དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི1888ལོའི་དབྱིན་ཡིག་གི་པར་གཞིའི་གླེང་གཞི།

2025-04-22 09:44:47   |   320

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས།《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་། 


《བསྒྲགས་གཏམ》ནི་གུང་ཁྲན་རིང་ལུགས་པའི་མནའ་མཐུན་གྱི་རྩ་འཛིན་དུ་བྱས་ནས་སྤེལ་བ་ཞིག་ཡིན། མནའ་མཐུན་འདི་ཐོག་མར་འཇར་མན་གྱི་བཟོ་པའི་ཚོགས་པ་ཤ་སྟག་ཅིག་ཡིན་པ་དང་། རྗེས་སུ་རྒྱལ་སྤྱིའི་བཟོ་པའི་ཚོགས་པར་གྱུར་ཅིང་། 1848ལོའི་སྔོན་གྱི་ཡོ་རོབ་གླིང་གི་སྐམ་ས་ཆེན་པོའི་ཆབ་སྲིད་ཀྱི་ཆ་རྐྱེན་འོག་གུང་ཁྲན་རིང་ལུགས་པའི་མནའ་མཐུན་འདི་ནི་གསང་བའི་ཚོགས་པ་ཞིག་ཡིན་ངེས།1847ལོའི་ཟླ11པར་ལོན་ཏོན་དུ་འཚོགས་པའི་མནའ་མཐུན་འཐུས་མི་ཚོགས་ཆེན་གྱིས། མར་ཁེ་སི་དང་ཨེན་ཀེ་སི་ལ་ཁྱབ་བསྒྲགས་བྱེད་རྩིས་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ལྡན་གྱི་ཏང་གི་རྩ་འཛིན་ཆ་ཚང་བ་ཞིག་རྩོམ་འབྲི་བྱེད་དགོས་པའི་བཀའ་མངག་གནང་། མ་ཡིག་ནི1848ལོའི་ཟླ་དང་པོའི་ནང་འཇར་མན་ཡི་གེར་བྲིས་པ་དང་། ཟླ2པའི་ཚེས24ཉིན་གྱི་ཧྥ་རན་སིའི་གསར་བརྗེ་མ་ལངས་གོང་གི་གཟའ་འཁོར་ཁ་ཤས་ཀྱི་སྔོན་ལ་ལོན་ཏོན་དུ་བསྐུར་ནས་པར་བཏབ་པ་ཡིན། ཧྥ་ཡིག་གི་འགྱུར་དེབ་དེ1848ལོའི་ཟླ་བ་དྲུག་པའི་འོས་ལངས་མ་བྱུང་གོང་གི་སྔོན་ཏག་ཏག་ལ་ཕ་རི་སི་ནས་པར་དུ་བསྐྲུན། དབྱིན་ཡིག་གི་འགྱུར་དེབ་དང་པོ་ནི་ལྕམ་མོ་ཧེ་ལུན•མའེ་ཁོའོ་ཧྥ་ལིན་གྱིས་བསྒྱུར་ཅིང་།1850ལོར་ཆའོ་ཀྲི•ཀྲུའུ་ལི་ཨན•ཧ་ཉིས་ལོན་ཏོན་གྱི《དམར་པོའི་སྤྱི་མཐུན་ཏང་མི》ཟེར་བའི་དུས་དེབ་ཐོག་བཀོད། དུས་མཚུངས་སུ་ཏེན་མག་ཡི་གེའི་འགྱུར་དེབ་དང་ཕོ་ལན་ཡི་གེའི་འགྱུར་དེབ་ཀྱང་པར་དུ་བསྐྲུན་པ་རེད།

1848ལོའི་ཕ་རི་སིའི་ཟླ་བ་དྲུག་པའི་འོས་ལངས་ཟེར་བའི་འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་བར་གྱི་དམར་འཛིང་ཆེན་པོ་ཐེངས་དང་པོ་དེ་ཕམ་པའི་རྐྱེན་གྱིས། ཡོ་རོབ་གླིང་གི་བཟོ་པ་གྲལ་རིམ་གྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་བླང་བྱ་དེ་གནས་སྐབས་སུ་སླར་ཡང་རྒྱབ་ཏུ་གཡུག་དགོས་པ་བྱུང་སོང་། དུས་དེ་ནས་བཟུང་། དབང་སྒྱུར་གྱི་དབང་ཆ་འཕྲོག་རེས་བྱེད་པའི་འཐབ་རྩོད་དེ། སླར་ཡང་ཟླགཉིས་པའི་གསར་བརྗེའི་སྔོན་གྱི་གནས་ཚུལ་དང་འདྲ་བར་འབྱོར་ལྡན་གྲལ་རིམ་གྱི་སྡེ་ཚོགས་ཕན་ཚུན་བར་དུ་མ་གཏོགས་བྱེད་ཀྱིན་ཡོད་པ་མ་རེད། བཟོ་པ་གྲལ་རིམ་ལ་ཚོད་འཛིན་ཐེབས་ནས་ཆབ་སྲིད་ཐོག་གི་བྱེད་སྒོ་རང་དབང་ཁ་ཤས་ཙམ་ལས་བརྩོན་ལེན་བྱེད་དུ་འཇུག་གིན་མེད་པར་མ་ཟད། འབྱོར་ལྡན་གྲལ་རིམ་གྱི་དྲག་སྐྱོད་ཕྱོགས་ཁག་གི་གཡོན་ཐལ་ཆེ་བའི་ལངས་ཕྱོགས་བཟུང་ཡོད། མུ་མཐུད་དུ་སྐྱེ་སྟོབས་ཀྱི་དཔལ་མངོན་པའི་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་རང་ཚུགས་ཅན་ཞིག་ཡིན་ཕྱིན། ཚང་མར་སྙིང་རྗེ་མེད་པའི་དྲག་གནོན་ཐེབས་པ་རེད། དཔེར་ན། ཕུའུ་ལུའུ་ཧྲིའི་ཉེན་རྟོག་པས་སྐབས་དེར་ཁི་ལུང་དུ་བཙུགས་པའི་གུང་ཁྲན་རིང་ལུགས་པའི་མནའ་མཐུན་གྱི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དེ་ཡོད་པ་ཚོར་རྗེས། དེའི་ཁོངས་མི་ཁ་ཤས་འཛིན་བཟུང་བྱས་པར་མ་ཟད། བཙོན་ཁང་དུ་བཅུག་ནས་ཟླ་བ18ཕྱིན་རྗེས་ཀྱི1852ལོའི་ཟླ10པར་ཁྲིམས་རར་སྤྲད་དེ་འདྲི་གཅོད་ཀྱང་བྱེད་དུ་བཅུག ཐེངས་དེའི་སྐད་གྲགས་ཆེ་བའི“ཁི་ལུང་གུང་ཁྲན་ཏང་མིའི་གྱོད་གཞི”དེ་ཟླ10པའི་ཚེས4ནས་ཟླ11པའི་ཚེས12བར་འགྱངས་པ་རེད། འཛིན་བཟུང་བྱས་པའི་ནང་ནས་མི་བདུན་བཙན་རྫོང་དུ་བཙོན་འཇུག་ལོ་གསུམ་ནས་ལོ་དྲུག་བར་བྱེད་རྒྱུའི་ཐག་བཅད། བཅད་ཁྲ་བསྒྲགས་རྗེས། མནའ་མཐུན་གྱི་ཤུལ་དུ་ལུས་ཡོད་པའི་ཁོངས་མི་རྣམས་དངོས་སུ་གཏོར་ནས་ཐོར་དུ་བཅུག《བསྒྲགས་གཏམ》ནི། དེ་ནས་བཟུང་མི་རྣམས་ཀྱིས་བརྗེད་ངས་ཡིན་པ་ལྟ་བུ་ཞིག་ཏུ་གྱུར་སོང་།

 ཡོ་རོབ་གླིང་གི་བཟོ་པ་གྲལ་རིམ་གྱིས་དབང་སྒྱུར་གྲལ་རིམ་ལ་ཡང་བསྐྱར་ཕར་རྒོལ་ཐེངས་གཅིག་བྱེད་ཐུབ་པའི་སྟོབས་ཤུགས་སླར་ཡང་སྡུད་གསོག་བྱས་ནས་བྱུང་ཡོད་སྐབས། རྒྱལ་སྤྱིའི་བཟོ་པའི་མཐུན་ཚོགས་བྱུང་། འོན་ཀྱང་མཐུན་ཚོགས་དེ་འཛུགས་པའི་དམིགས་ཡུལ་གསལ་བོ་ནི་ཡོ་རོབ་གླིང་དང་མེ་གླིང་དུ་འཐབ་འཛིང་བྱེད་བཞིན་པའི་འབྱོར་མེད་གྲལ་རིམ་ཧྲིལ་པོ་མཐུན་སྒྲིལ་བྱས་ནས་གོང་བུ་གཅིག་སྒྲིལ་བྱེད་རྒྱུ་དེ་ཡིན། དེར་བརྟེན། དེས《བསྒྲགས་གཏམ》ནང་གསལ་བཤད་བྱས་པའི་རྩ་དོན་དེ་ཚོ་ལམ་སང་ཁྱབ་བསྒྲགས་བྱེད་མི་རུང་། རྒྱལ་སྤྱི་བཟོ་པའི་མཐུན་ཚོགས་ལ་ངེས་པར་དུ་རྩ་འཛིན་ཁྱབ་རྒྱ་ཧ་ཅང་ཆེ་བ་ཞིག་ཡོད་དགོས་ཤིང་། དེ་ལྟར་ཡིན་ཚེ། དབྱིན་ཇིའི་བཟོ་ཚོགས་མཉམ་འབྲེལ་ཚོགས་པ་དང་། ཧྥ་རན་སི། པི་ལི་ཧྲི། དབྱི་ཐ་ལི། སི་ཕེན་གྱི་ཕུའུ་ལུའུ་ཏུང་ཕྱོགས་ཁག་ འཇར་མན་གྱི་ལ་སར་ཕྱོགས་ཁག་སོགས་ཚང་མས་དང་ལེན་བྱེད་ཐུབ་པ་རེད། མར་ཁེ་སིས་ཏང་ཁག་ཚང་མས་བློ་ལ་འབབ་པའི་རྩ་འཛིན་དེ་འདྲ་ཞིག་རྩོམ་འབྲི་བྱས་པ་རེད། ཁོང་གིས་མཉམ་དུ་འགུལ་སྐྱོད་དང་མཉམ་དུ་གྲོས་བསྡུར་བྱས་པ་ལས་བཟོ་པ་གྲལ་རིམ་གྱི་སྙིང་སྟོབས་གོང་འཕེལ་ཡོང་ངེས་ཡིན་པར་ཡིད་ཆེས་ཆེན་པོ་བྱས་ཡོད། མ་རྩ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བྱུང་བའི་དོན་རྐྱེན་དང་འཕོ་འགྱུར་སྣ་ཚོགས—ཕམ་ཁ་ནི་རྒྱལ་ཁ་ལས་ཀྱང་མང་བའི—སྟེང་ནས་མི་རྣམས་ཀྱིས་ཁོ་ཚོའི་སྙིང་ནས་དགའ་བའི་ཀུན་ཕན་སྨན་རིལ་དེ་ཚོ་གཏན་ནས་གོ་མི་ཆོད་པར་ངོས་ཟིན་བྱེད་ཐུབ་ངེས་ཡིན་པར་མ་ཟད། ཁོ་ཚོས་བཟོ་པ་གྲལ་རིམ་བཅིངས་འགྲོལ་ཐོབ་པ་བྱེད་རྒྱུའི་ཆ་རྐྱེན་དངོས་དེ་ཚོའང་སྔར་ལས་གཏིང་ཟབ་པ་ཞིག་རྒྱུས་ལོན་བྱེད་ཐུབ་པར་བགྲོད་ལམ་གསར་པ་ཕྱེ། མར་ཁེ་སིའི་དགོངས་གཞི་ནི་ཡང་དག་པ་ཡིན།1874ལོར་རྒྱལ་སྤྱི་གཏོར་སྐབས། བཟོ་པ་རྣམས1864ལོར་རྒྱལ་སྤྱི་འཛུགས་སྐབས་ཀྱི་གནས་ཚུལ་དང་རྦད་དེ་འདྲ་བ་མ་རེད། ཧྥ་རན་སིའི་ཕུའུ་ལུའུ་ཏུང་རིང་ལུགས་དང་འཇར་མན་གྱི་ལ་སར་རིང་ལུགས་ཀྱི་དབུགས་ཀྱི་རྒྱུ་བ་ཆད་གྲབས་ཡོད་པར་མ་ཟད། ཐ་ན་ཕལ་ཆེ་བ་སྔ་མོ་ནས་རྒྱལ་སྤྱི་དང་ཁ་བྲལ་ཟིན་པའི་རྙིང་ཞེན་བག་འཁུམ་གྱི་དབྱིན་ཇི་རྒྱལ་ཁབ་ཀྱི་བཟོ་ཚོགས་མཉམ་འབྲེལ་ཚོགས་པའང་རིམ་བཞིན་ཡར་རྒྱས་ཕྱིན་ནས། ན་ནིང་འཚོགས་པའི་སི་ཝང་ཞི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིས་བཟོ་ཚོགས་མཉམ་འབྲེལ་གྱི་མིང་ཐོག་ནས་གསལ་བསྒྲགས་བྱས་ཏེ་བཤད་རྒྱུར།“སྐམ་ས་ཆེན་པོའི་སྤྱི་ཚོགས་རིང་ལུགས་དེ་ང་ཚོར་མཚོན་ནས་བཤད་ན་ད་ནི་སྐྲག་སྣང་སྐྱེ་མི་དགོས།”དངོས་གནས་དེ་འདྲ་སྟེ།《བསྒྲགས་གཏམ》གྱི་རྩ་དོན་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་བཟོ་པའི་ནང་ལ་བརྒྱུད་སྒྲོག་ཧ་ཅང་ཆེན་པོ་ཞིག་བྱུང་ཡོད།

 འདི་ལྟར།《བསྒྲགས་གཏམ》འདི་ཉིད་སླར་ཡང་གར་སྟེགས་ཀྱི་མདུན་ངོས་སུ་བུད། 1850ལོ་ནས་བཟུང་། འཇར་མན་ཡི་གེའི་མ་དེབ་དེ་སུའེ་ཙེར་དང་། དབྱིན་ཇི། ཨ་མེ་རི་ཁ་བཅས་ནས་བསྐྱར་པར་ཐེངས་ཁ་ཤས་བརྒྱབ་པ་རེད། 1872ལོར། མི་ཞིག་གིས་ཉིག་ཡོག་ཏུ་དེབ་དེ་དབྱིན་ཡིག་ཏུ་བསྒྱུར་ཅིང་། དེ་གའི《ཝུའུ་ཏི་ཧིར་དང་ཁི་ལ་ཧྥུ་ལིན་གཟའ་འཁོར་དུས་དེབ》སྟེང་བཀོད། དེ་ནས་ཡང་མི་ཞིག་གིས་དབྱིན་ཡིག་གི་དེབ་དེ་གཞིར་བཟུང་ནས་ཧྥ་ཡིག་ཏུ་བསྒྱུར་ཏེ། ཉིག་ཡོག་གི《སྤྱི་ཚོགས་རིང་ལུགས་པའི་ཚགས་པར》སྟེང་བཀོད། དེ་རྗེས་ཨ་རི་རྒྱལ་ཁབ་ཏུ་མ་ཡིག་ལ་ནང་དོན་འཁྱོག་བཤད་ཏོག་ཙམ་བྱས་ཡོད་པའི་དབྱིན་ཡིག་གི་འགྱུར་དེབ་ཉུང་མཐར་ཡང་སྣ་ཁ་གཉིས་བྱུང་བར་མ་ཟད། དེའི་ནང་གི་སྣ་ཁ་གཅིག་ད་དུང་དབྱིན་ཇི་རྒྱལ་ཁབ་ཏུ་བསྐྱར་པར་བཏབ་མྱོང་། པ་ཁུའུ་ཉིང་གིས་བསྒྱུར་བའི་ཨུ་ཡིག་པར་གཞི་དང་པོ་དེ་ཧ་ལམ1863ལོར་ཇེ་ནེ་ཝ་རུ་ཧོར་ཚེན་གྱིས་གཉེར་བའི《ཅོང་སྒྲ》པར་ཁང་གིས་པར་བཏབ་པ་དང་། དཔའ་ངར་ཞུམ་མེད་ཀྱི་ཝེ་ལ•ཁྲ་སུའུ་ལི་ཆིས་བསྒྱུར་བའི་ཨུ་ཡིག་པར་གཞི་གཉིས་པ་ཡང1882ལོར་ཇེ་ནེ་ཝ་རུ་པར་དུ་བསྐྲུན། ཏེན་མག་ཡི་གེའི་འགྱུར་དེབ་གསར་པ་དེ1885ལོར་ཀི་པེན་ཧ་ཀེན་དུ《སྤྱི་ཚོགས་དམངས་གཙོ་རིང་ལུགས་ཀྱི་དཔེ་ཚོགས》ཁྲོད་ཀྱི་སྣ་ཁ་གཅིག་བྱས་ནས་པར་དུ་བསྐྲུན། ཧྥ་ཡིག་གི་འགྱུར་དེབ་གསར་པ་དེ1886ལོར་ཕ་རི་སིའི《སྤྱི་ཚོགས་རིང་ལུགས་པའི་ཚགས་པར》སྟེང་བཀོད་པ་རེད། མི་ཞིག་གིས་པར་གཞི་དེ་གཞིར་བཟུང་ནས་སི་ཕེན་ཡི་གེར་བསྒྱུར་བར་མ་ཟད།1886ལོར་མ་ངྷི་རེ་ནས་པར་སྐྲུན་བྱས། བསྐྱར་པར་བཏབ་པའི་འཇར་མན་ཡི་གེའི་པར་གཞི་ནི་ཧ་ཅང་མང་པོ་ཡོད་དེ། ཁྱོན་བསྡོམས་ཉུང་མཐར་ཡང་སྣ་ཁ་བཅུ་གཉིས་ཡོད། ཨར་མེ་ཉི་ཡའི་ཡི་གེའི་འགྱུར་དེབ་དེ་སྤྱིར་ཡིན་ན་ཟླ་བ་ཁ་ཤས་ཀྱི་སྔོན་ལ་ཅུན་ཧྲི་ཐན་ཏིང་པོ་ནས་པར་བཏབ་སྟེ་ཚར་ཡོད་ཀྱང་། འགྲེམས་སྤེལ་བྱས་པ་ཐོན་མ་སོང་། མི་ཞིག་གིས་ང་ལ་བཤད་པ་ལྟར་ན། དེའི་རྒྱུ་མཚན་ནི་དཔེ་སྐྲུན་བྱེད་མཁན་གྱིས་དཔེ་ཆའི་ཐོག་ཏུ་མར་ཁེ་སིའི་མཚན་འགོད་རྒྱུར་སྐྲག་ཡོད་པ་དང་། སྒྱུར་མཁན་གྱིས《བསྒྲགས་གཏམ》དེ་རང་ཉིད་ཀྱི་བརྩམས་ཆོས་སུ་བརྩི་རྒྱུར་ཁས་མ་བླངས་པས་རེད་ཟེར། ཡི་གེ་གཞན་དག་ཏུ་བསྒྱུར་ནས་དཔར་བའི་འགྱུར་དེབ་ཀྱང་ཡོད་པ་ངས་ཐོས་མྱོང་ཡང་མིག་གིས་དངོས་སུ་མཐོང་མ་མྱོང་། དེར་བརྟེན།《བསྒྲགས་གཏམ》གྱི་ལོ་རྒྱུས་དེས་ཚད་ཧ་ཅང་ཆེན་པོ་ཞིག་གི་ཐོག་ནས་དེང་རབས་བཟོ་པའི་ལས་འགུལ་གྱི་ལོ་རྒྱུས་མཚོན་གྱིན་ཡོད། ད་ལྟ། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་ཡོངས་རྫོགས་ཀྱི་ཁྲོད་ནས་བརྒྱུད་སྒྲོག་ཆེ་ཤོས་དང་རྒྱལ་སྤྱིའི་རང་བཞིན་ཆེ་ཤོས་ལྡན་པའི་བརྩམས་ཆོས་ཤིག་དང་། ཞི་པོ་ལི་ཡ་ནས་ཅ་ལི་ཧྥུ་ཉི་ཡའི་བར་གྱི་བཟོ་པ་ཁྲི་སྟོང་མང་པོ་ཚང་མས་ཁས་ལེན་པའི་ཐུན་མོང་གི་རྩ་འཛིན་ཞིག་ཡིན།

འོན་ཀྱང་། ང་ཚོས《བསྒྲགས་གཏམ》འདི་འབྲི་སྐབས། ང་ཚོས་འདིའི་མིང་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྲགས་གཏམ་ཞེས་བརྗོད་མི་རུང་།1847ལོར། སྤྱི་ཚོགས་རིང་ལུགས་པ་ཟེར་བ་དེ། ཕྱོགས་གཅིག་ནས་སྟོང་བསམ་རིང་ལུགས་ཀྱི་གཞུང་ལུགས་མ་ལག་སྣ་ཚོགས་ཀྱི་དད་འདུན་བྱེད་མཁན་ཏེ། དབྱིན་ཇིའི་ཨོའུ་ཝུན་ཕྱོགས་ཁག་དང་ཧྥ་རན་སིའི་ཧྥུ་ལི་ཡེ་ཕྱོགས་ཁག་ གཉིས་སྟོན་གྱིན་ཡོད། དེ་གཉིས་ཀ་ཕྱོགས་རིས་ཤོག་ཁ་འབའ་ཞིག་ཏུ་གྱུར་ཡོད་པར་མ་ཟད། རིམ་བཞིན་རྩ་མེད་དུ་འགྲོ་བཞིན་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་སྨན་པ་ཐབས་རྡུགས་འདྲ་མིན་སྣ་ཚོགས་སྟོན་པ་ཡིན། ཁོ་ཚོ་ཚང་མས་ལྷན་པ་རྒྱག་ཐབས་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ནད་གཞི་མཐའ་དག་མེད་པ་བཟོ་རྒྱུ་ཁས་བླངས་པ་ལས་མ་རྩ་དང་ཁེ་སྤོགས་ལ་གནོད་སྐྱོན་སྤུ་ཙམ་ཡང་གཏོང་གི་མེད། གོང་གསལ་གྱི་ཕྱོགས་ཁག་གཉིས་པོ་དེ་བཟོ་པ་གྲལ་རིམ་ལས་འགུལ་གྱི་ཕྱི་རོལ་ཏུ་ལངས་ནས། “སློབ་གསོ་ཐོབ་མྱོང་མཁན”གྲལ་རིམ་གྱི་ས་ནས་རྒྱབ་སྐྱོར་འཐོབ་རེ་ཁོ་ན་བྱེད་བཞིན་ཡོད། སྐབས་དེར་བཟོ་པ་གྲལ་རིམ་གྱི་ཁྲོད་ནས་ཆབ་སྲིད་སྒྱུར་བཅོས་ཁོ་ན་བྱས་པ་ཙམ་གྱིས་གཏན་ནས་མི་འདང་བར་ཡིད་ཆེས་བརྟན་པོ་བྱས་ཐོག  ངེས་པར་དུ་སྤྱི་ཚོགས་ཡོངས་རྫོགས་རྩ་བ་ནས་སྒྱུར་བཀོད་བྱེད་དགོས་པའི་ངོས་འཛིན་བྱེད་མཁན་ཚོས་སྐབས་དེར་རང་ཉིད་ལ་གུང་ཁྲན་རིང་ལུགས་པ་ཟེར། དེ་ནི་ད་དུང་ཧ་ཅང་རགས་རིམ་དང་། ཞིབ་བཟོ་བྱེད་དགོས་པ། རང་ནུས་ཁོ་ན་ལས་བྱུང་བའི་གུང་ཁྲན་རིང་ལུགས་ཤིག་རེད། ཡིན་ན་ཡང་དེ་གནད་འགག་གལ་ཆེ་ཤོས་དེར་རེག་ཐུབ་པ་ཞིག་བྱུང་ཡོད་པར་མ་ཟད། བཟོ་པ་གྲལ་རིམ་གྱི་ནང་དུ་སྟོབས་ཇེ་ཆེར་ཕྱིན་ནས་སྟོང་བསམ་གུང་ཁྲན་རིང་ལུགས་གྲུབ་ཆོག་ཅིང་། ཧྥ་རན་སི་ནས་ཁ་པེའི་གུང་ཁྲན་རིང་ལུགས་དང་འཇར་མན་དུ་ཝེ་ཐེ་ལིན་གྱི་གུང་ཁྲན་རིང་ལུགས་ཆགས་གྲུབ་བྱུང་ཡོད། དེ་ལས་མཐོང་ཐུབ་པ་ནི། 1847ལོར། སྤྱི་ཚོགས་རིང་ལུགས་ནི་འབྱོར་ལྡན་གྲལ་རིམ་གྱི་ལས་འགུལ་ཞིག་ཡིན་པ་དང་། གུང་ཁྲན་རིང་ལུགས་ནི་བཟོ་པ་གྲལ་རིམ་གྱི་ལས་འགུལ་ཞིག་རེད། སྐབས་དེར། སྤྱི་ཚོགས་རིང་ལུགས་དེ་མ་མཐར་ཡང་སྐམ་ས་ཆེན་པོའི་ཕྱོགས་ནས་བཤད་ན“སྟེང་རིམ་སྤྱི་ཚོགས”ཤིག་རེད། གུང་ཁྲན་རིང་ལུགས་ནི་ཏག་ཏག་དེ་ལས་ལྡོག་པ་ཞིག་རེད། ང་ཚོས་ཐོག་མ་ཉིད་ནས“བཟོ་པ་གྲལ་རིམ་བཅིངས་འགྲོལ་གཏོང་རྒྱུ་དེ་ནི་བཟོ་པ་གྲལ་རིམ་རང་ཉིད་ཀྱི་ལས་དོན་ཁོ་ན་ཡིན་པར”མཐའ་གཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན། མིང་དེ་གཉིས་ཀྱི་ནང་ནས་ཡང་སྙིང་མིང་གང་ཞིག་འདེམ་དགོས་པའི་ཐད་ང་ཚོ་ཐེ་ཚོམ་སྤུ་ཙམ་ཡང་སྐྱེས་མ་མྱོང་། དེར་མ་ཟད་དེའི་རྗེས་སུའང་ང་ཚོས་མིང་འདི་འདོར་དགོས་གཏན་ནས་བསམ་མ་བྱུང་།

《བསྒྲགས་གཏམ》འདི་ངེད་གཉིས་ཀྱི་ཐུན་མོང་གི་བརྩམས་ཆོས་ཡིན་ནའང་། ངས་རང་ཉིད་ལ་འགན་ཁུར་ཡོད་བསམས་ནས་སྟོན་དགོས་པ་ནི།《བསྒྲགས་གཏམ》གྱི་སྲོག་ཤིང་དུ་ཆགས་པའི་གཞི་རྩའི་བསམ་བློ་དེ་མར་ཁེ་སི་གཅིག་པུར་དབང་བ་རེད། བསམ་བློ་དེ་ནི། ལོ་རྒྱུས་ཀྱི་དུས་རབས་སོ་སོའི་དཔལ་འབྱོར་ཐོན་སྐྱེད་བྱེད་སྟངས་དང་བརྗེ་རེས་བྱེད་སྟངས་གཙོ་བོ། དེ་ལས་ཐོན་ངེས་ཡིན་པའི་སྤྱི་ཚོགས་སྒྲིག་གཞི་ཡིན་ལ། དུས་རབས་དེའི་ཆབ་སྲིད་དང་བསམ་པའི་ལོ་རྒྱུས་ཆགས་ཐུབ་པའི་རྨང་གཞི་ཡིན་པར་མ་ཟད། རྨང་གཞི་དེ་ཁོ་ན་གཞིར་བཟུང་ན། ལོ་རྒྱུས་དེ་ད་གཟོད་གསལ་བཤད་བྱེད་ཐུབ། དེར་བརྟེན་མིའི་རིགས་ཀྱི་ལོ་རྒྱུས་ཡོངས་རྫོགས(ས་ཞིང་སྤྱི་ལ་དབང་བའི་གདོད་མའི་རིགས་རྒྱུད་སྤྱི་ཚོགས་ཐོར་ཞིག་ཏུ་སོང་བ་ནས་བཟུང)ནི་གྲལ་རིམ་འཐབ་རྩོད་ཀྱི་ལོ་རྒྱུས་ཏེ། བཤུ་གཞོག་བྱེད་མཁན་གྲལ་རིམ་དང་བཤུ་གཞོག་མྱོང་མཁན་གྲལ་རིམ་བར་དང་། དབང་སྒྱུར་བྱེད་མཁན་གྲལ་རིམ་དང་གཉའ་གནོན་མྱོང་མཁན་གྲལ་རིམ་བར་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་རེད། གྲལ་རིམ་འཐབ་རྩོད་ཀྱི་ལོ་རྒྱུས་འདིའི་ནང་འཕེལ་རྒྱས་ཀྱི་དུས་རིམ་རབ་དང་རིམ་པ་ཞིག་འདུས་ཡོད། ད་ལྟ་ནི་དུས་རིམ་འདི་འདྲ་ཞིག་ལ་སླེབས་ཡོད་པ་སྟེ། བཤུ་གཞོག་མྱོང་མཁན་དང་གཉའ་གནོན་མྱོང་མཁན་གྱི་གྲལ་རིམ(འབྱོར་མེད་གྲལ་རིམ)གྱིས་གལ་སྲིད་དུས་མཉམ་དུ་སྤྱི་ཚོགས་ཧྲིལ་པོ་དེ་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་གྱི་བདེ་བ་འགྲུབ་ཟེར་བ་ལྟར་བཤུ་གཞོག་དང་། གཉའ་གནོན། དེ་མིན་གྲལ་རིམ་གྱི་དབྱེ་བ་དང་གྲལ་རིམ་འཐབ་རྩོད་བཅས་གང་དང་གང་ཞིག་ལས་ཐར་བ་མ་བྱས་ན། རང་ཉིད་བཤུ་གཞོག་དང་དབང་སྒྱུར་བྱེད་བཞིན་པའི་གྲལ་རིམ(འབྱོར་ལྡན་གྲལ་རིམ)གྱི་དབང་སྒྱུར་འོག་ནས་བཅིངས་འགྲོལ་ཐོབ་ཐུབ་པ་མ་རེད། 

ངས་བལྟས་ན་དགོངས་པ་འདིས་ལོ་རྒྱུས་རིག་པའི་ཐད་ཏར་ཝུན་གཞུང་ལུགས་ཀྱིས་སྐྱེ་དངོས་རིག་པར་ཐོན་པའི་ནུས་པ་དེ་འདྲ་ཞིག་ཐོན་ཐུབ་ཅིང་། དེ་སྔ1845ལོའི་སྔོན་གྱི་ལོ་ཁ་ཤས་རིང་ལ་ངེད་གཉིས་བསམ་བློ་འདི་དང་རིམ་བཞིན་ཐག་ཉེ་རུ་ཕྱིན་ཡོད། སྐབས་དེར་དེའི་ཐད་དུ་ང་རང་ཚད་ག་འདྲ་ཞིག་ལ་སླེབས་ཡོད་པ་དེ། ངས་བརྩམས་པའི《དབྱིན་ཇིའི་བཟོ་པ་གྲལ་རིམ་གྱི་གནས་བབ》ཟེར་བའི་དཔེ་ཆ་དེ་ནི་ཆེས་བཟང་བའི་གསལ་བཤད་ཡིན། ཡིན་ནའང1845ལོའི་དཔྱིད་ཀར་པུ་ལུའུ་སེར་ནས་ང་རང་མར་ཁེ་སི་དང་ཡང་བསྐྱར་ཐུག་འཕྲད་བྱེད་སྐབས། ཁོང་གིས་དགོངས་པ་འདིར་བསམ་གཞིགས་གནང་ནས་ལེགས་སྨིན་བྱུང་ཡོད་ཅིང་། ཧ་ལམ་ངས་གོང་དུ་བཤད་པ་ནང་བཞིན་ང་ལ་ཚིག་འབྲུ་གསལ་བོས་གསལ་བཤད་གནང་བྱུང་།

 ད་ལྟ་ངས་ངེད་གཉིས་ཀྱིས་མཉམ་དུ1872ལོའི་འཇར་མན་ཡི་གེའི་པར་གཞིར་བྲིས་པའི་གླེང་གཞིའི་ནང་ནས་སྐད་ཆ་དུམ་བུ་གཅིག་དྲངས་པ་གཤམ་གསལ།

“ཉེ་བའི་ལོ25རིང་གི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་ག་འདྲ་ཞིག་བྱུང་ཡོད་ནའང་།《བསྒྲགས་གཏམ》འདིའི་ནང་ནས་རྒྱས་བཤད་བྱས་པའི་སྤྱིར་བཏང་གི་གཞི་རྩའི་རྩ་བའི་རིགས་པ་རྣམས་སྤྱིའི་ཆ་ནས་བཤད་ན་ད་ལྟའང་ཧ་ཅང་ཡང་དག་པ་ཡིན། གནས་ཁ་ཤས་ཀྱི་སར་མ་གཞི་ནས་བཟོ་བཅོས་ཏོག་ཙམ་བྱས་ཀྱང་ཆོག་འདུག གཞི་རྩའི་རྩ་བའི་རིགས་པ་དེ་དག་བེད་སྤྱོད་དངོས་སུ་བྱེད་སྐབས། 《བསྒྲགས་གཏམ》དུ་བཤད་པ་ལྟར། ཡུལ་དུས་ནམ་ཡིན་ནའང་སྐབས་དེའི་ལོ་རྒྱུས་ཀྱི་ཆ་རྐྱེན་གཞིར་འཛིན་དགོས་པ་རེད། དེར་བརྟེན་ལེའུ་གཉིས་པའི་མཇུག་ཏུ་བཏོན་པའི་གསར་བརྗེའི་བྱེད་ཐབས་དེ་དག་ལ་དམིགས་བསལ་གྱི་དོན་སྙིང་གཞན་རྦད་དེ་ཡོད་པ་མ་རེད། གལ་ཏེ་དེ་རིང་ཡིན་ཚེ། ཚན་པ་འདིའི་ཕྱོགས་མང་པོའི་ཐད་འབྲི་སྟངས་སྔར་དང་མི་མཚུངས་པ་ཞིག་སྤྱོད་དགོས།1848ལོ་ནས་བཟུང་བཟོ་ལས་ཆེན་པོར་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བས། བཟོ་པ་གྲལ་རིམ་གྱི་རྩ་འཛུགས་ཀྱང་དེའི་རྗེས་སུ་འབྲངས་ཏེ་ལེགས་བཅོས་དང་གོང་འཕེལ་ཕྱིན་པའི་རྐྱེན་དང་། ཐོག་མར་ཟླ་བ་གཉིས་པའི་གསར་བརྗེའི་ཉམས་མྱོང་དངོས་བྱུང་བ་དང་། ལྷག་པར་དུ་རྗེས་སུ་འབྱོར་མེད་གྲལ་རིམ་གྱིས་ཐེངས་དང་པོར་སྲིད་དབང་བཟུང་ནས་ཟླ་གཉིས་ཕྱིན་པའི་ཕ་རི་སིའི་སྤྱི་ཁང་གི་ཉམས་མྱོང་དངོས་བྱུང་བའི་རྐྱེན་གྱིས། རྩ་འཛིན་འདིའི་ནང་དོན་ཁ་ཤས་ད་ལྟ་དུས་ལས་ཡོལ་ཟིན། ལྷག་པར་དུ་སྤྱི་ཁང་གིས་ར་སྤྲོད་བྱས་ཡོད་པ་ནི།‘བཟོ་པ་གྲལ་རིམ་གྱིས་སྟབས་བདེའི་སྒོ་ནས་ད་ཡོད་ཀྱི་རྒྱལ་ཁབ་འཕྲུལ་འཁོར་འཛིན་མི་ཉན་པ་དང་། དེ་བེད་སྤྱད་ནས་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱེད་མི་ཉན།’《ཧྥ་རན་སིའི་ནང་འཁྲུག རྒྱལ་སྤྱིའི་བཟོ་པ་མཐུན་ཚོགས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་བསྒྲགས་གཏམ》ལོན་ཏོན1871ལོའི་ཐེ་ལུའུ་ལ་ཧྥུའི་པར་གཞིའི་ཤོག་ངོས་པར་གསལ། དེ་རུ་བསམ་བློ་འདི་རྒྱས་བཤད་དེ་བས་ཀྱང་ཆ་ཚང་བ་ཞིག་བྱས་ཡོད། གཞན་ཡང་། ཧ་ཅང་གསལ་བོ་ཡིན་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་དགག་པ་བརྒྱབ་པ་དེར་དེ་རིང་བལྟས་ན་ཆ་ཚང་བ་ཞིག་མ་རེད། རྒྱུ་མཚན་ནི། མཐའ་དཔྱོད་དེ1847ལོའི་བར་མ་གཏོགས་འདུས་མེད་པས་རེད། དེ་བཞིན་མངོན་གསལ་ཡིན་པ་ནི། གུང་ཁྲན་ཏང་མིས་ངོ་རྒོལ་ཏང་ཁག་སྣ་ཚོགས་ལ་འཛིན་པའི་རྣམ་འགྱུར་ཐད་ཀྱི་གླེང་བརྗོད(ལེའུ་བཞི་པ)རྣམས་དེ་རིང་ཡང་རྩ་དོན་ཐོག་ཡང་དག་པ་ཞིག་ཡིན་རུང་། འོན་ཀྱང་དངོས་སུ་བེད་སྤྱོད་བྱས་ན་ད་ལྟ་དུས་ལས་ཡོལ་ཟིན། རྒྱུ་མཚན་ནི་ཆབ་སྲིད་ཀྱི་གནས་བབ་རྦད་དེ་འགྱུར་ཡོད་པས་ཡིན་ལ། སྐབས་དེར་དཔེར་བླངས་པའི་ཏང་ཁག་ཕལ་ཆེ་བ་སྔར་ནས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྩ་མེད་གཙང་དག་བཟོས་ཟིན།

 འོན་ཀྱང《བསྒྲགས་གཏམ》ནི་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཡིན་པས། ང་ཚོར་བཟོ་བཅོས་བྱེད་པའི་དབང་ཆ་མེད།”

པར་གཞི་འདིའི་འགྱུར་ཡིག་ནི་མར་ཁེ་སིའི《མ་རྩའི་རྣམ་བཤད》ཟེར་བའི་དཔེ་དེབ་དེའི་མང་ཤོས་སྒྱུར་མྱོང་མཁན་སྐུ་ཞབས་སེ་སྨིར•མུར་གྱིས་བསྒྱུར་བ་ཡིན། ངས་ཁོང་དང་མཉམ་དུ་འགྱུར་ཡིག་དེར་ཞུ་དག་ཐེངས་གཅིག་བཏང་བར་མ་ཟད། ངས་ད་དུང་ལོ་རྒྱུས་གནས་ཚུལ་ཁ་ཤས་ལ་མཆན་བཏབ་ཡོད།

  

      ཧྥུ་ལི་ཏེ་ལི་ཞི•ཨེན་ཀེ་སིས།

1888ལོའི་ཟླ1པའི་ཚེས30ཉིན་ལོན་ཏོན་དུ་བྲིས།



མཉམ་སྤྱོད།