དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི1890ལོའི་འཇར་མན་ཡི་གེའི་པར་གཞིའི་གླེང་གཞི།

2025-05-08 14:36:15   |   1025

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ངས་གོང་གི་གླེང་གཞི་དེ་བྲིས་པ་ནས་བཟུང་། ཡང《བསྒྲགས་གཏམ》གྱི་འཇར་མན་ཡི་གེའི་པར་གཞི་གསར་པ་པར་འདེབས་བྱེད་དགོས་བྱུང་། དུས་མཚུངས་སུ《བསྒྲགས་གཏམ》འདི་ལའང་འགལ་རྐྱེན་ཁ་ཤས་བྱུང་ལ། འདིར་དེའང་ཅུང་ཙམ་གླེང་དགོས་བྱུང་།

1882ལོར་ཇེ་ནེ་ཝ་ནས་ཝེ་ལ•ཁྲ་སུའུ་ལི་ཆིས་བསྒྱུར་བའི་ཨུ་ཡིག་པར་གཞི་གཉིས་པ་དེ་པར་སྐྲུན་བྱས། མར་ཁེ་སི་དང་ངེད་གཉིས་ཀྱིས་འགྱུར་དེབ་དེར་གླེང་གཞི་ཞིག་བྲིས་མྱོང་། ཡིད་ཕངས་པ་ཞིག་ལ་ངས་གླེང་གཞི་དེའི་འཇར་མན་ཡི་གེའི་མ་ཡིག་བོར་སོང་། དེའི་རྐྱེན་གྱིས་ད་ལྟ་ངས་ཨུ་ཡིག་ནས་ཚུར་མི་སྒྱུར་ཀ་མེད་བྱུང་། དེ་འདྲ་བྱས་ན་མ་ཡིག་གི་ཚིག་སྦྱོར་ལ་བཀྲག་མདངས་སྣོན་མི་ཐུབ་པ་ནི་བཤད་མ་དགོས་པ་རེད། གཤམ་གསལ་ནི་གླེང་གཞི་ཡིན།

པ་ཁུའུ་ཉིང་གིས་བསྒྱུར་བའི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་ཨུ་ཡིག་པར་གཞི་དང་པོ་དེ། ལོ་རབས་དྲུག་ཅུ་པའི་དུས་མགོར《ཅོང་སྒྲ》པར་ཁང་གིས་པར་སྐྲུན་བྱས། སྐབས་དེར། ནུབ་ཕྱོགས་ཀྱིས《བསྒྲགས་གཏམ》ཨུ་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པ་དེ་རིགས་གཞུང་ལས་རིགས་ཐོག་གི་གསར་འགྱུར་ཡ་མཚན་ཅན་ཞིག་ལ་བརྩི་བ་ལས་མ་འདས། ལྟ་ཚུལ་དེ་འདྲ་ད་ལྟ་ཡོད་སྲིད་རྒྱུ་མ་རེད།《བསྒྲགས་གཏམ》ཐོག་མར་སྤེལ་བའི་སྐབས་སུ(1848ལོའི་ཟླ1པར)འབྱོར་མེད་གྲལ་རིམ་གྱི་ལས་འགུལ་ཁྱབ་སའི་ས་ཁུལ་ཧ་ཅང་གུ་དོག་པོ་རེད། དེའི་སྐོར《བསྒྲགས་གཏམ》གྱི་ལེའུ་མཐའ་མ《གུང་ཁྲན་ཏང་མིས་ངོ་རྒོལ་ཏང་ཁག་སྣ་ཚོགས་ལ་འཛིན་པའི་རྣམ་འགྱུར》ཁྲོད་ཧ་ཅང་གསལ་བོར་མཐོང་ཐུབ། ལེའུ་དེའི་ནང་དུ། ཐོག་མར་ཨུ་རུ་སུ་དང་ཨ་མེ་རི་ཁའི་སྐོར་བཤད་མེད། སྐབས་དེར། ཨུ་རུ་སུ་ནི་ཡོ་རོབ་གླིང་གི་ལོག་སྤྱོད་སྟོབས་ཤུགས་ཀྱི་ཆེས་མཐའ་མའི་རྗེས་གྲབས་དམག་དཔུང་ཕོན་ཆེན་པོ་ཞིག་ཡིན་པ་དང་། ཨ་མེ་རི་ཁའི་མངའ་ཁོངས་སུ་མི་སེར་སྤོས་ནས་ཡོ་རོབ་གླིང་གི་འབྱོར་མེད་གྲལ་རིམ་གྱི་སྟོབས་ཤུགས་ལྷག་མ་སྡུད་ལེན་བྱེད་ཀྱིན་ཡོད་པ་རེད། རྒྱལ་ཁབ་དེ་གཉིས་ཀས་ཡོ་རོབ་གླིང་ལ་རྒྱུ་ཆ་མཁོ་འདོན་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་ཡོ་རོབ་གླིང་གི་བཟོ་ལས་ཐོན་རྫས་བཙོང་སའི་ཚོང་རའང་ཡིན། དེར་བརྟེན། གང་ལྟར་རྒྱལ་ཁབ་དེ་གཉིས་ནི་སྐབས་དེའི་ཡོ་རོབ་གླིང་གི་སྤྱི་ཚོགས་སྒྲིག་ལམ་གྱི་ཀ་བ་ལྟ་བུ་ཡིན།

དེ་རིང་། གནས་ཚུལ་རྦད་དེ་མི་འདྲ་བར་གྱུར་ཡོད། ཡོ་རོབ་གླིང་གི་མི་སེར་སྤོས་པ་དེའི་རྐྱེན་གྱིས། མེ་གླིང་བྱང་མའི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཆེན་པོ་བྱུང་ཐུབ་ཡོད། འཕེལ་རྒྱས་འདིའི་རིགས་འགྲན་རྩོད་བརྒྱུད་ཡོ་རོབ་གླིང་གི་ས་ཞིང་དབང་བའི་ལམ་ལུགས་ཆེ་ཆུང་རྣམས་ཀྱི་རྩ་བ་གཡོ་འགུལ་གཏོང་བཞིན་ཡོད། དེ་མིན། མི་སེར་སྤོས་པ་དེའི་དབང་གིས་ཨ་མེ་རི་ཁའི་སྟོབས་ཤུགས་དང་གཞི་ཁྱོན་ཧ་ཅང་ཆེ་བའི་སྒོ་ནས་རང་ཉིད་ཀྱི་བཟོ་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་རྣམས་གསར་སྤེལ་བྱེད་ཐུབ་པ་བྱུང་ཞིང་། ཡོ་རོབ་གླིང་ནུབ་མའི་བཟོ་ལས་སྒེར་སྡོམ་གྱི་གོ་གནས་དེ་མགྱོགས་པོར་རྩ་གཏོར་གཏོང་ཐུབ་པ་བྱུང་། གོང་གསལ་གནས་ཚུལ་དེ་གཉིས་ཀྱིས་ཕྱིར་ཨ་མེ་རི་ཁ་རང་ཉིད་ལའང་གསར་བརྗེའི་ནུས་པ་ཐོན་ཡོད་པ་རེད། ཨ་མེ་རི་ཁའི་ཆབ་སྲིད་ལམ་ལུགས་ཧྲིལ་པོའི་རྨང་གཞིར་གྱུར་པའི་རང་རྨོས་ཞིང་རའི་བདག་པོའི་ཆ་ནས་ས་གཞི་འབྲིང་ཆུང་གི་དབང་བའི་ལམ་ལུགས་དེ། ཞིང་ར་ཆེན་པོས་འགྲན་རྩོད་ཀྱིས་རིམ་བཞིན་དབང་དུ་སྡུད་ཀྱིན་ཡོད། དུས་མཚུངས་སུ། བཟོ་ལས་ས་ཁུལ་ཁག་གི་མི་གྲངས་ཧ་ཅང་མང་བའི་འབྱོར་མེད་གྲལ་རིམ་དང་ལྷ་སྒྲུང་ལྟ་བུའི་མ་རྩ་གསོག་འཇོག་དེ་ཐེངས་དང་པོར་འཕེལ་རྒྱས་བྱུང་།

ད་ལྟ་ཨུ་རུ་སུ་ལ་ལྟོས་དང་། 1848—1849ལོའི་གསར་བརྗེ་སྐབས་སུ། ཡོ་རོབ་གླིང་གི་རྒྱལ་པོ་ལས་གཞན། ཡོ་རོབ་གླིང་གི་འབྱོར་ལྡན་པ་རྣམས་ཀྱིས་ཀྱང་ཨུ་རུ་སུས་ཐེ་གཏོགས་བྱེད་པ་དེ་ཁོ་ཚོས་སྐབས་དེར་རང་གི་སྟོབས་ཤུགས་ལ་ངོས་འཛིན་བྱེད་མགོ་ཚུགས་མ་ཐག་པའི་འབྱོར་མེད་གྲལ་རིམ་ལ་ཁ་གཏད་འཇལ་རོགས་བྱེད་མཁན་གྱི་སྐྱབས་མགོན་ཉག་ཅིག་ཏུ་བརྩི་བཞིན་ཡོད། ཁོ་ཚོས་ཧྲ་ཧོང་གོང་མ་དེ་ཡོ་རོབ་གླིང་གི་ལོག་སྤྱོད་སྟོབས་ཤུགས་ཀྱི་མགོ་གཙོ་ཡིན་པ་ཁྱབ་བསྒྲགས་བྱས། ད་ལྟ། ཧྲ་ཧོང་གོང་མ་སྔར་ནས་ཅ་ཐེ་ཆི་ན་རུ་གསར་བརྗེའི་བཟུང་དམག་ཅིག་ཏུ་གྱུར་ཡོད་ཅིང་། ཨུ་རུ་སུ་དེ་ཡོ་རོབ་གླིང་གི་གསར་བརྗེའི་ལས་འགུལ་གྱི་སྔོན་ཐོན་དམག་དཔུང་ཞིག་ཏུ་གྱུར་ཡོད།

《གུང་ཁྲན་རིང་ལུགས་ཀྱི་བསྒྲགས་གཏམ》གྱི་ལས་འགན་ནི། དེང་རབས་འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་དེ་ངེས་པར་དུ་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱེད་རྒྱུ་དེ་རེད། ཡིན་ནའང་ཨུ་རུ་སུར་ང་ཚོས་མཐོང་བ་ནི། སྨྱོ་ཧམ་ཆེན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་དང་གསར་དུ་ཆགས་མ་ཐག་པའི་འབྱོར་ལྡན་གྲལ་རིམ་གྱི་ས་ཞིང་དབང་བའི་ལམ་ལུགས་ཡོད་པ་ཕུད། ས་ཞིང་ཕལ་ཆེ་བ་སྔར་བཞིན་ཞིང་པ་སྤྱི་ལ་དབང་ཡོད།

དེས་ན་འདྲི་རྒྱུ་ཞིག་ཡོད་པ་ནི། གཏོར་བཤིག་ཆེན་པོ་ཐེབས་ཡོད་ཀྱང་གདོད་མའི་ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྣམ་པ་ད་དུང་བསྡད་ཡོད་པའི་ཨུ་རུ་སུའི་ཞིང་པའི་སྤྱི་ཁང་དེ། གུང་ཁྲན་རིང་ལུགས་ཀྱི་ས་ཞིང་དབང་བའི་ལམ་ལུགས་ཀྱི་རྣམ་པ་མཐོ་རིམ་ཅན་ལ་ཐད་ཀར་སླེབས་ཐུབ་པ་རེད་དམ། ཡང་ན། ད་དུང་སྔོན་ལ་ནུབ་ཕྱོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་བརྒྱུད་མྱོང་བའི་ཐོར་ཞིག་གི་གོ་རིམ་དེ་བརྒྱུད་དགོས་སམ།

 གནད་དོན་དེའི་ཐད་ལ། མིག་སྔར་ལན་འདེབས་རྒྱུ་ཉག་ཅིག་ནི། གལ་སྲིད་ཨུ་རུ་སུའི་གསར་བརྗེ་དེ་ནུབ་ཕྱོགས་ཀྱི་བཟོ་པའི་གསར་བརྗེའི་བརྡ་རྟགས་ཤིག་ཏུ་གྱུར་ནས་ཕན་ཚུན་ཁ་གསབ་བྱས་ན། ད་ལྟའི་ཨུ་རུ་སུའི་སྤྱི་ལ་དབང་བའི་ལམ་ལུགས་དེ། གུང་ཁྲན་རིང་ལུགས་འཕེལ་རྒྱས་སུ་འགྲོ་བའི་མགོ་རྩོམ་ས་ཞིག་ཏུ་འགྱུར་ཐུབ་པ་རེད།

ཁར•མར་ཁེ་སི། ཧྥུ•ཨེན་ཀེ་སི།

1882ལོའི་ཟླ1པའི་ཚེས21ཉིན་ལོན་ཏོན་དུ་བྲིས།

ཕལ་ཆེར་དེ་དང་དུས་མཚུངས་སུ། ཇེ་ནེ་ཝ་ནས་ཕོ་ལན་ཡི་གེའི་འགྱུར་དེབ་གསར་པ《གུང་ཁྲན་རིང་ལུགས་ཀྱི་བསྒྲགས་གཏམ》པར་སྐྲུན་བྱས་སོང་།

དེའི་རྗེས་ཀྱི1885ལོར་ཏེན་མག་ཡི་གེའི་འགྱུར་དེབ་གསར་པ་དེ་ཀི་པེན་ཧ་ཀེན་དུ《སྤྱི་ཚོགས་དམངས་གཙོ་རིང་ལུགས་ཀྱི་དཔེ་ཚོགས》ཀྱི་གྲས་སུ་བཞག་ནས་པར་སྐྲུན་བྱས། ཡིད་ཕངས་པ་ཞིག་ལ་འགྱུར་དེབ་དེ་ཆ་ཚང་བ་ཞིག་བྱུང་མི་འདུག  གནད་འགག་ཆེ་ས་ཁ་ཤས་ཤིག་ཕལ་ཆེར་སྒྱུར་མཁན་གྱིས་སྒྱུར་ཁག་པོ་འདུག་བསམས་ནས་བསྐྱུར་བཞག་པར་མ་ཟད། ཁ་ཤས་ཀྱི་སར་སྣང་མེད་སླ་བཅོས་བྱས་པའི་རྟགས་ཀྱང་མཐོང་ཐུབ། ལྷག་པར་དུ་ཕངས་སེམས་སྐྱེ་དགོས་པ་ཞིག་ལ། འགྱུར་ཡིག་ལས་མཐོང་བ་ནི། གལ་སྲིད་སྒྱུར་མཁན་གྱིས་ཅུང་ཟད་ཞིབ་ཚགས་བྱས་ཡོད་ཚེ། ཁོས་དེབ་དེ་ཧ་ཅང་ཡག་པོ་ཞིག་བསྒྱུར་ཐུབ་ངེས་རེད།

1886ལོར་ཕ་རི་སིའི《སྤྱི་ཚོགས་རིང་ལུགས་པའི་ཚགས་པར》སྟེང་ཧྥ་ཡིག་གི་འགྱུར་ཡིག་གསར་པ་བཀོད་ལ། དེ་ནི་ད་ལྟའི་བར་གྱི་འགྱུར་ཡིག་ཆེས་ལེགས་ཤོས་རེད།

ལོ་དེར། ཡང་མི་ཞིག་གིས་ཧྥ་ཡིག་གི་འགྱུར་དེབ་དེ་གཞིར་བཟུང་ནས་སི་ཕེན་ཡི་གེར་བསྒྱུར་ཏེ། ཐོག་མར་མ་ངྷི་རེའི《སྤྱི་ཚོགས་རིང་ལུགས་པའི་ཚགས་པར》སྟེང་བཀོད་པ་དང་། དེར་མཐུད་དེ་ཡང་དེབ་རྐྱང་བ་བྱས་ནས་པར་བཏབ་པ་རེད། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 ཁར•མར་ཁེ་སི་དང་ཧྥུ•ཨེན་ཀེ་སིས་བརྩམས། མ་ངྷི་རེའི་སྤྱི་ཚོགས་རིང་ལུགས་པའི་ཚགས་པར་ཁང་། ཨེར་ནན•ཁོར་ཐེ་སི་སྲང་ལམ་གྱི་སྒོ་རྟགས་ཨང8པ།

འདིར་ངས་ད་དུང་ཡ་མཚན་དགོས་པའི་དོན་དག་ཅིག་གླེང་བར་བྱ། 1887ལོར། ཅུན་ཧྲི་ཐན་ཏིང་པོའི་དཔེ་སྐྲུན་ཚོང་པ་ཞིག་ལ་ཨར་མེ་ཉི་ཡའི་ཡི་གེའི《བསྒྲགས་གཏམ》གྱི་འགྱུར་ཡིག་ཅིག་འབྱོར། ཡིན་ན་ཡང་མི་སེམས་བཟང་ཅན་དེར་མར་ཁེ་སིའི་མིང་བཀོད་ཡོད་པའི་བརྩམས་ཆོས་དེ་པར་དུ་འདེབས་པའི་བློ་སྤོབས་མེད་སོང་། ཁོས་སྒྱུར་མཁན་དེ་རྩོམ་མཁན་ལ་རྫུས་ནས་མིང་བཀོད་ན་བཟང་བསམ་ཡང་། སྒྱུར་པ་པོས་དེ་འདྲ་བྱེད་རྒྱུ་ཁས་བླངས་མ་སོང་།

དབྱིན་ཇི་ནས་ཨ་མེ་རི་ཁའི་འགྱུར་དེབ་ཁ་ཤས་པར་བཏབ་མོད། ཚང་མ་ཡང་དག་ཅིག་བྱུང་མི་འདུག 1888ལོར་སླེབས་པ་ན་གཞི་ནས་འགྱུར་དེབ་བློས་བཀལ་ཆོག་པ་ཞིག་པར་སྐྲུན་བྱས་སོང་། འགྱུར་དེབ་དེ་ནི་ངའི་གྲོགས་པོ་སེ་སྨིར•མུར་གྱིས་བསྒྱུར་བ་ཞིག་ཡིན་པར་མ་ཟད། པར་མ་བཏབ་གོང་ངེད་གཉིས་ཀྱིས་མཉམ་དུ་ཡང་བསྐྱར་ཞུ་དག་ཐེངས་གཅིག་བྱས་མྱོང་། ཁ་བྱང་འདི་ལྟར་བཀོད་ཡོད་དེ།《གུང་ཁྲན་ཏང་གི་བསྒྲགས་གཏམ》 ཁར•མར་ཁེ་སི་དང་ཧྥུ་ལི་ཏེ་ལི་ཞི•ཨེན་ཀེ་སིས་བརྩམས། དེ་ནི་རྩོམ་མཁན་གྱིས་ཡིད་མཐུན་བྱས་པའི་དབྱིན་ཡིག་གི་འགྱུར་དེབ་ཡིན། ཧྥུ་ལི་ཏེ་ལི་ཞི•ཨེན་ཀེ་སིས་ཞུ་དག་བཏང་ཐོག་མཆན་འགྲེལ་ཡང་བྲིས། 1888ལོར་ལོན་ཏོན། ཝེ་ལེན•ལི་ཧྥུ་སི། དབུས་ས་ཁུལ་ཤར་མའི་ཧྥུ་ལི་ཐེ་སྲང་ལམ་གྱི་སྒོ་རྟགས་ཨང185པ། པར་གཞི་དེའི་ཁྲོད་ཀྱི་མཆན་འགྲེལ་ཁ་ཤས་ངས་པར་གཞི་འདིའི་ནང་དུ་བསྡུས་ཡོད།

《བསྒྲགས་གཏམ》ལ་རང་ཉིད་ཀྱི་ལོ་རྒྱུས་ཤིག་ཡོད། དེ་ཐོག་མར་བྱུང་བའི་དུས་སུ་སྐབས་དེར་མི་གྲངས་ད་དུང་ཉུང་ཉུང་ཞིག་ལས་མེད་པའི་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གདོང་ལེན་རུ་ཁག་གིས་སྤྲོ་སེམས་ཆེན་པོས་དགའ་བསུ་ཐོབ།(གླེང་གཞི་དང་པོའི་ནང་དུ་བཤད་པའི་འགྱུར་དེབ་དེ་ཚོས་གནས་ཚུལ་འདིར་བདེན་དཔང་བྱེད་ཐུབ) ཡིན་ནའང་ཡུན་རིང་མ་སོང་བར་དེ1848ལོའི་ཟླ6པར་ཕ་རི་སིའི་བཟོ་པར་ཕམ་ཉེས་བྱུང་བ་དང་ཆབས་ཅིག་མགོ་ཡར་བཀྱག་པའི་ལོག་སྤྱོད་སྟོབས་ཤུགས་ཀྱིས་རྒྱབ་ཏུ་ཕུད་པ་རེད། མཇུག་མཐར1852ལོའི་ཟླ11པར་ཁི་ལུང་གི་གུང་ཁྲན་ཏང་མིར་ཁྲིམས་གཅོད་བྱས་པའི་དབང་གིས། དེ“ཁྲིམས་ལྟར”ཁྲིམས་མཐུན་མིན་པར་ཁྱབ་བསྒྲགས་བྱས་སོང་། ཟླ་བ་གཉིས་པའི་གསར་བརྗེ་མགོ་བརྩམས་པའི་བཟོ་པའི་ལས་འགུལ་དེ་མངོན་གསལ་གྱི་གར་སྟེགས་ནས་ཕྱིར་འཐེན་བྱས་པ་དང་སྦྲགས། 《བསྒྲགས་གཏམ》ཡང་སྟེགས་རྒྱབ་ཏུ་ཕྱིར་འཐེན་བྱས་པ་རེད།

ཡོ་རོབ་གླིང་གི་བཟོ་པ་གྲལ་རིམ་སླར་ཡང་སྟོབས་ཆེན་དུ་གྱུར་ནས་དབང་སྒྱུར་གྲལ་རིམ་གྱི་སྲིད་དབང་ལ་ཡང་བསྐྱར་ཕར་རྒོལ་བྱེད་ཐུབ་པ་འབྱུང་སྐབས། རྒྱལ་སྤྱིའི་བཟོ་པའི་མཐུན་ཚོགས་བྱུང་། དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་དང་མེ་གླིང་གི་འཐབ་འཛིང་བྱེད་བཞིན་པའི་བཟོ་པ་གྲལ་རིམ་ཧྲིལ་པོ་མཉམ་འབྲེལ་བྱས་ནས་དམག་དཔུང་ཆེན་པོ་གཅིག་ཏུ་འགྱུར་བར་བྱེད་རྒྱུ་དེ་ཡིན། དེའི་ཕྱིར། དེས《བསྒྲགས་གཏམ》ཁྲོད་གླེང་བའི་རྩ་དོན་དེ་ཚོ་གཞི་འཛིན་ས་བྱས་ཏེ་གོམ་པ་སྤོ་མ་ཐུབ་པ་རེད། དེ་ལ་དབྱིན་ཇིའི་བཟོ་ཚོགས་མཉམ་འབྲེལ་ཚོགས་པ་དང་། ཧྥ་རན་སི་དང་། པི་ལི་ཧྲི། དབྱི་ཐ་ལི། སི་ཕེན་བཅས་ཀྱི་ཕུའུ་ལུའུ་ཏུང་ཕྱོགས་ཁག་དང་འཇར་མན་གྱི་ལ་སར་ཕྱོགས་ཁག་སྒོ་ཕྱིར་མི་འབུད་པའི་རྩ་འཛིན་ཞིག་ངེས་པར་དུ་ཡོད་དགོས་སོང་། དེ་འདྲའི་རྩ་འཛིན་ནི་རྒྱལ་སྤྱིའི་སྒྲིག་ཡིག་གི་བརྗོད་གཞི་དེ་ཡིན་ལ། མར་ཁེ་སིས་རྩོམ་འབྲི་མཛད་ཅིང་། དེའི་འབྲི་སྟངས་ཁྱད་མཚར་ཡིན་པས་པ་ཁུའུ་ཉིང་དང་སྲིད་གཞུང་མེད་པའི་ཕྱོགས་ཁག་གིས་ཀྱང་ཁས་མི་ལེན་ཐབས་མེད་རེད།《བསྒྲགས་གཏམ》ཁྲོད་བཏོན་པའི་རྩ་དོན་དེ་ཚོར་མཐར་ཐུག་གི་རྒྱལ་ཁ་འཐོབ་རྒྱུའི་སྐོར་བཤད་ན། མར་ཁེ་སིས་འདིར་རེ་བཞག་དེ་རྦད་དེ་མཉམ་དུ་འགུལ་སྐྱོད་དང་མཉམ་དུ་གྲོས་བསྡུར་བྱས་པ་ལས་བཟོ་པ་གྲལ་རིམ་གྱི་སྙིང་སྟོབས་གོང་འཕེལ་ཡོང་ངེས་ཡིན་པའི་ཐོག་ཏུ་བཅོལ་ཡོད། མ་རྩ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བྱུང་བའི་དོན་རྐྱེན་དང་འཕོ་འགྱུར་སྣ་ཚོགས—ཕམ་ཁ་ནི་རྒྱལ་ཁ་ལས་ཀྱང་མང་བའི—དེ་ཚོའི་སྟེང་ནས་འཐབ་རྩོད་བྱེད་བཞིན་པའི་མི་རྣམས་ཀྱིས་རང་ཉིད་ཀྱིས་དུས་ནམ་ཡང་དད་འདུན་བྱེད་པའི་ཀུན་ཕན་སྨན་རིལ་དེ་ཚོ་གཏན་ནས་གོ་མི་ཆོད་པ་ཞིག་ཡིན་པ་གསལ་བོ་ཤེས་ཐུབ་ངེས་ཡིན་པ་མ་ཟད། ཁོ་ཚོའི་ཀླད་པའི་ནང་བཟོ་པ་བཅིངས་འགྲོལ་འཐོབ་པར་བྱེད་རྒྱུའི་ཆ་རྐྱེན་དངོས་དེ་ཡང་སྔར་ལས་གཏིང་ཟབ་པ་ཞིག་ཤེས་ཐུབ་ངེས་རེད། མར་ཁེ་སི་ནི་ཡང་དག་པ་ཡིན། 1874ལོར། རྒྱལ་སྤྱི་གཏོར་སྐབས། བཟོ་པ་གྲལ་རིམ་ནི1864ལོར་རྒྱལ་སྤྱི་འཛུགས་སྐབས་ཀྱི་རྣམ་པ་དང་རྦད་དེ་མི་འདྲ་བ་ཞིག་ཏུ་གྱུར་ཡོད། ལུའོ་མན་སྐད་ཁོངས་ཀྱི་རྒྱལ་ཁབ་ཁག་གི་ཕུའུ་ལུའུ་ཏུང་རིང་ལུགས་དང་འཇར་མན་རྒྱལ་ཁབ་ཁོ་ནར་ཡོད་པའི་ལ་སར་རིང་ལུགས་དེ་དབུགས་ཆད་ལ་ཉེ་བ་མ་ཟད། ཐ་ན་སྐབས་དེའི་ཧ་ཅང་རྙིང་ཞེན་བག་འཁུམ་ཡིན་པའི་དབྱིན་ཇིའི་བཟོ་ཚོགས་མཉམ་འབྲེལ་ཚོགས་པའང་རིམ་བཞིན་ཡར་རྒྱས་ཕྱིན་ཡོད་ཅིང་། ཁོ་ཚོས1887ལོར་སི་ཝང་ཞི་རུ་འཚོགས་པའི་བཟོ་ཚོགས་མཉམ་འབྲེལ་གྱི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིས་ཁོ་ཚོའི་མིང་ཁྱེར་ནས“སྐམ་ས་ཆེན་པོའི་སྤྱི་ཚོགས་རིང་ལུགས་དེ་ང་ཚོར་མཚོན་ནས་བཤད་ན་ད་ནི་སྐྲག་སྣང་སྐྱེ་མི་དགོས”ཞེས་གསལ་བསྒྲགས་བྱེད་ཐུབ་པ་བྱུང་ཡོད།1887ལོར། སྐམ་ས་ཆེན་པོའི་སྤྱི་ཚོགས་རིང་ལུགས་དེ་ཧ་ལམ་རྦད་དེ《བསྒྲགས་གཏམ》ནང་ཁྱབ་བསྒྲགས་བྱེད་པའི་རིགས་པའི་གཞུང་ལུགས་དེར་གྱུར་ཡོད། དེའི་ཕྱིར།《བསྒྲགས་གཏམ》གྱི་ལོ་རྒྱུས་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས1848ལོའི་ཚུན་ཆད་ཀྱི་དེང་རབས་བཟོ་པའི་ལས་འགུལ་གྱི་ལོ་རྒྱུས་མཚོན་བཞིན་ཡོད། ད་ལྟ། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་ཡོངས་རྫོགས་ཀྱི་ནང་ནས་བརྒྱུད་བསྒྲགས་ཁྱབ་ཆེ་ཤོས་དང་རྒྱལ་སྤྱིའི་རང་བཞིན་ཆེ་ཤོས་ལྡན་པའི་བརྩམས་ཆོས་ཤིག་དང་། ཞི་པོ་ལི་ཡ་ནས་ཅ་ལི་ཧྥུ་ཉི་ཡའི་བར་གྱི་འཛམ་གླིང་རྒྱལ་ཁབ་ཁག་གི་བཟོ་པ་ཁྲི་སྟོང་མང་པོའི་ཐུན་མོང་གི་རྩ་འཛིན་ཞིག་ཏུ་གྱུར་ཡོད་པར་ཐེ་ཚོམ་སྐྱེ་མི་དགོས།

ཡིན་ན་ཡང་།《བསྒྲགས་གཏམ》པར་སྐྲུན་བྱེད་སྐབས།  ང་ཚོས་འདིའི་མིང་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྲགས་གཏམ་ཞེས་བཤད་མི་རུང་།1847ལོར། སྤྱི་ཚོགས་རིང་ལུགས་པ་ཟེར་བ་ནི་མི་ཁག་གཉིས་ལ་ཟེར་བ་རེད། ཕྱོགས་གཅིག་ནི་སྟོང་བསམ་རིང་ལུགས་ཀྱི་མ་ལག་གཞུང་ལུགས་སྣ་ཚོགས་ལ་དད་འདུན་བྱེད་མཁན་དང་། ལྷག་པར་དུ་དབྱིན་ཇིའི་ཨོའུ་ཝུན་ཕྱོགས་ཁག་དང་ཧྥ་རན་སིའི་ཧྥུ་ལི་ཡེ་ཕྱོགས་ཁག་ལ་ཟེར་བ་རེད། ཕྱོགས་ཁག་དེ་གཉིས་ཀ་སྐབས་དེར་རིམ་བཞིན་ཇེ་ཆུང་དུ་གྱུར་ནས་རྩ་མེད་དུ་འགྲོ་བའི་ཕྱོགས་རིས་ཕྱོགས་ཁག་ཁེར་རྐྱང་ཞིག་ཏུ་གྱུར་ཡོད། ཕྱོགས་གཞན་ཞིག་ནི་སྤྱི་ཚོགས་ཀྱི་སྨན་པ་ཐབས་རྡུགས་འདྲ་མིན་སྣ་ཚོགས་ལ་ཟེར་བ་རེད། ཁོ་ཚོས་ཀུན་ཕན་སྨན་རིལ་སྣ་ཚོགས་དང་ལྷན་པ་རྒྱག་ཐབས་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྐྱོན་ཆ་མེད་པར་བཟོ་བསམ་གྱིན་ཡོད་པ་ལས་མ་རྩ་དང་ཁེ་སྤོགས་ལ་གནོད་སྐྱོན་སྤུ་ཙམ་ཡང་གཏོང་འདོད་མེད་པ་རེད། གོང་གསལ་གྱི་མི་ཁག་གཉིས་པོ་དེ་བཟོ་པའི་ལས་འགུལ་གྱི་ཕྱི་རོལ་དུ་ལངས་ནས། “སློབ་གསོ་ཐོབ་མྱོང་མཁན”གྲལ་རིམ་གྱི་ས་ནས་རྒྱབ་སྐྱོར་ཐོབ་པར་ཁོ་ན་རེ་བ་བྱེད་བཞིན་ཡོད། དེ་ལས་ལྡོག་སྟེ། སྐབས་དེར་ཆབ་སྲིད་ཀྱི་སྒྱུར་བཅོས་བྱས་པ་ཙམ་གྱིས་ད་དུང་མི་འདང་བར་ཡིད་ཆེས་བརྟན་པོ་བྱས་ཐོག་རྩ་བ་ནས་སྤྱི་ཚོགས་སྒྱུར་བཀོད་བྱེད་དགོས་པའི་རེ་འདུན་བྱེད་མཁན་བཟོ་པ་ཁག་དེས། རང་ཉིད་ལ་གུང་ཁྲན་རིང་ལུགས་པ་ཟེར་བཞིན་ཡོད། འདི་ནི་ལས་སྣོན་ཡག་པོ་མ་བྱས་པ་ཞིག་དང་། རང་ནུས་ཁོ་ན་ལས་བྱུང་བ་ཞིག ཧ་ཅང་རགས་རིམ་བཅས་ཡིན་པའི་གུང་ཁྲན་རིང་ལུགས་ཤིག་རེད། ཡིན་ན་ཡང་དེ་སྟོབས་ཇེ་ཆེར་ཕྱིན་ནས་སྟོང་བསམ་གུང་ཁྲན་རིང་ལུགས་ཀྱི་མ་ལག་རིགས་གཉིས་ཆགས་ཐུབ་པ་བྱུང་ཡོད་དེ། ཧྥ་རན་སི་རུ་ཁ་པེའི“དབྱི་ཅ་ལི་ཡ”གུང་ཁྲན་རིང་ལུགས་ཡོད་པ་དང་། འཇར་མན་དུ་ཝེ་ཐེ་ལིན་གྱི་གུང་ཁྲན་རིང་ལུགས27ཡོད། 1847ལོར། སྤྱི་ཚོགས་རིང་ལུགས་ནི་འབྱོར་ལྡན་གྲལ་རིམ་གྱི་ལས་འགུལ་མཚོན་བྱེད་ཅིག་རེད། གུང་ཁྲན་རིང་ལུགས་ནི་བཟོ་པའི་ལས་འགུལ་གྱི་མཚོན་བྱེད་ཅིག་རེད། སྐབས་དེར། སྤྱི་ཚོགས་རིང་ལུགས་དེ། མ་མཐར་ཡང་སྐམ་ས་ཆེན་པོའི་ཕྱོགས་ནས་བཤད་ན། སྟེང་རིམ་སྤྱི་ཚོགས་ཀྱི་ཡིན་ལ། གུང་ཁྲན་རིང་ལུགས་ནི་ཏག་ཏག་དེ་ལས་ལྡོག་པ་ཞིག་ཡིན། སྐབས་དེར་ང་ཚོས“བཟོ་པ་གྲལ་རིམ་བཅིངས་འགྲོལ་གཏོང་རྒྱུ་ནི་བཟོ་པ་གྲལ་རིམ་རང་ཉིད་ཀྱི་ལས་དོན་ཁོ་ན་ཡིན་པར”ངོས་འཛིན་ཧ་ཅང་བརྟན་པོ་བྱེད་བཞིན་ཡོད། དེར་བརྟེན་མིང་དེ་གཉིས་ཀྱི་ཁྲོད་ནས་ཡང་སྙིང་མིང་གང་ཞིག་འདེམ་དགོས་པའི་ཐད་ང་ཚོ་ཐེ་ཚོམ་སྤུ་ཙམ་ཡང་སྐྱེས་མ་མྱོང་། དེས་མ་ཚད་དེའི་རྗེས་སུའང་ང་ཚོས་མིང་འདི་འདོར་དགོས་ཞེས་གཏན་ནས་བསམ་མ་མྱོང་།

“འཛམ་གླིང་ཡོངས་ཀྱི་འབྱོར་མེད་པ་རྣམས། མཉམ་འབྲེལ་གྱིས་ཤིག”བགྲང་བྱ་ཞེ་གཉིས་ཀྱི་སྔོན་ལ་ཕ་རི་སིའི་གསར་བརྗེ་སྟེ་འབྱོར་མེད་གྲལ་རིམ་གྱིས་རང་ཉིད་ཀྱི་རེ་བ་ཁྱེར་ནས་ཞུགས་པའི་གསར་བརྗེ་ཐེངས་དང་པོ་དེ་ལངས་པའི་སྔ་ནུབ་ཏུ་ང་ཚོས་འཛམ་གླིང་ལ་འབོད་སྐུལ་འདི་གཏོང་བའི་སྐབས་སུ། དང་ལེན་བྱེད་མཁན་ཧ་ཅང་ཉུང་ཉུང་ཞིག་ལས་མེད་ཀྱང་།1864ལོའི་ཟླ9པའི་ཚེས28ཉིན། ཡོ་རོབ་གླིང་ནུབ་མའི་རྒྱལ་ཁབ་མང་ཆེ་བའི་འབྱོར་མེད་པ་རྣམས་མཉམ་འབྲེལ་བྱས་ནས་སྙན་གྲགས་ཇི་སྲིད་བར་གནས་ཐུབ་པའི་རྒྱལ་སྤྱིའི་བཟོ་པའི་མཐུན་ཚོགས་ཤིག་ཏུ་གྱུར། རྒྱལ་སྤྱི་རང་ཉིད་ལོ་དགུ་ཙམ་མ་གཏོགས་གནས་མ་ཐུབ་པ་ནི་བཤད་མི་དགོས་མོད། འོན་ཀྱང་དེས་གསར་འཛུགས་བྱས་པའི་འཛམ་གླིང་ཡོངས་ཀྱི་འབྱོར་མེད་པ་རྣམས་ཀྱི་རྟག་བརྟན་གྱི་མཉམ་འབྲེལ་དེ་སྔར་བཞིན་གནས་ཡོད་པར་མ་ཟད། དེ་དུས་སྐབས་གང་ཞིག་ལས་ཀྱང་སྲ་བརྟན་དུ་ཕྱིན་ཡོད། དེ་རིང་གི་ཉི་མ་འདི་ནི་དེའི་ར་སྤྲོད་ཆེས་ཡག་ཤོས་ཤིག་ཡིན། རྒྱུ་མཚན་ནི། དེ་རིང་ངས་གླེང་གཞི་འདི་འབྲི་དུས། ཡོ་རོབ་གླིང་དང་མེ་གླིང་གི་འབྱོར་མེད་གྲལ་རིམ་གྱིས་རང་ཉིད་ཀྱིས་ཐེངས་དང་པོར་སྐུལ་སློང་བྱས་པའི་འཐབ་འཛིང་སྟོབས་ཤུགས་ལ་གཟིགས་ཞིབ་གནང་གི་ཡོད་པ་རེད། ཁོ་ཚོ་སྐུལ་སློང་བྱས་ཏེ། དམག་དཔུང་ཆེན་པོ་ཞིག་བཙུགས་ནས། དར་ཆ་གཅིག་གི་འོག་ཏུ། དེང་སྐབས་ཀྱི་དམིགས་ཡུལ་གཅིག་གི་ཆེད་དུ། རྒྱལ་སྤྱིའི1866ལོའི་ཇེ་ནེ་ཝའི་འཐུས་མི་ཚོགས་ཆེན་གྱིས་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་ཡང1889ལོའི་ཕ་རི་སིའི་བཟོ་པའི་འཐུས་མི་ཚོགས་ཆེན་གྱིས་ཡང་བསྐྱར་ཁྱབ་བསྒྲགས་བྱས་པའི་ཆུ་ཚོད་བརྒྱད་ཀྱི་རྒྱུན་ལྡན་ལས་སྒྲུབ་ཉིན་བཅའ་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་དེ་རེད། དེ་རིང་གི་སྣང་ཚུལ་འདིས་འཛམ་གླིང་ཡོངས་ཀྱི་མ་རྩ་ཅན་དང་ཞིང་བདག་རྣམས་ལ་འཛམ་གླིང་ཡོངས་ཀྱི་འབྱོར་མེད་པ་རྣམས་ད་ལྟ་དངོས་གནས་མཉམ་འབྲེལ་བྱུང་ཡོད་པ་མཐོང་ཐུབ་ངེས་རེད།

གལ་ཏེ་དེ་རིང་མར་ཁེ་སིས་ད་དུང་ང་དང་མཉམ་དུ་སྣང་ཚུལ་འདི་དངོས་སུ་གཟིགས་མོལ་གནང་ཐུབ་རྒྱུ་ན། ཅི་འདྲའི་ཡག་པོ་རེད་ཨང་།

ཧྥུ•ཨེན་ཀེ་སིས།

1890ལོའི་ཟླ5པའི་ཚེས1ཉིན་ལོན་ཏོན་དུ་བྲིས།


མཉམ་སྤྱོད།
Loading...