མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྒྱ་རིགས།

2022-11-16 21:53:30   |   289

རྒྱ་རིགས(汉族)ནི་ཀྲུང་གོའི་མི་རིགས་ཁྲོད་མི་རིགས་ཆེས་མང་བའི་མི་རིགས་ཤིག་ཡིན། རྒྱ་ཡིག་གི“汉”ཞེས་པའི་གོ་དོན་དངོས་ནི་དགུ་ཚིགས་ཀྱི་དོན་དངོས་ཡིན་ཏེ། རྒྱའི་སྙན་དངགས་ཀྱི་གཞུང་དུ་ཡང་། 汉ནི་གནམ་གྱི་དགུ་ཚིགས་སོ་ཞེས་འཁོད་ཡོད། ཧྭ་ཞ་མི་རིགས་ལ་ཧན་མི(汉人)ཞེས་འབོད་པ་དེ་ཧན་རྒྱལ་རབས་ནས་མགོ་བརྩམས། རྒྱ་རིགས་ནི་ལོ་རྒྱུས་ཟམ་མ་ཆད་པར་དུས་ཡུན་རིང་བོར་འཕེལ་རྒྱས་བྱུང་བའི་མི་རིགས་ཤིག་ཡིན་ལ། འཛམ་གླིང་སྟེང་གི་མི་གྲངས་ཆེས་མང་བའི་མི་རིགས་ཤིག་ཀྱང་ཡིན། མིག་སྔར། རྒྱ་རིགས་ཀྱི་མི་གྲངས་ཕལ་ཆེར་དུང་ཕྱུར13ཡས་མས་ཡོད་དེ། འཛམ་གླིང་གི་སྤྱིའི་མི་གྲངས་ཀྱི19%ཟིན་ཡིད་ཅིང་། མཚོ་འགག་འགྲམ་གཉིས་དང་ནང་ལོགས། ཞང་ཀང་། ཨོ་མིན། ཐེ་ཝན་བཅས་ཕུད། གཞན་ཨེ་ཤེ་ཡ་ཤར་ལྷོ་དང་མེ་གླིང་བྱང་མ་སོགས་འཛམ་གླིང་གི་ས་གནས་སོ་སོར་ཁྱབ་ཡོད།

རྒྱ་རིགས་མི་གྲངས་ཀྱི90%ཡན་ཀྲུང་གོ་རུ་ཁྱབ་ཡོད་དེ། ཀྲུང་གོའི་ནང་ཁུལ་དུ། རྒྱ་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི90.56%ཟིན་ཡོད་ལ། དེ་དག་ཞིང་ཆེན་སོ་སོ་རུ་ཁྱབ་ཡོད། ཐེ་ཝན་དུ་རྒྱ་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི98%ཟིན། ཞང་ཀང་དང་ཨོ་མིན་དུ། རྒྱ་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི95%དང97%ཟིན་ཡོད།

རྒྱ་རིགས་ཀྱི་སྲོལ་རྒྱུན་ལྟར་ན་རུའུ་ལུགས་པའི་བསམ་བློ་དང་ཏོའོ་ལུགས། ཐུབ་བསྟན་ཆོས་ལུགས་སོགས་ལ་དད་པ་བྱེད་ལ། རུའུ་ལུགས་པའི་རིག་གནས་རྨང་གཞི་བྱས་ཏེ་ཏོའོ་ལུགས་དང་ཐུབ་བསྟན་ཆོས་ལུགས་ལ་གོང་བཀུར་ཆེན་པོ་བྱེད།

རྒྱ་རིགས་ཀྱི་སྐད་ཡིག་ནི་རྒྱ་སྐད་དང་རྒྱ་ཡིག་རེད། རྒྱའི་སྐད་བརྡ་དེ་རྒྱ་བོད་སྐད་བརྡའི་ཁོངས་སུ་གཏོགས།

དཔལ་འབྱོར་ཐད་ནས་ཞིང་ལས་གཙོར་འཛིན་པའི་ཞོར་དུ། ཁྱིམ་གྱི་ཞོར་ལས་ཀྱང་གཉེར་བཞིན་ཡོད། ཕོས་ཞིང་རྨོ་ཞིང་མོས་འཐག་འཐག་པའི་རང་བྱུང་དཔལ་འབྱོར་གྱིས་ཀྲུང་གོའི་གནའ་རབས་དཔལ་འབྱོར་ཁྲོད་དུ་གོ་གནས་གཙོ་བོ་བཟུང་ཡོད། ཞིང་ལས་ནི་ཀྲུང་གོའི་གནའ་རབས་རིག་གནས་ཀྱི་དངོས་པོའི་རྨང་གཞི་གཙོ་བོ་རེད། ཞིང་ལས་དེ་ལོ་རྒྱུས་སྟེང་ཆུ་བེད་དང་རྨོ་འདེབས་ལ་བརྟེན་ནས་འཕེལ་རྒྱས་ཆེན་པོ་བྱུང་། རྒྱལ་རབས་རེ་རེར་ཆུ་བེད་འཛུགས་སྐྲུན་རྒྱ་ཆེར་བྱས་པ་དང་། དེ་ལས་ལ་ཤས་ཀྱིས་ད་ལྟ་ཡང་མིའི་རིགས་ལ་བདེ་སྐྱིད་སྐྲུན་བཞིན་ཡོད། ཞིང་ལས་དང་ལག་ཤེས་བཟོ་ལས་གོང་འཕེལ་ཆེན་པོ་བྱུང་བའི་རྨང་གཞིའི་སྟེང་། གནའ་རབས་ཀྱི་ཚན་རྩལ་ཏེ། དཔེར་ན། གནམ་རིག་   ཞིང་ལས་རིག་པ། གསོ་བ་རིག་པ། བཙོ་སྦྱོང་རིག་པ། བཟོ་རིག་པ་སོགས་ཀྱིས་འཛམ་གླིང་དཔལ་ཡོན་ལོ་རྒྱུས་སྟེང་ནུས་པ་མི་དམན་པ་བཏོན་ཡོད། ཤོག་བུ་བཟོ་རྩལ་དང་པར་འདེབས་ལག་རྩལ་གསར་དུ་བཏོད་པ་དང་།  འཐབ་འཁྲུག་ཏུ་མེ་སྒྱོགས་བཀོལ་བ། ཕྱོགས་སྟོན་འཁོར་ལོས་མཚོ་འགྲུལ་བྱས་པ་མ་ཟད། དར་འབུ་གསོས་ཏེ་དར་གོས་བཟོ་བ་དང་། རྫ་ཆས་དང་ཇའི་ཡོ་བྱད་ཕུན་སུམ་ཚོགས་པ་བཟོ་བའི་ལག་རྩལ་གྱིས་འཛམ་གླིང་གི་རིག་གནས་དང་ཚན་རྩལ་འཕེལ་རྒྱས་ཐད་བྱས་རྗེས་བླ་ན་མེད་པ་བཞག

རྒྱ་རིགས་ཀྱིས་གནའ་རབས་སུ་མཚར་སྡུག་ལྡན་པའི་རིག་གནས་དང་སྒྱུ་རྩལ་སོགས་གསར་སྐྲུན་བྱས་ཡོད་དེ། ཆབ་སྲིད་དང་དམག་དོན། མཚན་ཉིད་རིག་པ། དཔལ་འབྱོར། ལོ་རྒྱུས་རིག་པ། རང་བྱུང་ཚན་རིག རྩོམ་རིག སྒྱུ་རྩལ་སོགས་ཀྱི་ཐད་དུ་མི་སྣ་གྲགས་ཅན་དང་བརྩམས་ཆོས་གྲགས་ཅན་འབོར་ཆེན་ཡོད། གནའ་རབས་ཀྱི་རྒྱའི་རྩོམ་རིག་འཕེལ་རྒྱས་ཁྲོད་སྙན་ངག་གིས་གོ་གནས་གལ་ཆེན་བཟུང་ཡོད། ཐང་རྒྱལ་རབས་ཀྱི་སྙན་ངག་དང་སུང་རྒྱལ་རབས་ཀྱི་སྙན་ཚིག་ཅེས་སྐད་གྲགས་ཆེ་ལ། ཀྲུང་གོ་ཙམ་དུ་མ་ཟད་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་ཀུན་གྱིས་ཁས་ལེན་པའི་སྙན་ངག་པ་མང་དུ་བྱུང་མྱོང་སྟེ། དཔེར་ན། ཆུའུ་ཡོན་དང་ལི་པེ། ཏུའུ་ཧྥུ་ལྟ་བུའོ། ལྷུག་རྩོམ་ཐད་ཐང་དང་སུང་རྒྱལ་རབས་ཀྱི་ལྷུག་རྩོམ་པ་ཆེན་པོ་བརྒྱད་སོགས་སྐད་གྲགས་ཅན་གྱི་རྩོམ་པ་པོ་དང་བརྩམས་ཆོས་མང་པོ་ཡོད། བརྩམས་སྒྲུང་ཐད་དུ་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་དང་ཆུ་ངོགས་གཏམ་རྒྱུད། ནུབ་ཕྱོགས་སུ་སྐྱོད་པའི་སྒྲུང་སོགས་བརྩམས་ཆོས་གྲགས་ཅན་མང་པོ་ཡོད། དེ་ལས་གཞན་གྲངས་ཉུང་མི་རོགས་ཀྱི་རྩོམ་པ་པོས་བརྩམས་པའི་ཐོག་ཁང་དམར་བོའི་རྨི་ལམ་སོགས་བརྩམས་ཆོས་ཕུལ་དུ་བྱུང་བ་ཡང་ཡོད།

རྒྱ་རིགས་ཀྱི་ཟ་མ་གཙོ་བོ་ནི་ཁྲེ་རྒོད་དང་འབྲས། གྲོ་བཅས་ཡིན་ལ། སྔོ་ཚལ་དང་ཤའི་རིགས་སྲན་ཟས་སོགས་ཀྱང་ཞོར་དུ་བསྟེན་བཞིན་ཡོད། ཇ་ཆང་ནི་རྒྱ་རིགས་ཀྱི་སྲོལ་རྒྱུན་གྱི་བཏུང་བྱ་གཙོ་བོ་ཡིན།

རྒྱ་རིགས་ནི་གནའ་ནས་བཟུང་ཆོས་ལུགས་དད་པ་ལ་དཀྱེལ་ཡངས་ཀྱི་རྣམ་འགྱུར་འཛིན་མཁན་གྱི་མི་རིགས་ཤིག་ཡིན་ཏེ། ལས་དབང་གནམ་ལ་བཅོལ་བ་དང་ཕ་མེས་ལ་བཀུར་བསྟི་བྱེད་པ་ནི་རྒྱ་རིགས་ཀྱི་སྲོལ་རྒྱུན་བསམ་བློ་གཙོ་བོ་ཡིན། ལོ་རྒྱུས་སྟེང་རྒྱ་རིགས་ལ་ཤས་ཏུའུ་ལུགས་དང་ཐུབ་བསྟན་ལ་དད་པ་བྱེད། རྗེས་ནས་གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྲུང་གོར་དར་རྗེས། མི་ལ་ཤས་ཀྱིས་ཆོས་ལུགས་དེ་དག་ལ་དད་པ་བྱེད།

རྒྱ་རིགས་ལ་དཔྱིད་གསར་དུས་ཆེན་དང་། འདས་མཆོད་དུས་ཆེན།  བདུན་པའི་ཚེས་བདུན་གྱི་དུས་ཆེན། བདུན་པའི་བཅོ་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་སོགས་ཡོད། 


མཉམ་སྤྱོད།