར་དུ་བྱེ་བྲག་གི་སྒྱུར་ཐབས་འགའ་བཏོན་པ་སོགས་སྤྱི་བསྡོམས་དང་དབྱེ་ཞིབ་བྱས་ཡོད།

【བརྡ་ཆད་གཙོ་བོ】 ས་པཎ། ལོ་ཙཱ། དགོངས་པ།

ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ནི་རིག་པའི་གནས་བཅུ་ལ་མི་འཇིགས་སྤོབས་པའི་གདེང་ཐོན་པའི་མཁས་པའི་ཁྱུ་མཆོག་ཅིག་ཡིན་པར་མ་ཟད། ངེས་པ་དོན་གྱི་ལོ་ཙཱ་བ་ཆེན་པོ་ཞིག་ཀྱང་ལགས། ཁོང་གིས་སྐུ་ན་གཞོན་དུས་ནས་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱང་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པར་གསན་པ་དང་། ཕྱིས་སུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་ལས་སྒྲ་དང་ཚད་མ་ལ་སོགས་རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པའི་རྩེ་མོར་སོན་ཅིང་། བོད་ཀྱི་པཎྜིཏའི་མཚན་སྙན་དང་པོར་ཐོབ། དམ་པ་འདིས་བསྒྱུར་བའི་བཀའ་བསྟན་ལ《རྡོ་རྗེ་ཕུར་བ་རྩ་བའི་རྒྱུད་བིརྱཏྟ་མ་འབུམ་སྡེའི་དུམ་བུ》ཞེས་པ་དང་།《དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད》།《འཕགས་པ་གསང་བ་ནོར་བུའི་ཐིག་ལེ་ཞེས་བྱ་བའི་རྒྱུད》།《འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་པ》། 《གསང་དབང་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ》། 《ཟུང་དུ་འཇུག་པ་གསལ་བ》།《རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཟུང་དུ་འཇུག་པ་ཚོགས་ཀྱི་འཁོར་ལོའི་ཆོ་ག》སོགས་མང་དུ་བཞུགས། གཞན་ཡང་ཁོང་གིས་སྔོན་བྱོན་ལོ་ཙཱ་བ་རྣམ་པའི་འགྱུར་ཆོས་རྣམས་མ་ཡིག་ལ་ཞིབ་ཏུ་བསྡུར་ནས། འགྱུར་ཆད་དང་འགྱུར་ལོག་ཏུ་སོང་བའི་སྐྱོན་རྣམས་རྒྱུ་མཚན་དང་བཅས་ཏེ་དགག་སྒྲུབ་ཀྱིས་ལེགས་པར་བཅོས། ཕྱིས་འཇུག་པ་རྣམས་ལོ་ཙཱའི་ལོག་ལམ་ཏུ་མི་འཇུག་པའི་ཆེད་དུ་འགྱུར་གྱི་དཔྱད་པ་ཡང་མང་དུ་མཛད་པ་སོགས་ནི《སྡོམ་གསུམ་རབ་དབྱེ》དང《མཁས་པ་འཇུག་པའི་སྒོ》།《སྒྲ་ཉེ་བར་བསྡུས་པ》སོགས་གཞུང་དུ་མར་ཐོར་བུར་བཀོད་ཡོད་དོ།།

དང་པོ། ཐད་སྒྱུར་གཙོར་འཛིན་པའི་ལོ་ཙཱའི་དགོངས་པ།

སྤྱིར་ན་ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་མི་རིགས་དང་ཡིག་རིགས་རིས་སུ་མ་ཆད་པར་དཀྱུས་གཅིག་ཏུ་སྤྱོད་པའི་སྒྱུར་ཐབས་གཙོ་བོ་གཉིས་ཡིན་ལ། འདི་གཉིས་ལས་གང་གཙོ་གང་ཕལ་ཐད་ལ་གནའ་དེང་ཕྱི་ནང་གི་མཁས་པ་མང་པོར་དགོངས་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་ལ་དེའི་སྐོར་གྱི་རྩོད་གླེང་ཡང་མི་ཉུང་བར་བྱུང་། རང་རེའི་བོད་འདིར་མཚོན་ནའང་ཐད་སྒྱུར་ནི་བོད་བཙན་པོའི་དུས་ནས་སྒྱུར་ཐབས་དམ་པ་བཞི་ཡི་གྲས་ཡིན་པ《སྒྲ་སྦྱོར་བམ་གཉིས》ལས་ཁྲིམས་ཀྱིས་བཅད་ཡོད། ཡིན་ནའང་བསྟན་པ་སྔ་དར་སྐབས་བསྒྱུར་བའི་གཞུང་མང་པོར་གཞིགས་ན་ལོ་ཙཱའི་དགོངས་དོན་སྤྱིའི་ཆ་ནས་ཐད་སྒྱུར་ལས་དོན་སྒྱུར་ཤུགས་ཆེ་བར་སྣང་ལ། དེ་ནི་གཙོ་བོ《སྒྲ་སྦྱོར་བམ་གཉིས》ལས་བསྟན་པའི"དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག"ཅེས་པའི་ལོ་ཙཱའི་རྩ་དོན་འདི་དང་བསྟུན་པ་ཡིན། ང་ཚོས་ཤེས་གསལ་ལྟར་འགྱུར་གང་ཞིག་རང་སྐད་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བར་བྱ་བ་སྟེ། ཀློག་པ་པོས་དང་ལེན་བྱེད་སླ་བའི་ཆེད་དུ"བོད་སྐད་ལ་གར་བདེ་བ"ཞིག་བྱ་དགོས་ན། སྒྱུར་ཐབས་ཀྱི་ཕྱོགས་ནས་དོན་སྒྱུར་གཙོར་འཛིན་དགོས་པ་སྨྲས་མ་དགོས་སོ།།

དེས་ན་ས་པཎ་མཆོག་གིས་མཛད་པའི་ལོ་ཙཱའི་སྐོར་གྱི་གཞུང་བཤད་དང་འགྱུར་དཔྱད་སོགས་ལ་དབྱེ་ཞིབ་བྱས་ན། མཁས་པ་སྔོན་མ་དག་དང་ཅུང་མི་འདྲ་བའི་རང་གི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་བསྟན་ཡོད་དེ། སྒྲ་དོན་ཇི་བཞིན་ཐད་སྒྱུར་གཙོར་འཛིན་དགོས་པའི་དགོངས་པ་ཞིག་ཕྱོགས་མང་པོ་ལས་མངོན་འོང་། ཁོང་གིས་སློབ་དཔོན་འཆི་མེད་སེང་གེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས《འཆི་མེད་མཛོད》ཅེས་པ་བསྒྱུར་བ་དང་། ལྷག་ཏུ《ཚིག་གི་གཏེར》ཞེས་བྱ་བའི་མངོན་བརྗོད་ཀྱི་བསྟན་བཅོས་རང་སྐད་ཀྱིས་རྩོམ་དུས་བསྟན་དོན། "འཆི་མེད་མཛོད་ལས་བཤད་བཞིན་འདིར་དགོས་རྣམས།། སྒྲ་དོན་ཇི་བཞིན་བསྒྱུར་ནས་ངས་འདིར་བཤད།།"ཅེས་མངོན་བརྗོད་ཀྱི་མིང་རྣམས་ལེགས་སྦྱར་སྐད་ཀྱི་མིང་བརྡའི་སྒྲ་དོན་རེ་རེ་བཞིན་མ་ལུས་པར་ཐད་ཀ་ཐད་སོར་བསྒྱུར་བ་ཡིན་པར་བཞེད། གཞན་དེའི་སྐོར་གྱི་འགྱུར་དཔེ་ལའང་ཁོང་གིས"རྣམ་ཐོས་སྲས་ཀྱི་མིང་ལ་དབང་ཕྱུག་བསོད་ནམས་སྐྱེས་ཞེས་པ་ནི། ཨ་མ་ར་ཀོ་ཥར། པུ་ཎྱ་ཛ་རེ་ཤ་རཿ ཞེས་པ་ལས་བྱུང་བ་ཡིན་ཏེ། པུ་ཎྱ་ནི་བསོད་ནམས། ཛརཿ སྐྱེ་བ། ཀོ་ཥ་ར་དབང་ཕྱུག་སྟེ། དེ་ཡང་བསོད་ནམས་སྐྱེས་པ་ནི་སྲིན་པོའི་མིང་ཡིན་ཞིང་དབང་ཕྱུག་སྟེ་དེའི་རྒྱལ་པོའོ།། སྲིན་པོ་རྣམས་ནི་རྣམ་ཐོས་སྲས་ཀྱི་འཁོར་དང་རྣམ་ཐོས་སྲས་སྲིན་པོ་རྣམས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ན། རྣམ་ཐོས་སྲས་ལ་དབང་ཕྱུག་བསོད་ནམས་སྐྱེས"ཞེས་མིང་བརྡ་རེ་རེའི་སྒྲ་དོན་རྣམས་ཐད་ཀ་ཐད་སོར་གདོང་སྤྲད་ནས་བསྒྱུར་བ་དང་། ཡང་དཔེར་ན།"རྒྱ་སྐད་སོཾཔྲྀཏྟི་ས་ཏྱ་ཞེས་པར་ལོ་ཙཱ་བ་སྔ་མས་སྒྲ་དོན་ཇི་བཞིན་མ་བསྒྱུར་བར་ཀུན་རྫོབ་ཅེས་སུ་དོན་སྒྱུར་བྱས་འདུག་པར་མི་འཐད་དེ། སོཾམྱཀ་ནི་ཡང་དག་པ་དང་། བྲྀ་ཨཱ་ཝ་ར་ཎ་སྒྲིབ་པའམ་འགེབས་པ་སྟེ། ཡང་དག་སྒྲིབ་པའམ་ཀུན་འགེབས་ཞེས་བྱ་བ་ཡིན"ཞེས་པ་སོགས་སྒྲ་དོན་ཐད་སྒྱུར་བྱ་དགོས་པར་རིགས་པའི་དཔེ་དང་བཅས་གང་ཉིད་ཀྱི་གསུང་འབུམ་ཁྲོད་མང་པོ་མཇལ་རྒྱུ་འདུག་གོ།

དེ་བཞིན་དུ་ད་དུང་དཔེར་ན་ཉིད་ཀྱི་གསུང་ལས།"སྭ་ར་སྭ་ཏཱའི་སྒྲ་རྒྱ་མཚོ་བསྲུབས་པ་ལས་བྱུང་བས་མཚོ་ལས་བྱུང་བ་ཡིན་མོད་ཀྱི། གཏམ་རྒྱུད་མ་གཟིགས་པ་དང་བོད་ཀྱིས་གོ་བདེ་བར་བྱ་བའི་དོན་དུ་དབྱངས་ཅན་མར་བསྒྱུར་རོ།།"ཞེས་དང་།"གོ་དཱ་ཝ་རི་ཞེས་བྱ་བ་དྲང་སྲོང་ཞིག་གིས་བ་ལང་བསད་པའི་སྡིག་སྦྱོང་གི་ཆུ་ཡིན་པས། བ་ལང་བསད་པའི་ཆུ་ཞེས་བྱ་བར་འགྱུར་མོད་ཀྱི། བའི་ཆུ་མཆོད་སྦྱིན་ཞེས་དོན་འགྱུར་བྱས་པ"⑴ཞེས་སོགས་བཀའ་བཀྱོན་མཛད་པ་དང་། གཞན་ཡང"མནྡ་ཀའི་སྒྲ་དལ་འགྲོའམ་གྱ་གྱུ་ཞེས་བྱ་བ་ཡིན་མོད་ཀྱི། དལ་གྱིས་འབབ་ཏུ་བསྒྱུར་བ་དང་། མནྨ་ཐའི་སྒྲ་བདུད་སྡིག་ཅན་གྱིས་སེམས་ཅན་གྱི་ཡིད་བསྲུབས་པས་ཡིད་སྲུབ་དང་། ཨ་ནཾ་ག་ཀྲི་ཊའི་སྒྲ་ལུས་མེད་པ་སེམས་ཅན་གྱི་སེམས་རོལ་ཅིང་རྩེ་བར་བྱེད་པས་ལུས་མེད་རྩེན་བྱ་བར་འཐད་མོད་ཀྱི། འདོད་པའི་བདུད་དམ་ལྷར་བསྒྱུར་པ་དང་། སྐནྡའི་སྒྲ་སྨིན་དྲུག་གི་བུས་ལྷ་མ་ཡིན་གྱི་དཔུང་མཐོང་བ་ན་ངུས་པས་དྲང་པོར་བསྒྱུར་ན་ངུ་བ་ཡིན་མོད་ཀྱི། སྐེམ་བྱེད་དུ་བསྒྱུར་བ"སོགས་དཔེ་མཚོན་མང་དུ་དྲངས་ནས་འདིའི་རིགས་ཐད་སྒྱུར་བྱ་དགོས་ཚུལ་ནན་གྱིས་བསྟན། མདོར་ན། གོང་གི་དཔེ་འདི་དག་ལས་ཁོང་གིས་རང་གི་ལོ་ཙཱའི་དགོངས་དོན་ཐུན་མོང་མ་ཡིན་པ་ཞིག་བསྟན་ཡོད་དེ། ལོ་ཙཱ་བྱེད་དུས་བསྒྱུར་བྱའི་མ་ཡིག་གི་དོན་དང་འགལ་མི་རུང་བར་མ་ཟད། འགྱུར་མ་གང་གི་རྣམ་པ་སྟེ་ཚིག་གི་སྦྱོར་བ་ཡན་ཆད་བསྒྱུར་བྱའི་མ་ཡིག་ལ་ཇི་ལྟ་ཇི་ལྟར་ཡོད་པ་སྒྱུར་བྱེད་ཀྱི་སྐད་ལའང་དེ་ལྟ་དེ་ལྟར་འཐོན་དགོས་པར་བརྗོད་དོ།། མ་ཡིག་གི་སྒྲ་དོན་ལ་བསྟུན་ཅི་ནུས་སྒོས་བསྒྱུར་ན་བརྗོད་དོན་ཇི་བཞིན་མཚོན་པ་ལ་ཤིན་ཏུ་ཕན་མོད། བསྟུན་ཆེས་ན་རང་སྐད་ལ་བརྗོད་མི་བདེ་བ་ཆོས་ཉིད་ཡིན་ཞིང་། འདི་ནི་ས་པཎ་ཁོང་རང་གིས་ཀྱང་ཁས་ལེནཏེ། ཉིད་ཀྱི《སྡོམ་གསུམ་རབ་ཏུ་དབྱེ་བའི་བསྟན་བཅོས》ཞེས་པ་ལས། "ཁམས་ལ་བྱིངས་སུ་འཆད་པ་དང་།། བཅོམ་པ་སྐལ་བར་འཆད་པ་དང་།། སྦྱངས་དཀའ་ཐུབ་དཀར་འཆད་པ་དང་།། བག་ཆགས་གནས་སུ་འཆད་པ་དང་།། ཤཱཀྱ་ཕོད་པར་བཤད་པ་སོགས།། བོད་ལ་ཅུང་ཟད་མི་བདེ་ཡང་།། ལེགས་པར་སྦྱར་བའི་སྒྲ་དག་ལ།། ཤིན་ཏུ་འཐད་ཕྱིར་མཁས་པས་བླང་།།"ཞེས་པ་ལྟར་མ་ཡིག་གི་སྒྲ་དོན་ཇི་བཞིན་ཐད་ཀ་ཐད་སོར་བསྒྱུར་ན"བོད་ལ་ཅུང་ཟད་མི་བདེ་བ"ལྟ་བུའི་ཉམས་སྣང་སྟེར་ཡང་། ས་པཎ་ཁོང་ཉིད་ཀྱི་དགོངས་པ་ལྟར་ན་དེ་ནི་ལེགས་སྦྱར་སྐད་ཀྱི་སྒྲ་ལ་ཤིན་ཏུ་འཐད་པའི་ཕྱིར་ན་དེ་ལྟར་བསྒྱུར་རུང་བ་ཞིག་གོ།

ཡང་ཆོས་རྗེ་ས་པཎ་མཆོག་གིས་སྒྲ་དོན་ཡན་ཆད་མ་ཡིག་ལ་བསྟུན་ནས་བསྒྱུར་དགོས་པར་འདོད་པའི་དགོངས་པ་འདི་ནི་གཙོ་བོ་སཾ་བོད་ཡིག་རིགས་གཉིས་བར་གྱི་འབྲེལ་བ་ཁྱད་པར་ཅན་དེ་ལ་དམིགས་ནས་བཏོན་པ་ཞིག་སྟེ། སཾ་བོད་ཡིག་རིགས་གཉིས་དང་དེར་འབྲེལ་གྱི་རིག་གནས་ལ་མ་ཁུངས་བུ་རྒྱུད་ཀྱི་འབྲེལ་བ་ ལྡན་ཞིང་། མི་རིགས་གཉིས་ཀར་ཐུན་མོང་གི་རིག་གནས་དང་ཐུན་མོང་གི་བསམ་བློའི་འཁྱེར་སོ་སོགས་ལྡན་པས་ན། མིང་གི་གྲུབ་ཚུལ་དང་ཚིག་གི་སྦྱོར་ལུགས་སོགས་ལ་མཐུན་ཆ་ཅུང་མང་དུ་གནས་ཡོད། བསྒྱུར་བྱ་སྒྱུར་བྱེད་གཉིས་ཀྱི་ཡིག་རིགས་དང་རིག་གནས་ཀྱི་གནས་བབ་ཁྱད་པར་བ་འདི་འདྲ་ཞིག་ཏུ་ད་གཟོད་དྲང་ཐད་དུ་བསྒྱུར་བའི་གོ་སྐབས་ཧ་ཅང་ཡངས་ལ། མངོན་བརྗོད་སོགས་སྒྲ་དོན་ཇི་བཞིན་བསྒྱུར་བར་ཡང་མཐུན་རྐྱེན་འཛོམས་པ་ཡིན། ང་ཚོས་ཤེས་གསལ་བཞིན་ས་པཎ་མཆོག་ནི་དུས་སྐབས་དེར་མཚོན་ན་རིག་པའི་གནས་བཅུ་ལ་མཁས་པའི་ཁྱུ་མཆོག་གདོང་ལྔའི་དབང་པོ་ལྟ་བུ་ཡིན་པས་ན་ཕྱིས་འཇུག་མཁས་པ་རྣམས་ཀྱིས་ཁ་མིག་ཡར་ལྟོས་ཀྱི་མ་དཔེ་ལྟ་བུ་ཡིན་པ་དང་། གཞན་སྐུ་དངོས་ནས་ཐད་སྒྱུར་ཤུགས་ཆེར་སྤྱད་དེ་མངོན་བརྗོད་ཀྱི་བསྟན་བཅོས《ཚིག་གི་གཏེར》ཞེས་པ་མཛད་ཅིང་།《སྙན་ངག་མེ་ལོང་མའི》ལེའུ་གཉིས་པ་ལེགས་པར་བསྒྱུར་བ་སོགས་ཀྱི་ཤུགས་རྐྱེན་ལས། བོད་འདིར་ཡང་ཐད་སྒྱུར་གཙོར་འཛིན་པའི་ལོ་ཙཱའི་དགོངས་པ་ཞིག་རིམ་གྱིས་དར་ཁྱབ་བྱུང་། དཔེར་ན་དེའི་ཕྱིས་སུ་བྱུང་བའི་ཡར་ལུང་གྲགས་པ་རྒྱལ་མཚན་དང་ལོ་ཆེན་བྱང་ཆུབ་རྩེ་མོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ལོ་ཙཱ་བ་མང་པོ་ཞིག་ཐད་སྒྱུར་ལ་མངོན་པར་ཕྱོགས་སྟེ། ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་རྣམ་དབྱེ་དང་བཅས་པ་རྒྱ་གར་ཇི་ལྟ་བ་བཞིན་བསྒྱུར་བས་སུས་ཀྱང་གོ་དཀའ་བར་གྲགས་པ་དང་། མངོན་བརྗོད《འཆི་མེད་མཛོད》སོགས་བསྒྱུར་བ་ཧོར་ཁོང་དུ་ལུས་པ་དང་། འགྱུར་སྐྱོན་དུ་སོང་བ་མང་དུ་ཡོད་པས། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ། མཁས་དབང་དགེ་འདུན་ ཆོས་འཕེལ་སོགས་ཀྱིས་ཞི་དྲག་ཅི་རིགས་པས་སྐྱོན་བརྗོད་གནང་མྱོང་། གཞན་ལོ་ཆེན་བྱང་ཆུབ་རྩེ་མོས་བསྒྱུར་བའི་སྙན་ངག་གི་རྒྱལ་པོ《སྤྲིན་གྱི་ཕོ་ཉ》ཡང་སྒྲ་དོན་བཞིན་བསྒྱུར་བ་ཐལ་དྲགས་པས་གོ་དཀའ་བ་སོགས་ཀྱི་གནད་དོན་ཀྱང་མ་ཉུང་བ་ཞིག་བྱུང་། སྤྱིར་ན་ས་སྐྱ་པཎ་ཆེན་གྱིས"ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུའོ"ཞེས་པ་བཞིན་ཐད་སྒྱུར་གཙོར་འཛིན་དགོས་པའི་ལོ་ཙཱའི་དགོངས་དོན་གཞན་དང་ཐུན་མོང་མ་ཡིན་པ་ཞིག་བཏོན་པ་འདིར་དགེ་མཚན་དང་ཡོན་ཏན་བླ་ན་མཐོ་ན་ཡང་། དེའི་དགོངས་པ་ཇི་བཞིན་ཉམས་སུ་མ་ལོན་པར་ལོ་ཙཱའི་ལོག་ལམ་དུ་ཞུགས་པའང་རེ་གཉིས་བྱུང་ངོ་།།

གཉིས་པ། སྒྱུར་ཐབས་བྱེ་བྲག་ཏུ་བསྟན་པ།

སྤྱིར་ན་སྒྱུར་ཐབས་ཞེས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་ཡུན་རིང་གི་ཡིག་སྒྱུར་ལག་ལེན་ཁྲོད་སྤྱི་སྡོམ་མཛད་པའི་བྱེ་བྲག་གི་ལོ་ཙཱའི་ཆོས་ཉིད་དང་དཀའ་གནས་ཐག་གཅོད་བྱེད་ཐབས་རྣམས་ལ་ཟེར་ཞིང་། བསྒྱུར་བྱ་སྒྱུར་བྱེད་ཡིག་རིགས་གཉིས་ཀྱི་བརྡ་སྤྲོད་ཆོས་ཉིད་དང་སྐད་ཆའི་སྦྱོར་སྟངས་སོགས་མི་འདྲ་བ་ལས་སྒྱུར་ཐབས་ཀྱང་འདྲ་མིན་སྣ་ཚོགས་མཆིས། འདིར་ཆོས་རྗེ་ས་པཎ་མཆོག་གིས་སཾ་བོད་སྒྲ་སྒྱུར་གྱི་གཞུང་ལུགས《སྒྲ་སྦྱོར་བམ་ གཉིས》ཀྱི་དགོངས་དོན་གཞིར་བཞག་བྱས་ཐོག་རང་གི་ལོ་ཙཱའི་མྱོང་བ་ལས་བཏོན་པའི་བྱེ་བྲག་གི་སྒྱུར་ཐབས་རྣམས་དབྱེ་བསྡུ་མདོར་ཙམ་བྱ་རྒྱུ་དང་། ཐབས་ལམ་འདི་དག་ནི་རྒྱ་གར་ལེགས་སྦྱར་སྐད་བོད་དུ་བསྒྱུར་བའི་ ཆོས་ཉིད་རྣམས་གཞིར་བཟུང་སྟེ་སྤྱི་སྡོམ་མཛད་པ་ཡིན་ནོ།།

གཅིག བསྣན་ནས་སྒྱུར་ཐབས།

འདི་ནི་ཇི་སྐད་དུ་ཉིད་ཀྱི་གསུང་ལས། འགའ་ཞིག་བོད་ལ་གོ་བདེའི་ཕྱིར།། ལེགས་པར་སྦྱར་ལ་མེད་ནའང་།། ཅུང་ཟད་ལྷག་པར་བསྒྱུར་བ་ཡོད།། དེ་ལ་མཁས་པས་བཤད་མི་དགོས།། ཞེས་བསྟན་པ་བཞིན་བསྒྱུར་བྱ་ལེགས་སྦྱར་གྱི་སྐད་ལ་དངོས་སུ་མེད་ཀྱང་བོད་སྐད་ལ་གོ་བདེ་བའི་ཆེད་དུ་ཚིག་གི་རྒྱན་ཅུང་ཟད་རེ་བསྣན་ནས་བསྒྱུར་བའི་ཐབས་ཤིག་ལ་བྱ་སྟེ། སྒྱུར་ཐབས་འདི་ནི་དོན་གྱིས་བོད་བཙན་པོའི་དུས་ནས་ལག་ལེན་དུ་འདེབས་བཞིན་ཡོད་པ་དང་བཀའ་ཁྲིམས་སུ་བཅད་ཡོད་དེ།《སྒྲ་སྦྱོར་བམ་གཉིས》ལས་ཡུལ་དང་སེམས་ཅན་དང་། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་དུས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣོན་པ་འདི་ནི་དོན་གྱིས་སྒྱུར་ཐབས་འདིའི་རིགས་སུ་གཏོགས་ལ། ས་པཎ་ལགས་ཀྱིས་དགོངས་དོན་དེ་ཉིད་གཞིར་ བཟུང་སྟེ་བྱེ་བྲག་གི་འགྱུར་དཔེའི་སྟེང་ནས་གསལ་བཤད་མཛད་པ་ཡིན། འདི་ལ《མཁས་པ་རྣམས་འཇུག་པའི་སྒོ》ལས། "རྒྱ་གར་ལ་སྒྲ་མེད་ཀྱང་རིན་པོ་ཆེ་བཻ་ཌཱུརྱ་དང་། རིན་པོ་ཆེ་པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པ་དང་། རྒྱ་གར་ལ་མེ་ཏོག་གི་སྒྲ་མེད་ཀྱང་མེ་ཏོག་ཨུ་ཏྤལ་དང་། མེ་ཏོག་པདྨ་དང་། མེ་ཏོག་གནྡྷི་ཀ་ཞེས་བྱ་བ་ལ་སོགས་པ་བསྣན་པ་དང་། རྒྱ་གར་ལ་ཤིང་གི་སྒྲ་མེད་ཀྱང་ཤིང་ནྱ་གྲོ་དྷ་དང་། ཤིང་ཨ་ཤྭ་ཀ་དང་། ཤིང་པ་ལ་ཤ་ཞེས་བྱ་བ་ལ་སོགས་པ་བསྣན་པ་དང་། རྒྱ་གར་ལ་རི་དྭགས་ཀྱི་སྒྲ་མེད་ཀྱང་འགའ་ཞིག་གིས་རི་དྭགས་ཁྲི་སྙན་ས་ལེ་དང་། རི་དྭགས་ཨེ་ཎ་ཡ་ཞེས་བྱ་བ་ལ་སོགས་པ་བསྣན་པ་དང་། རྒྱ་གར་ལ་ཉའི་སྒྲ་མེད་ཀྱང་ཉ་ཏི་མི་ལ་སོགས་པ་དེ་དག་བསྣན་པའི་རྒྱུ་མཚན་གང་ཡིན་སྙམ་ན། བོད་བརྡ་མི་ཤེས་པ་དག་གིས། རིན་པོ་ཆེ་དང་། མེ་ཏོག་དང་། ཤིང་དང་། རི་དྭགས་དང་། གོས་དང་། སྲོག་ཆགས་ཀྱི་བྱེ་བྲག་ལ་སོགས་པའི་མིང་གང་ཡིན་ཞེས་དོགས་པ་སྐྱེ་བས། དེ་གཅད་པའི་དོན་དུ་རིན་པོ་ཆེ་དང་། མེ་ཏོག་དང་། ཤིང་ལ་སོགས་པ་བསྣན་པའོ།། དེ་བཞིན་དུ་ཡེ་ཤེས་དང་།   ཕྱག་རྒྱ་དང་། གོ་རིམས་ལ་སོགས་ལ་རྒྱ་གར་ན་ཡེ་དང་ཕྱག་དང་། གོ་ལ་སོགས་པའི་སྒྲ་མེད་ཀྱང་བོད་ལ་ཚིག་སྦྱར་བ་བདེ་བའི་དོན་དུ་བསྣན་ནས་བསྒྱུར་བ"ཞེས་པ་འདི་དག་ནི་གཙོ་བོ་བོད་ལ་སྔར་བྱུང་མེད་པའི་མིང་བརྡ་གསར་པའི་རིགས་བསྒྱུར་དུས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་པ་ཡིན། དེ་བཞིན་དུ་ཚིག་གི་ཕྲེང་བ་གང་ཞིག་བསྒྱུར་དུས་ཀྱང་བོད་རང་གི་སྐད་ལ་བརྗོད་བདེ་བའི་ཆེད་དུ་ཚིག་ཟུར་རེ་གཉིས་བསྣན་པའང་ཡོད་དེ། དཔེར་ན་གཞུང་དེ་ལས"རྒྱ་གར་ལ་ལྷའི་མེ་ཏོག་དང་། ལྷའི་བདུག་སྤོས་དང་ཞེས་བྱ་བ་ལ་སོགས་པ་ལ་འགའ་ཞིག་གིས་རྫས་ཀྱི་སྒྲ་བསྣན་ནས། ལྷ་རྫས་ཀྱི་མེ་ཏོག་དང་ལྷ་རྫས་ཀྱི་བདུག་སྤོས་དང་ཞེས་བྱ་བ་ལ་སོགས་པར་བསྒྱུར་བ་དང་། དེ་བཞིན་དུ་མེ་ཏོག་ཟ་བ་དང་བདུག་སྤོས་ཟ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཟས་སུའི་སྒྲ་བསྣན་ནས་ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་བདུག་སྤོས་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་ཞེས་བྱ་བ་ལ་སོགས་པར་བསྒྱུར་བ་དང་། དེ་བཞིན་དུ། གཞན་ཡང་བོད་ཀྱིས་གོ་བདེ་བའི་དོན་དུ་ཚིག་གི་ལྷད་བག་རེ་བསྣན་པ་ཡོད་མོད། དེ་ཤེས་པར་བྱས་ལ་བཤད་པ་དཀྱུས་མའི་ནང་དུ་མི་གཞུག"ཅེས་གསུངས་པ་ལྟར་རོ།།

གཉིས། འཕྲི་ནས་སྒྱུར་ཐབས།

འདི་ནི་བསྒྱུར་བྱའི་མ་ཡིག་གི་སྒྲ་དོན་རེ་རེ་བཞིན་མ་ལུས་པར་བསྒྱུར་ན། འགའ་ཞིག་བོད་སྐད་དུ་དགོས་པ་ཆེར་མེད་ཅིང་ཚིག་རོར་གྱུར་བས་ན། མ་ཡིག་གི་བརྗོད་དོན་མ་འཁྱོལ་བའི་རྨང་གཞིའི་སྟེང་དགོས་མེད་ཀྱི་ཚིག་ལྷག་རྣམས་འཕྲི་བའམ་བསྡུས་ནས་བསྒྱུར་བ་ལ་བྱ། དེ་ཡང་ས་པཎ་ལགས་ཀྱི《སྡོམ་གསུམ་རབ་ཏུ་དབྱེ་བའི་བསྟན་བཅོས》ལས།"འཁོར་གསུམ་ཡང་དག་ཅེས་བྱ་བ།། རྒྱ་གར་སྐད་དུ་ཏྲི་མནྜལ།། པ་རི་ཤུདྡྷ་ཞེས་བྱར་ཡོད།། ཏྲི་ནི་གསུམ་ཡིན་མནྜལ་ལ།། ཞེས་བྱ་བོད་སྐད་དཀྱིལ་འཁོར་ཡིན།། པ་རི་ཤུ་དྡྷ་ཡོངས་དག་པ།། དྲང་པོར་བསྒྱུར་ན་དཀྱིལ་འཁོར་གསུམ།། ཡོངས་སུ་དག་པར་ཞེས་བྱར་འགྱུར།། མཁས་པ་རྣམས་ཀྱིས་སྒྲ་བསྡུས་ནས།། འཁོར་གསུམ་ཡང་དག་ཅེས་བྱར་བསྒྱུར།།"ཞེས་གསུངས་པ་ལྟར་ལེགས་སྦྱར་སྐད་ཀྱི"ཏྲི་མནྜལ་པ་རི་ཤུདྡྷ"ཞེས་པ་དེའི་སྐད་དོད་རེ་རེ་བཞིན་བོད་དུ་བསྒྱུར་ན"དཀྱིལ་འཁོར་ཡོངས་སུ་དག་པ"ཞེས་སུ་འགྱུར་བས། དགོས་གལ་ཆུང་བའི་ཚིག་རོ་རྣམས་འཕྲིས་ཏེ"འཁོར་གསུམ་ཡོངས་དག"ཅེས་པར་ཚིག་བསྡུས་ནས་བསྒྱུར་བ་ལྟ་བུ་དང་། གཞན་ཡང་ཁོང་གི《སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ་ཞེས་བྱ་བའི་བསྟན་བཅོས》ལས།"ལ་ལ་གཞན་དུ་བཤད་པ་རྣམས།། བོད་ཀྱིས་གོ་བ་བདེ་ཕྱིར་བསྒྱུར།། མཚན་ཡང་དག་པར་བརྗོད་པ་རྒྱ་གར་ལ་ཡི་གེ་བརྒྱད་པ་རྗེས་སུ་བསྔགས་པར་ཡོད་པ་ལ། བོད་ལ་ཀློག་བདེ་བའི་ཕྱིར་ཡི་གེ་བདུན་པར་བསྒྱུར་བ་དང་། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་ཡི་གེ་བཅུ་གཅིག་པ་དབང་པོ་རྡོ་རྗེ་ཡོད་པ་དང་། བོད་ལ་ཚིག་བར་དགུ་པར་བསྒྱུར་བ་དང་། བཤེས་པའི་སྤྲིངས་ཡིག་འཕགས་པའི་དབྱངས། རྐང་བ་སོ་སོའི་ཡི་གེ་མི་མཉམ་པར་ཡོད་པ་ལ་ཡི་གེ་མཉམ་པོར་བསྡེབས་ནས་ཚེག་བར་དགུ་པར་བསྒྱུར་བ་དང་། མེ་ཏོག་ཕྲེང་འཛིན་ཡི་གེ་ཉི་ཤུ་རྩ་གཅིག་པ་ལ་བཅུ་དགུ་པར་བསྒྱུར་བ་ལ་སོགས་པ། རྒྱ་གར་གྱི་སྡེབ་སྦྱོར་དང་མི་མཐུན་པར་བོད་ལ་གོ་བདེ་ཞིང་ཀློག་སླ་བར་བྱ་བའི་ཕྱིར། ཡི་གེ་འཕྲི་ཞིང་བསྡེབས་ནས་དོན་ཚང་ཞིང་མ་ནོར་བར་བསྒྱུར་བར་ཟད་དོ།།"ཞེས་འཕྲི་ནས་བསྒྱུར་བའི་དགོས་པ་དང་དོན་སྙིང་དང་བཅས་པ་གསལ་པོར་གསུངས་ཡོད་དོ།།

མདོར་ན། གོང་གི་བསྣན་ནས་བསྒྱུར་བ་དང་འཕྲི་ནས་བསྒྱུར་བའི་ཐབས་འདི་གཉིས་ནི་དོན་གྱིས་དོན་སྒྱུར་གྱི་ཁོངས་སུ་གཏོགས་ཏེ། ཁོང་གིས་བསྟན་པའི་ཐད་སྒྱུར་གཙོར་འཛིན་པའི་ལོ་ཙཱའི་དགོངས་དོན་དེའི་ཁ་གསབ་ལྟ་བུ་ཡིན་ལ། བསྒྱུར་བྱ་མ་ཡིག་གི་སྒྲ་དོན་ཇི་བཞིན་བསྒྱུར་དུས་སྐབས་འགར་འཕྲད་འོང་བའི་གནད་དོན་ཐག་གཅོད་ཐབས་གལ་ཆེན་གཉིས་ཡིན། དེས་ན་སྣོན་སྒྱུར་བྱེད་པར་སྣོན་བྱེད་ཀྱི་ས་བོན་དང་། འཕྲི་སྒྱུར་བྱ་བར་འཕྲི་བྱེད་ཀྱི་བསྡུས་དོན་རྟོགས་དགོས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་ཐུགས་ལ་ངེས་པར་འཇགས་དགོས་པ་ཞིག་སྟེ། བརྗོད་དོན་གྱི་ས་བོན་མེད་པར་ཁ་བསྣན་པ་དང་། ཡང་ན་བསྡུས་དོན་མ་རྟོགས་པར་འཕྲི་བར་བྱས་པ་གང་ཡང་བཙན་སྒྱུར་དང་ཐ་ན་ལོག་སྒྱུར་དུ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེའོ།།

གསུམ། ཟློས་ནས་སྒྱུར་ཐབས།

འདི་ལ་དོགས་པ་བཟློག་ཕྱིར་ཚིག་གི་རྣམ་གྲངས་ཟློས་ནས་བསྒྱུར་བ་དང་། གུས་པ་བསྐྱེད་ཕྱིར་དོན་གྱི་རྣམ་གྲངས་ཟློས་ནས་བསྒྱུར་བ་གཉིས་ཡོད་དེ། དེ་ལས་དང་པོ་ལ《མཁས་པ་འཇུག་པའི་སྒོ》ལས།"འགའ་ཞིག་དོགས་པ་བཟློག་པའི་ཕྱིར།། རྣམ་གྲངས་ཟློས་པར་བཤད་ན་ཡང་།། དེ་དག་སྐྱོན་དུ་མི་གཟུང་སྟེ།། དགོས་པ་མཐོང་ནས་བཤད་ཕྱིར་རོ།།"ཞེས་པ་བཞིན་ཟློས་པའི་དགོས་པ་བསྟན་པ་དང་། དེར"དཔེར་ན་བརྒྱད་སྟོང་བ་ལས། འདབ་ཆགས་བྱ་ཞིག་ཅེས་འབྱུང་སྟེ། འདབ་ཆགས་དང་བྱ་གང་རུང་གིས་དོན་གོ་མོད་གཉིས་ཀ་བཟླས་པ་དོན་མེད་དོ་སྙམ་ན་མ་ཡིན་ཏེ། འདབ་ཆགས་ལ་སཾ་སྐྲི་ཏས་པཀྵི་ཟེར་ལ། སྒྲ་དེ་ཕྱོགས་ལ་སོགས་པ་མང་པོ་ལ་འཇུག་པས་དེ་སྤང་བའི་དོན་དུ་བྱ་ཞེས་སྨོས་སོ།། ཡང་བྱ་ལ་སཾ་སྐྲི་ཏའི་སྐད་ཤ་ཀུ་ན་ཞེས་ཟེར་ལ། དེ་བཀྲ་ཤིས་དང་དགེ་མཚན་ལ་སོགས་པ་གཞན་ལ་ཡང་འཇུག་པས། དེ་གཅད་པའི་དོན་དུ་འདབ་ཆགས་ཞེས་སྨོས་པ་ཟློས་པའི་སྐྱོན་མེད་དོ།། དེ་བཞིན་དུ་ཤིང་ལྗོན་པ་ལ་སོགས་པ་ལའང་སྦྱར་ཏེ་ཤེས་པར་བྱའོ།།"ཞེས་སྒྲ་གཅིག་པར་བསྒྱུར་ན་འཇུག་དོན་གཞན་དག་དང་འཁྲུལ་ཉེན་ཆེ་བས་ན། སྒྲ་གཉིས་བཟླས་ཏེ་དོན་བཙན་པར་བྱས་པ་སྟེ། དེ་ལྟར་ན་མིང་གི་རྣམ་གྲངས་སོ་སོའི་དོན་གྱི་ཕྱོགས་སུ་མ་ལྷུང་བར་བརྡ་དོན་གསལ་བར་སྟོན་ནུས་པའི་དགེ་མཚན་ཤིན་ཏུ་ཆེའོ།།

གཉིས་པ་གུས་པ་བསྐྱེད་ཕྱིར་ཟློས་ནས་བསྒྱུར་བ་ནི།"འགའ་ཞིག་གུས་པ་བསྐྱེད་པའི་ཕྱིར།། བཟླས་པའི་ཚིག་དོན་སྦྱོར་བར་བྱེད།།"ཅེས་པ་བཞིན་ཚིག་གི་རྣམ་གྲངས་ཟློས་ནས་བརྗོད་ཡུལ་གང་ཡིན་དེར་གུས་སེམས་བསྐྱེད་པར་བྱ་བ་སྟེ།"སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་གང་རུང་གིས་གོ་བ་ལ་གཉིས་བཟླ་ཅི་དགོས་སྙམ་ན་། འདི་ལ་ཌྭི་ཀ་བྱེད་པ་འགའ་ཞིག་གིས་འདི་ལྟར་བཤད་དེ། སངས་རྒྱས་ཞེས་ཚིག་རྐྱང་བ་བརྗོད་ན་མ་གུས་པར་འགྱུར་ལ། བཅོམ་ལྡན་འདས་ཞེས་བརྗོད་ན་གུས་པའི་ཚིག་ཏུ་འགྱུར་རོ་ཞེས་ཟེར་རོ།། འགའ་ཞིག་ན་རེ་སངས་རྒྱས་ཞེས་བརྗོད་ན་བློའི་བྱེ་བྲག་ལའང་འཇུག་པས་བཅོམ་ལྡན་འདས་སྨོས་སོ།། བཅོམ་ལྡན་ཞེས་བརྗོད་ན་འཇིག་རྟེན་གྱི་ལྷ་ཆེན་པོ་ལའང་འཇུག་པས་སངས་རྒྱས་ཞེས་སྨོས་སོ།། གཉིས་ཀ་ལྟར་ཡང་འགལ་བ་མེད་དོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སོགས་པ་ལའང་སྦྱར་བར་བྱའོ།། དེ་བཞིན་དུ་རྒྱལ་པོ་མིའི་བདག་པོའམ། ལྷའི་དབང་བོ་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ལ་བརྟགས་ཏེ་ཤེས་པར་བྱའོ།།"ཞེས་ཚིག་གི་རྣམ་གྲངས་ཟློས་པའི་དགོས་པ་དང་བཅས་པ་དཔེའི་སྒོ་ནས་གསལ་བཤད་གནང་ཡོད་དོ།།

བཞི། སྒྲ་སོར་འཇོག་གི་སྒྱུར་ཐབས།

འདི་ནི་ལེགས་སྦྱར་སྐད་བོད་དུ་ཐད་སྒྱུར་དང་དོན་སྒྱུར་ལ་སོགས་སྤྱོད་མི་རུང་དུས། བསྒྱུར་བྱ་དེའི་སྒྲ་དོན་གཉིས་ཀ་གཞན་དུ་མི་བསྒྱུར་བར་བོད་སྐད་ལ་རང་སོར་བཞག་ནས་མཚོན་པར་བྱས་པ་ཡིན། སྒྱུར་ཐབས་འདི་ནི་བོད་བཙན་པོའི་རིང་ནས་སྤྱོད་རྒྱ་ཧ་ཅང་ཆེ་ཞིང་།《སྒྲ་སྦྱོར་བམ་གཉིས》ལས་ཐབས་ལམ་འདི་སྤྱོད་པའི་གནས་བབ་བཞི་ཙམ་བསྟན་ཡོད་པ་ཚང་མས་མཁྱེན་གསལ་བཞིན་ཡིན་ལ། སྒྱུར་ཐབས་འདི་ནི་སཾ་བོད་ཡིག་རིགས་གཉིས་ཀྱི་འབྲེལ་བ་ཁྱད་པར་ཅན་ལས་བྱུང་བའི་དམིགས་བསལ་ཅན་གྱི་སྣང་ཚུལ་ཞིག་སྟེ། དོན་དམ་པར་རྒྱ་གར་སྐད་བོད་དུ་སོར་འཇོག་བྱེད་དུས་དེའི་གཟུགས་དོད་བོད་ཡིག་གིས་མཚོན་པར་བྱས་པ་སྟེ། རྒྱ་གར་གྱི་དབྱངས་གསལ་རྣམས་ཐང་ཡིག་ཏུ་ཕབ་པའི་ཡིག་གཟུགས་ཡིན་ལ། དེའི་སྦྱོར་ལུགས་ཕལ་ཆེ་བ་ཡང་ལེགས་སྦྱར་ཇི་བཞིན་བྱས་ཡོད་པས། འདི་ལ་ཡི་གེ་སོར་འཇོག་གམ་ཡིག་སྒྱུར་ཞེས་ཀྱང་བྱ། དེས་ན་ས་པན་མཆོག་གིས་སྒྱུར་ཐབས་འདི་ལ་རིགས་ཆེན་པོ་གཉིས་སུ་བསྟན་ཡོད་དེ།

དང་པོ་ནི་ལེགས་སྦྱར་སྐད་ཀྱི་ཡི་གེ་ཇི་བཞིན་བོད་ཡིག་ཏུ་སོར་འཇོག་བྱས་པ་སྟེ། བསྒྱུར་བྱ་གང་གི་ཡི་གེའི་སྒྲ་དོན་གཟུགས་གསུམ་ཆ་ཚང་དུ་རང་སོར་འཇོག་པ་ཡིན། དཔེར་ན་ཨྃ་ཨཿཧཱུཾ་དང་པདྨ། ཀུནྡ། ཧི་མ་ལ་ཡ་སོགས་གང་ཟག་གི་མིང་དང་ས་ཆའི་མིང་། གཟུངས་སྔགས་ཀྱི་སྐོར་རྣམས་བསྒྱུར་ཏུ་མི་བཏུབ་པའམ། བཙན་གྱིས་བསྒྱུར་དུ་རུང་ཡང་རང་སོར་བཞག་པ་ལ་བསྟན་དོན་ཁྱད་པར་ཅན་ཡོད་པ་སོགས་ཀྱིས་སོར་འཇོག་བྱས་པ་ལྟ་བུའོ།། སྒྱུར་ཐབས་གཉིས་པ་ནི་ཡིག་དོན་ཟུང་འབྲེལ་ཏེ། འདི་ལའང་ཕྱེད་སོར་བཞག་གི་ཡིག་དོན་ཟུང་འབྲེལ་དང་སྒྲ་བསྣན་པའི་ཡིག་དོན་ཟུང་འབྲེལ་གཉིས་ཡོད་པ་ལས། སྔ་མ་ནི་དཔེར་ན་རྒྱ་གར་གྱི་ལངྐ་པཱུ་རི་ཞེས་བྱ་བའི་ལངྐ་རང་སོར་བཞག པཱུ་རིའི་སྒྲ་གྲོང་ཁྱེར་དུ་བསྒྱུར་ནས་ལངྐའི་གྲོང་ཁྱེར་དུ་གྲུབ་པ་ལྟ་བུ་དང་། ཕྱི་མ་ནི་རྒྱ་གར་སྐད་རང་སོར་བཞག་པ་ཙམ་གྱིས་རིགས་ཀྱི་བྱེ་བྲག་གང་ཡིན་ལ་དོགས་པ་སྐྱེས་པ་ན། དེ་གཅད་པའི་ཕྱིར་དུ་རིགས་སྤྱི་བརྗོད་པའི་སྒྲ་ཞིག་བླ་ཐབས་སུ་བསྣན་ནས་བསྒྱུར་བ་ཡིན། དཔེར་ན། རིན་པོ་ཆེ་བཻཊཱུརྱ། མེ་ཏོག་པདྨ། ཤིང་ནྱ་གྲོ་དྷ། རི་དྭགས་ཨེ་ཎ་ཡ་ཞེས་པ་བཞིན། རྒྱ་གར་སྐད་རང་ངོས་ན་རིན་པོ་ཆེ་དང་མེ་ཏོག ཤིང་དང་། རི་དྭགས་ཞེས་པའི་སྒྲ་རྣམས་མེད་ཀྱང་། རིགས་ཀྱི་བྱེ་བྲག་གང་ཡིན་མི་ནོར་བའི་ཆེད་དུ་བོད་ལ་ཁ་བསྣན་ནས་བསྒྱུར་བ་ལྟ་བུའོ།།

དེ་ལྟར་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་སཾ་བོད་སྒྲ་སྒྱུར་གྱི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》ཀྱི་དགོངས་དོན་གཞིར་བཞག་སྟེང་གོང་གི་སྒྱུར་ཐབས་གཙོ་བོ་འགའ་དཔེ་དང་བཅས་དབྱེ་ཞིབ་ལེགས་པར་མཛད་པ་དང་། དེ་ལས་གཞན་ཡང་སྒྲ་གཅིག་མིང་གི་རྣམ་གྲངས་དུ་མར་འགྱུར་ཚུལ་ཏེ་ཞེ་ས་དང་ཕལ་བའི་མིང་གི་སྒྱུར་ཚུལ་གསུངས་པའང་ཉིད་ཀྱི་ཞལ་ལས། "རྒྱ་གར་ལ་ཞེ་སའི་སྒྲ་དང་ཕལ་པའི་སྒྲ་ཕལ་ཆེར་ཁྱད་ མེད་ཀྱང་། སངས་རྒྱས་ཀྱིས་གཞན་ལ་སྨྲས་པ་ལ་བཀའ་སྩལ། གཞན་གྱིས་སངས་རྒྱས་ལ་ཞུས་པ་ལ་གསོལ་བ། མཉམ་པོ་ཕན་ཚུན་འདྲི་བ་ལ་སྨྲས་པ་ཞེས་བྱ་བར་འགྱུར། དེ་བཞིན་དུ་ཞེ་ས་དང་ཞེ་ས་མ་ཡིན་པའི་ཚིག་ཐམས་ཅད། བོད་ཀྱི་ཚིག་བཟང་ངན་ལ་གོ་བདེ་བར་སྒྱུར་ཅིག་ཅེས་སྐད་གསར་བཅད་ལས་འབྱུང་བ་ལྟར་ཤེས་པར་བྱའོ།།"ཞེས་པ་དང་། དེ་བཞིན་དུ་ད་དུང་སྒྲའི་ཁམས་གཅིག་ལ་ཉེ་བསྒྱུར་གྱི་རྐྱེན་ཐ་དད་དང་ཕྲད་ཚེ་སྒྲ་དུ་མར་འགྱུར་ཚུལ་སོགས་མདོར་ན། ཡར་སྔོན་གྱི་སྒྱུར་ཐབས་རྣམས་ལས་ཐོན་པའི་ཉམས་མྱོང་དང་ཐུན་མོང་མ་ཡིན་པའི་སྣང་ཚུལ་རྣམས་སྤྱི་སྡོམ་དང་ངོ་སྤྲོད་མཛད་པ་འདིས། བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཉིད་འཐུས་ཚང་དུ་  བསྒྲུབས་ཤིང་། ལོ་ཙཱའི་བྱ་བ་སྤྱི་ཡོངས་དར་རྒྱས་གོང་འཕེལ་དུ་འགྲོ་བར་མཛད་རྗེས་བླ་ན་མེད་པ་བཞག་གོ།

གསུམ་པ། ལོ་ཙཱའི་མཐའ་དཔྱོད་ཀྱི་སྐོར།

དམ་པ་འདི་ཉིད་ཀྱིས་ཀྱང་བོད་བཙན་པོའི་སྐུ་རིང་ནས་དར་བའི་སྔ་འགྱུར་རྣམས་ལ་དཔྱད་བརྗོད་སྤེལ་བའི་སྲོལ་བཟང་དེ་ལེགས་པར་རྒྱུན་བསྐྱངས་ཏེ། སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་འགྱུར་ཆོས་མང་པོ་ཞིག་མ་ཡིག་ལ་བསྡུར་ནས། ཆད་ལྷག་ནོར་འཛོལ་གྱི་ཆ་རྣམས་རྒྱུ་མཚན་དང་བཅས་ཏེ་དགག་སྒྲུབ་ཀྱིས་ལེགས་པར་བཅོས་ཤིང་། ཕྱིས་འབྱུང་གི་ལོ་ཙཱ་བ་རྣམས་ལོ་ཙཱ་བྱ་བའི་ལོག་ལམ་དུ་མི་འཇུག་པའི་ཕྱིར་འགྱུར་དཔྱད་ཅུང་མང་དུ་མཛད་པའི་འཕྲིན་ལས་བསྐྱངས་ཡོད། དེ་ཡང་བྱེ་བྲག་ཏུ་བརྗོད་ན་སྐད་སོར་བཞག་ལས་བྱུང་བའི་སྐྱོན་དང་། དོན་སྒྱུར་ལས་བྱུང་བའི་སྐྱོན་སོགས་མང་དུ་སྣང་བ་ལས་འདིར་ཕྱོགས་གཙོ་བོ་འགའ་མདོར་ཙམ་བརྗོད་ན།

དང་པོ་ནི་བསྒྱུར་བྱ་མ་ཡིག་གི་སྒྲ་དོན་མ་རྟོགས་པ་ལས་བྱུང་བའི་སྐྱོན་ཏེ། སྤྱིར་ན་གང་ཞིག་བསྒྱུར་བ་དེར་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་རྒྱུ་ནི་ལོ་ཙཱ་བྱ་བའི་སྔོན་འགྲོ་ཡིན་མོད། འདིར་ལེགས་སྦྱར་སྐད་གྱི་སྒྲ་དོན་གཏིང་ཕྱིན་པ་མ་རྟོགས་པ་ལས་བྱུང་བའི་སྐྱོན་བསྟན་པ་སྟེ། ཁོང་གི《ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུ་བའི་འཕྲིན་ཡིག》ཅེས་པ་ལས།"ལེགས་པར་སྦྱར་བ་བོད་སྐད་དུ།། མཁས་པས་སྦྱོར་བ་ཐམས་ཅད་དག། སྒྲ་མི་ཤེས་པས་བསྒྱུར་བ་ལ།། ཚིག་དོན་ནོར་བ་ཅི་རིགས་མཐོང་།། དེ་འདྲ་བདག་གིས་བཅོས་ནས་བཤད།། སྐ་ཅོག་སོགས་ཀྱིས་བསྒྱུར་བ་ལ།། འགའ་ཞིག་སྒྲ་དང་ཅུང་མི་མཐུན།། འགའ་ཞིག་དོན་ འགྱུར་དག་ཏུ་བྱས།། འགའ་ཞིག་དོན་སྙིང་གོ་བ་དཀའ།། འགའ་ཞིག་སྔ་མ་བཙན་པར་བྱས།། ལ་ལ་གསར་བཅད་དག་གིས་ བཅོས།། ལ་ལ་རྒྱ་སྐད་སོར་བཞག་སྣང་།། ལ་ལ་ཁམས་ཀྱི་བྱེ་བྲག་གིས།། རྒྱ་སྐད་གཅིག་ལའང་བཤད་ཚུལ་གྱིས།། བོད་ཀྱི་སྒྲ་འགྱུར་ཐ་དད་སྣང་།། འདི་འདྲའི་ཚིག་དོན་འདྲ་མི་འདྲ།། དེ་དག་ལེགས་པར་དཔྱིས་ཕྱིན་པ།། བླུན་པོ་རྣམས་ཀྱིས་ལྟ་ཅི་སྨོས།། མཁས་པ་ཡིས་ཀྱང་ཤེས་པར་དཀའ།།"ཞེས་འགྱུར་སྔ་མའི་སྒྲ་སྒྱུར་ཚུལ་ལས་བྱུང་བའི་སྐྱོན་རྣམས་བསྟན་ཏེ། དེ་དག་ལ་འགྱུར་དཔྱད་སྤེལ་ནས་དག་པར་བཅོས་པའི་དགོས་པ་དང་འགྱུར་མ་དག་པའི་ཉེས་དམིགས་དང་བཅས་པ་བརྗོད་ཡོད། དེ་ལྟར་ལེགས་སྦྱར་སྐད་བོད་དུ་བསྒྱུར་བར་ལོ་ཙཱ་བ་རྣམས་སྒྲ་ལ་མི་མཁས་པས་ཚིག་དོན་གཉིས་ཀའི་ནོར་འཕྲུལ་ཅི་རིགས་བྱུང་བ་བསྟན་པ་ཁོང་གི《སྡོམ་གསུམ་རབ་ཏུ་དབྱེ་བའི་བསྟན་བཅོས》ལས།"རྒྱ་སྐད་ལངྒ་པཱུ་རི་ལ།། པཱུ་རིའི་སྒྲ་ནི་གྲོང་ཁྱེར་ཡིན།། བོད་སྐད་ལངྒའི་གྲོང་ཁྱེར་ཏེ།། ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་ཡོད།། འོན་ཀྱང་རྒྱ་སྐད་མ་ཤེས་པར།། པུ་རངས་སུ་ནི་འཆད་པ་དང་།། རྒྱ་སྐད་བི་མ་ལ་མི་ཏྲ།། བོད་སྐད་དྲི་མེད་བཤེས་གཉེན་ཡིན།། དེ་ཡི་སྒྲ་དོན་མི་ཤེས་པར།། བྱེ་མ་མ་དང་མུ་ཏྲའི་སྒྲ།། ཕྱག་རྒྱ་ཡིན་པར་བཤད་པ་དང་།། རྒྱ་སྐད་ནཱ་རོ་ཏ་ཡི་སྒྲ།། བྲམ་ཟེའི་རིགས་ཀྱི་བྱེ་བྲག་ཡིན།། དེ་ཡི་རྒྱུ་མཚན་མི་ཤེས་པར།། དཀའ་བ་སྤྱད་པའི་ཨ་ན་ན།། རོ་རུ་སོང་ཞེས་འཆད་པ་དང་།། རྒྱ་སྐད་ཨིནྡྲ་བྷཱུ་ཏི་ནི།། བོད་སྐད་འབྱུང་བའི་དབང་པོ་ཡིན།། དེ་ཡི་སྒྲ་འགྱུར་མི་ཤེས་པར།། བརྒྱ་བྱིན་བྱང་ཆུབ་ཏུ་འཆད་དང་།། རྒྱ་སྐད་དོ་ཧ་ཞེས་བྱ་བ།། བོད་སྐད་ལྷུག་པའམ་མ་བཅོས་པ།། ཞེས་པའི་དོན་ལ་འཇུག་མོད་ཀྱི།། དེ་ཡི་རྒྱུ་མཚན་མི་ཤེས་པར།། དོ་ནི་གཉིས་ཡིན་ཧ་དགོད་པ།། གཉིས་ལ་དགོད་པར་འཆད་པ་དང་།། རྒྱ་སྐད་ཛ་བ་ཞེས་བྱ་བ།། མེ་ ཏོག་དམར་པོ་ཞིག་ལ་འཇུག། དེ་ཡི་བརྡ་དོན་མི་འཕྲོད་པར།། བྱམས་པའི་མཛའ་བར་འཆད་པ་སོགས།། བླུན་པོ་རྣམས་ལ་ལེགས་ལེགས་འདྲ།། མཁས་པས་མཐོང་ན་བཞག་གད་གནས།། རྒྱུ་མཚན་ཅི་ཡི་ཕྱིར་ཞེ་ན།། སཾ་སྐྲི་ཏ་ཡི་སྒྲ་དོན་ལ།། བཤད་དུ་མི་རུང་ཉིད་ཕྱིར་དང་།། རྒྱ་སྐད་ཡིན་པར་མི་ཤེས་པར།། བོད་སྐད་ཡིན་པ་བཤད་ཕྱིར་རོ།།"ཞེས་བསྒྱུར་བྱ་ལེགས་སྦྱར་གྱི་སྒྲ་དོན་དཔྱིས་ཕྱིན་པ་ཞིག་མ་རྟོགས་པས་དོན་གྱི་གོ་བ་འཕྲུལ་བ་དང་། དེ་དག་བོད་སྐད་དུ་བསྒྱུར་བར་ཡང་གནད་ལ་མ་འཕྲོད་པའི་སྐྱོན་ཅི་རིགས་བྱུང་བ་རྣམས་ལོ་ཙཱ་བ་དག་གི་ངེས་པར་སྤང་བྱ་ཡིན་པར་བསྟན་ནོ།།

དེ་བཞིན་དུ་གཞན་ད་དུང་བརྡ་གསར་རྙིང་གི་ཁྱད་པར་མ་ཕྱེས་པ་དང་ཡུལ་སྐད་ཀྱིས་བསླད་པའི་འགྱུར་སྐྱོན་བསྟན་པའང《མཁས་འཇུག》ལས།"བོད་ཀྱི་སྐད་ལ་མི་ཤེས་པ།། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན།། འགའ་ཞིག་འགྱུར་གྱི་བྱེ་བྲག་དང་།། ཡུལ་སྐད་དག་གིས་བསྒྲིབས་པའང་ཡོད།།"ཅེས་གསུངས་ཏེ། བོད་ཀྱི་སྐད་ལ་འཆད་པ་པོ་དག་གིས་ཅུང་ཟད་མ་ཤེས་པ་ཡོད་དེ། སྔ་ཕྱིའི་ལོ་ཙཱ་བ་རྣམས་ཀྱིས་སྒྲ་དོན་གཅིག་ལ་བརྡ་གསར་རྙིང་གི་སྒྱུར་ཐབས་མི་འདྲ་བ་སྤྱད་དེ་ཁྱད་པར་བྱུང་བའི་དཔེ་ལ། ཧྭགས་ལ་བྱེ་མ་ཀ་ར་དང་། གླ་གོར་ཞོ་ཤ་ལ་གོ་ཡུ་དང་། རིན་ཆེན་ཏོག་ལ་རིན་ཆེན་དབལ། ནམ་ཡང་ལ་གཞར་ཡང་ལ་སོགས་བོད་ཀྱི་བརྡ་རྙིང་བར་བསྒྱུར་བ་རྣམས་དེང་སང་གོ་དཀའ་ཞིང་ཐེ་ཚོམ་ལོག་རྟོག་གི་རྒྱུ་རུ་འགྱུར། གཞན་ཡང་ཁ་ཤས་ཀྱིས་གདུགས་དཀར་ལ་ཚད་སྐྱོབ་དཀར་པོར་བསྒྱུར་བ་དང་། སྨོན་ལམ་ལ་ཡོངས་སུ་བསྒྱུར་བ། དགེ་བ་ལ་ངན་འབྱོལ་དུ་བསྒྱུར་བ་སོགས་ནི་སྒྲའི་ཁམས་མ་ཤེས་ན་གོ་དཀའ་ཞིང་། སྒྲ་འགྱུར་ཉིད་ལ་ཁམས་ཐ་དད་ཀྱིས་འགྲོ་བ་ཡོད་པ་དཔེར་ན། ཀཱ་ཡའི་སྒྲ་དབྱངས་སུ་འགྲོ་བ་དང་། ལེན་པའི་སྒྲ་གཅད་པར་འགྲོ་བ། འཁོར་བའི་སྒྲ་འཁྲུལ་བར་འགྲོ་བ་སོགས་སྒྲའི་ཁམས་ཐ་དད་དུ་དྲངས་པས་སྒྲ་དོན་ཐ་དད་དུ་སོང་བ་མ་ཤེས་ན་གོ་དཀའ་བར་གྱུར། ཡང་ལོ་ཙཱ་བ་ལ་ལས་རང་རང་གི་ཡུལ་སྐད་དུ་བསྒྱུར་བས་གོ་དཀའ་བར་སོང་བ་དཔེར་ན། མདའ་ལ་ཉག་ཕྲན་དང་། གཞུ་ལ་གནམ་རུ། ཏོག་ཙེ་ལ་འཇོར་རམ་ཤིམ་པ། གཤོལ་ལ་ཐོང་བ། གཞོང་པ་ལ་ཡོལ་གོ བུ་རམ་ལ་ལྀ་ཁ་ར། འཕང་བ་ལ་འགྱོད་པ། ལག་པ་ལ་སུག་པ། བཞོན་པ་ལ་ཕྱུགས་ཆུང་། ཆུད་མི་འཛའ་བ་ལ་ཆབ་མི་འཚལ་བ་ལ་སོགས་ཡུལ་ཕན་ཚུན་དུ་མ་གྲགས་པ་བསྒྱུར་བས་གོ་དཀའ་བ་ཡོད། གོང་གསལ་གྱི་འདི་ནི་དོན་ གྱིས་སྒྲ་བསྒྱུར་བའི་བརྡ་དང་ཐ་སྙད་རྣམས་གཅིག་གྱུར་དང་ཚད་ལྡན་དུ་མ་བྱུང་བའི་འགྱུར་སྐྱོན་བསྟན་པ་ དང་། སྒྱུར་ཐབས་མི་འདྲ་བ་ལས་བྱུང་བའི་ཉེས་སྐྱོན་དུ་མཐོང་བས། ཁོང་གིས་བྱ་བའི་ངོ་བོ་དང་ཁྱད་པར་དུ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་དང་བཅས་པར་དཔྱད་པ་ཞིབ་ཚགས་གནང་ཡོད་དོ།།

གཉིས་པ་ནི་ཇི་སྐད་དུ《མཁས་པ་འཇུག་པའི་སྒོ》ལས། འགའ་ཞིག་རྣམ་གྲངས་ནོར་བ་དང་།། ལ་ལས་ས་མཚམས་འཆུགས་པ་དང་།། ལ་ལ་མུན་སྤྲུལ་གྱིས་བསླད་པས།། ལོག་པར་བསྒྱུར་བ་གོ་བ་དཀའ།། ཞེས་པ་ལྟར། སྒྱུར་བྱེད་ལོ་ཙཱ་བ་ཁ་ཤས་ནི་སྒྲ་དོན་འགྱུར་གྱི་རྣམ་གྲངས་ནོར་བ་སྟེ། ལེགས་སྦྱར་སྐད་ལ་མིང་གང་ཞིག་དོན་གྱི་རྣམ་གྲངས་དུ་མར་འཇུག་པ་ཕན་ཚུན་འཆོལ་བ་དང་། སྒྲ་དོན་ཉེ་བ་སོ་སོའི་གོ་དོན་དཔྱིས་ཕྱིན་པ་མ་རྟོགས་པའམ་ཡང་ན་སྐབས་དོན་གང་ལ་སྙེགས་དགོས་པ་སོགས་ལེགས་པར་མ་བརྟགས་པར་རྣམ་གྲངས་འདྲེས་ནས་བསྒྱུར་བ་སྟེ། དཔེར་ན། རལ་གྲིའི་སྒྲ"ཁཊྒཿ"དང་བསེ་རུའི་སྒྲ"ཁཊྒ"ཞེས་པ་གཉིས་འཆོལ་ཏེ་བསེ་རུ་ལ་རལ་གྲི་དང་། རལ་གྲི་ལ་བསེ་རུ་ཞེས་སུ་བསྒྱུར་བའི་སྐྱོན་གྱི་རིགས་དང་། དེ་བཞིན་ས་མཚམས་འཆུགས་པ་ཡོད་དེ། རྣམ་དབྱེ་གསུམ་པའི་ནའི་སྒྲ་ཚིག་འོག་མའི་དགག་པའི་སྒྲར་འོག་ཏུ་སྦྱར་བ་དང་། ཚིག་འོག་མའི་དགག་སྒྲའི་ན། གོང་མའི་རྣམ་དབྱེ་གསུམ་པའི་ནའི་སྒྲར་སྦྱར་བའི་སྟོབས་ཀྱིས་སྒྲ་འཁྲུལ་བར་བསྒྱུར་བ་དང་། གཏོར་མ་ཤ་ཁྲག་མེད་པ་ལ། ཁྲག་མེད་པའི་གཏོར་མ་ཤ་དང་བཅས་པར་བསྒྱུར་བ་སོགས་གཅོད་མཚམས་འཆུགས་པས་དོན་ནོར་བར་བསྒྱུར་བའང་ཡོད། ཡང་ལ་ལ་ནི་སྒྲ་དོན་དཔྱིས་ཕྱིན་པ་མ་རྟོགས་པར་གང་བྱུང་གྱ་ཚོམ་དུ་བསྒྱུར་ནས་དོན་དང་འགལ་བ་དཔེར་ན།"ཧྲཏ"ཞེས་པ་སྙིང་བོའི་དོན་ལ་མདར་བསྒྱུར་བ་དང་། "ཧརིཏ"ཞེས་ལྗང་ཁུའི་དོན་ལ"ཧརཎཾ"ཞེས་པའི་སྒྲ་དང་འཁྲུལ་ནས་འཕྲོག་པར་བསྒྱུར་བ་དང་། དེ་བཞིན་རྒྱ་གར་སྐད"ཨིནྡྲ་བྷཱུ་ཏི"ཞེས་བྱ་བའི་སྒྲ་དེ་བོད་སྐད་དུ་འབྱུང་པོའི་དབང་པོ་ཞེས་བྱ་བར་འགྱུར་ཡང་། དེ་ཡི་སྒྲ་དོན་མ་ཤེས་པར་བརྒྱ་བྱིན་བྱང་ཆུབ་ཏུ་བསྒྱུར་བ་ལ་སོགས་སྒྲ་དོན་འཁྲུལ་བར་བསྒྱུར་བའི་སྟབས་ཀྱིས་བརྗོད་བྱའི་དོན་ཅི་ཡིན་མི་རྟོགས་པར་མུན་སྤྲུལ་གྱིས་བསླད་འདུག་པ་སོགས་ནི་འགྱུར་སྐྱོན་གནད་ཆེ་བ་དག་ཏུ་བགྲང་ཡོད་དོ།།

གསུམ་པ་ནི་སྔོན་བྱུང་གཏམ་རྒྱུད་མ་གོ་བར་བསྒྱུར་བའི་སྐྱོན་ལ། ལ་ལ་སྔོན་རབས་ལས་བྱུང་བའི།། གཏམ་རྒྱུད་ལེགས་པར་མ་ཤེས་པས།། མིང་གི་རྒྱུ་མཚན་མ་རྟོགས་ནས།། ལོག་པར་བསྒྱུར་བ་ཅུང་ཟད་མཐོང་།། ཞེས་པ་བཞིན་མི་རིགས་སོ་སོའི་བརྡ་དང་ཐ་སྙད་མང་པོ་ཞིག་ནི་འབྱུང་གཞིའི་གཏམ་རྒྱུད་ལ་སྦྱར་ནས་ཡོད་པས། དེ་དག་བསྒྱུར་བ་ལས་ཐོག་མར་གཏམ་རྒྱུད་ངེས་དགོས་ཀྱང་དེ་མ་ངེས་པར་ལོག་པར་བསྒྱུར་བའི་སྐྱོན་ལ་དཔེར་ན་ཁོང་གི་གསུང་ལས། མུ་སྟེགས་པའི་སྔོན་རབས་ལོ་རྒྱུས་དང་། མདོའི་རྟོགས་པ་བརྗོད་པ་སྣ་ཚོགས་ལས། སེམས་ཅན་གྱི་མིང་དང་ཡུལ་གྱི་མིང་ཐ་དད་དུ་འདོགས་པ་རྣམས་སྔོན་རབས་ཀྱི་གཏམ་རྒྱུད་མ་ཤེས་པས། ལོ་ཙཱ་བ་མཁས་ཀྱང་ཕྱིན་ཅི་ལོག་ཏུ་བསྒྱུར་བ་མཐོང་སྟེ། དཔེར་ན། ས་ར་སྭ་ཏཱིའི་སྒྲ་སྔོན་ཆད་རྒྱ་མཚོ་བསྲུབས་པ་ལས་བྱུང་བས་མཚོ་ལས་བྱུང་བ་ཡིན་མོད་ཀྱི། གཏམ་རྒྱུད་མ་གཟིགས་པ་དང་བོད་ཀྱིས་གོ་བདེ་བར་བྱ་བའི་དོན་དུ་དབྱངས་ཅན་མར་བསྒྱུར་རོ།། ས་ར་སྭ་ཏཱི་ཞེས་སྒྲ་བཟློག་ན་དབྱངས་ཅན་ཡིན་མོད་ཀྱི། འདིར་ས་ར་སྭ་ཏཱི་ཡིན་པས་དབྱངས་ཅན་དུ་བསྒྱུར་དུ་མི་རུང་ངོ་།། དེ་བཞིན་དུ་གླང་པོ་ཆེ་ས་སྲུང་གི་བུའང་དེ་དང་འདྲའོ།། ཡང་བྲྀདྡྷ་སནྡྷ་ན་ཞེས་བྱ་བ་གཏམ་རྒྱུད་ལས་ལྷ་མ་ཡིན་རྒན་མོ་ཞེས་བྱ་བ་ལུས་ཕྱེད་དུ་སོང་བ་སྦྱར་བ་ཡིན་མོད་ཀྱི། རྒན་ པོས་སྦྱར་བ་ཞེས་བྱ་བར་བསྒྱུར་བ་དང་། བྷ་གི་ར་ཐ་ཞེས་བྱ་བ་སྔོན་རབས་ལས་བདག་ཉིད་ཆེན་པོ་དུག་ཅན་པའི་བུ་མོ་དག་གི་བྷ་ག་བསྲུབས་པ་ལས་སྐྱེས་པས་བྷ་ག་སྲུབ་ཅེས་བྱ་བ་ཡིན་མོད་ཀྱི། སྒྲ་འགྱུར་དུ་སྐལ་ལྡན་ཤིང་རྟ་ཞེས་བསྒྱུར་བ་དང་། གོ་དཱ་ཝ་རི་ཞེས་བྱ་བ་དྲང་སྲོང་ཞིག་གིས་བ་ལང་བསད་པའི་སྡིག་སྦྱོང་གི་ཆུ་ཡིན་པས། བ་ལང་བསད་པའི་ཆུ་ཞེས་བྱ་བར་འགྱུར་མོད་ཀྱི། བའི་མཆོག་སྦྱིན་ཞེས་དོན་འགྱུར་བྱས་པ་དང་།……ཧི་མ་ལ་ཡའི་སྒྲ་ལྷ་མོ་ཨུ་མའི་ཕ་དབང་ཕྱུག་ཆེན་པོ་འདུག་པའི་གནས། མཚོ་མ་དྲོས་པ་དང་ཉེ་བའི་རི་བོ་གངས་ཅན་ཞེས་བྱ་བ་ཡིན་མོད་ཀྱི། ལོ་ཙཱ་མི་ཤེས་པ་དག་གིས་ཏི་སེར་བསྒྱུར་བ་འགའ་རེ་མཐོང་། གངས་ཅན་ལ་རྒྱ་གར་སྐད་ཧི་མ་ལ་ཡ་ཟེར། ཏི་སེ་ལ་རྒྱ་གར་སྐད་དུ་ཀེ་ཏ་ར་ཟེར་བ་ཡིན། གངས་ཅན་དང་ཏི་སེ་གཉིས་རྒྱ་གར་གྱི་སྒྲ་ཡང་ཐ་དད་། དོན་ཡང་ཐ་དད་དུ་གནས་པ་ལ་མ་ཤེས་པས་འཁྲུལ་བར་བསྒྱུར་བ་ཡོད་དོ།། ⒁  གོང་གི་འདི་ལས་ས་པཎ་མཆོག་གིས་ཐ་སྙད་རྣམས་འབྱུང་སའི་གཏམ་རྒྱུད་མ་ངེས་པར་དོན་བསྒྱུར་བྱས་པའི་སྐྱོན་རྣམས་བསྟན་པའི་ཞོར་དུ། ཉིད་ཀྱི་ཐད་སྒྱུར་གཙོར་འཛིན་པའི་ལོ་ཙཱའི་དགོངས་དོན་དེའང་ཤུགས་ནས་བརྗོད་ཡོད་དོ།།

བཞི་པ་ནི་ལེགས་སྦྱར་སྐད་ཀྱི་སྒྲ་སོར་འཇོག་བྱས་པ་ལས་བྱུང་བའི་སྐྱོན་ཏེ། ལེགས་བོད་ཡིག་རིགས་གཉིས་ལ་མ་བུ་ཁུངས་གཅིག་གི་འབྲེལ་བ་ལྡན་ཙ་ན་རྒྱ་གར་གྱི་དབྱངས་གསལ་རྣམས་སློབ་དཔོན་ཐོན་མིའི་དུས་ནས་ཐང་ཡིག་ཏུ་ཕབ་པ་ནས། ལེགས་སྦྱར་སྐད་དབྱངས་གསལ་ཡན་ཆད་བོད་དུ་སོར་འཇོག་པའི་སྲོལ་ཞིག་རང་ཤུགས་ཀྱིས་དར། དེ་བས་རྒྱ་གར་སྐད་སོར་འཇོག་བྱ་བ་ལ་སྐད་གདངས་དང་ཡི་གེའི་གཟུགས་གང་ཞིག་གཙོ་བོར་འཛིན་པའི་ཐད་ལ་བོད་ཀྱི་ལོ་པཎ་རྣམས་ཀྱི་བཞེད་ཚུལ་ཅུང་མི་མཐུན་པར་རྩོད་པ་མང་ཙམ་བྱུང་། ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་ལོ་ཙཱ་བ་སྔ་མ་དག་གིས་ལེགས་སྦྱར་སྐད་རང་སོར་བཞག་པ་ལ་སྒྲ་དག་པར་མ་ཐོན་པའི་སྒྲ་སྐྱོན་དང་། སྒྲ་དོན་ཆད་ལྷག་སོང་བའི་སྐྱོན། སྒྲ་དང་ཡི་གེའི་ཚགས་སྦྱོར་གཉིས་ཀ་ལ་བྱུང་བའི་སྒྲ་གཟུགས་ཀྱི་སྐྱོན་སོགས་གང་མང་སྣང་བར་གསེད་བཀྲོལ་མཛད་ཡོད། དཔེར་ན། ཤཱུ་ནྱ་ཐཱ་ཛྙཱ་ན་ཞེས་རྣམ་རྟོག་འགོག་པའི་ཚིག་གི་ཛྙཱ་ན་ཞེས་པ་དེ་ལ་སྙ་ན་དང་། མཁའ་འགྲོ་ཊཱ་ཀི་ལ་དྷ་ཀིར་འབོད་པ། ཨ་ནུ་རཱ་ཀྟོ་ལ་ཨ་ནུ་རཀྟར་ཞེས་སོགས་ནི་ཀློག་མ་དག་པའི་སྐྱོན་དུ་བཤད་ཅིང་། དེ་བཞིན་དུ་ཨོཾ་ལ་འ་ཡིག་རིང་ཆ་ཅན་མི་སྲིད་བཞིན་དུ་འ་ཆུང་བཏགས་ཏེ་འབྲི་བ་དང་། ཡོན་ཏན་གྱི་སྐད་དོད་གུ་ན་ལ་འགུ་ན། སྟོབས་ཀྱི་སྐད་དོད་བ་ལ་ལ་འབའ་ལ། ངྒཱ་ལ་འངྒཱ། གནྡོ་ལ་འགནྡོ་ཞེས་རྒྱ་གར་སྐད་ལ་འས་འཕུལ་སྔར་མེད་ཅིག་གསར་དུ་བསྣན་ནས་བྲིས་པ་སོགས་ནི་ཡིག་གཟུགས་ལ་སྐྱོན་བྱུང་བས་སྐད་སོར་བཞག་གི་མཚན་ཉིད་མ་ཚང་བ་ཡིན། གཞན་ཡང་སྭཱ་ཧཱ་ཞེས་བྱ་བ་ལ་ས་ཧ་རུ་འབྲི་ཞིང་ཀློག་པ་དང་། ཨི་ཤྭར་ཞེས་པའི་ཝ་བཏགས་བཅད་ནས་ཨི་ཤ་ར་ཞེས་འབྲི་ཞིང་ཀློག་པ། བི་རླ་པ་ཞེས་པར་བཱི་རྱ་པ་ཞེས་སུ་བསྒྱུར་བ། ཨ་མྲྀ་ཏ་ཞེས་པར་ཨ་སྨྲི་ཏ་ཞེས་སུ་བསྒྱུར་བ་སོགས་ནི་སྒྲ་གཟུགས་གཉིས་ཀའི་ནོར་སྐྱོན་བྱུང་བའི་རིགས་མང་བ་སོགས་དམ་པ་འདིས་མིང་གི་འགྱུར་སྐྱོན་རྣམས་ཕྱོགས་བསྡོམས་མཛད་དེ་དག་པར་བཅོས་སོ།།

མདོར་ན། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གིས་སྔ་འགྱུར་རྣམས་ལ་མིང་དང་ཚིག་ཏུ་ཕྱེས་ནས་སོ་སོའི་འགྱུར་སྐྱོན་དགག་སྒྲུབ་དང་དཔེའི་སྒོ་ནས་གསལ་བཤད་མཛད་ཅིང་། ཕྱིས་འབྱུང་ལོ་ཙཱ་བ་རྣམས་ལ་འགྱུར་ཉེན་གྱི་ཅོང་སྒྲ་བསྒྲགས། རང་གི་ཐུན་མིན་གྱི་ལོ་ཙཱའི་དགོངས་དོན་དང་མཐའ་དཔྱོད་ཀྱི་རིགས་ལམ་བསྟན་ནས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དང་ཚད་ལྡན་དུ་འཕེལ་བར་ཕྱག་རྗེས་བླ་ན་མེད་པ་བཞག་གོ། 

མཆན་འགྲེལ།

⑴  ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས98ན་གསལ།

⑵ ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས99ན་གསལ།

⑶《འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》གླེགས་བམ་དང་པོ། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ནས་པར་དུ་བསྐྲུན། ཤོག་ངོས92ན་གསལ།

⑷ ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས100ན་གསལ།

⑸  ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས101ན་གསལ།

⑹《འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》གླེགས་བམ་གསུམ་པ། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ནས་པར་དུ་བསྐྲུན། ཤོག་ངོས91ན་གསལ།

⑺《འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》གླེགས་བམ་དང་པོ། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ནས་པར་དུ་བསྐྲུན། ཤོག་ངོས642-643ན་གསལ།

⑻ ས་སྐྱ་པཎྜིཏའི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས101-102ན་གསལ།

⑼  ས་སྐྱ་པཎྜིཏའི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས102ན་གསལ།

⑽  ས་སྐྱ་པཎྜིཏའི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས100-101ན་གསལ།

⑾《འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》གླེགས་བམ་གསུམ་པ། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ནས་པར་དུ་བསྐྲུན། ཤོག་ངོས132ན་གསལ།

⑿《འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》གླེགས་བམ་གསུམ་པ། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ནས་པར་དུ་བསྐྲུན། ཤོག་ངོས91-92ན་གསལ།

⒀ ས་སྐྱ་པཎྜིཏའི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས96ན་གསལ།

⒁ ས་སྐྱ་པཎྜིཏའི《མཁས་པ་འཇུག་པའི་སྒོ》1981ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས98-99ན་གསལ།

དཔྱད་རྩོམ་འདི་ནི2018ལོའི《བོད་ལྗོངས་ཞིབ་འཇུག》དེབ་གསུམ་པའི་སྟེང་བཀོད་ཡོད། 


མཉམ་སྤྱོད།