དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྲིད་པའི་གླུ་རྒན་བརྩེ་དུང་གསེར་སྐུད་དགུ་མདུད།

2022-11-17 21:17:19   |   1837

 རྩོམ་སྒྲིག  སངས་དོན།     ཡོང་ཁུངས། སྲིད་པའི་གླུ་རྒན་བརྩེ་དུང་གསེར་སྐུད་དགུ་མདུད།


                                                                       རྩེ་འགོ་རྩོམ་པའི་སྐོར།

ཕོ      སྟོད་རི་རྒྱུད་དེད་ཀི་གདོང་རྒྱུད་ན།
        འབྲོང་འབྲོང་ལ་འདྲེས་ཀི་རྫ་མཚམས་ནས།
         རྫ་ཁྲ་ཡག་གོ་རོ་ཉུག་གི་ཡོད།
         རྡོ་ཆེ་ཆུང་མེད་ལ་ལྷུང་རྒྱུ་རེད།
         འབྲོང་ཕ་བུ་མ་བུ་འགེར་ཡག་བྱོས།

         གྲོང་རི་རྒྱུད་དེད་ཀི་སྡེ་རྒྱུད་ན།
         སྡེ་ཁྲ་ཁྲ་མར་ཁུ་མཚོ་མོ་ནས།
         ས་སྡེ་ཆེན་རྩེད་ར་འཚོགས་ཀི་ཡོད།
         གླུ་སྲིད་པའི་གླུ་རྒན་ལེན་རྒྱུ་རེད།
         ནང་ཕ་བུ་མ་བུ་འགེར་ཡག་བྱོས།

ཕོ       གངས་ཏི་སེ་དབུ་རྩེ་ཀླད་ནས།
         མར་བལྟས་ན་མཚོ་ཞིག་རིག་གི
         མཚོ་མ་ཕམ་གཡུ་མཚོ་ནང་ནས།
         སྔོ་ལྡེམ་མེར་གཡུ་སྡོང་སྐྱེས་ཀི
         སྔོ་ལྡེམ་མེའི་གཡུ་སྡོང་མགོ་ནས།
         ཞེ་ལྷོད་ནས་ཁུ་ལོ་གྲགས་ཀི

         གསུང་སྙན་མོ་ཐེངས་གསུམ་གྲགས་ན།
         ངའི་ཡིད་དབང་སྦྲང་མ་འདྲ་བོ།
         དབང་མེད་ལ་བཀུག་གེ་བུད་ཐལ།

         མཚོ་སྔོན་པོ་ཁྲི་ཤོག་ཁ་ནས།
         མར་བལྟས་ན་སྡེ་ཞིག་རིག་གི
         སྡེ་གཡང་སྡེ་ཕྱུག་མོ་ནང་ནས།
         ནང་ན་ཟླ་གྲོང་ལ་འཚོགས་ཀི
         ནང་ན་ཟླ་གྲོང་ལ་འཚོགས་ན།
         གླུ་སྲིད་པའི་གླུ་རྒན་ལེན་གི
         གླུ་སྲིད་པའི་གླུ་རྒན་བླངས་ན།
         ངའི་ཡིད་དབང་རྟ་ཕོ་འདྲ་བོ།
         དབང་མེད་ལ་བཀུག་གེ་བུད་ཐལ།

མོ      སྟོད་དབུས་གཙང་ཆོས་ར་ནང་ནས།
        ཆོས་འདོན་གི་ཚད་ལྡན་བླ་མས།
        ལག་མི་དལ་ཕྲེང་ང་བགྲང་ནས།
        ཁ་མི་དལ་ཀུན་རིག་གསུངས་ན།
        བན་ཆོས་དད་ཅན་གི་འདོད་རེད།

        སྡེ་ཆེན་པོ་རྩེད་ར་ནང་ནས།
        ཡག་ཕོ་སྒོ་ཅན་གི་བྱི་ལིས།
        ཁ་མི་དལ་ལ་གཞས་བླངས་ནས།
        ལག་མི་དལ་ལག་བརྡ་བྱས་ན།
        ང་ཞང་བཟང་ཚ་མོའི་འདོད་རེད།

ཕོ      ངས་རྩེ་འགོ་ལེན་ན་རྩེ་འགོ་ལེན།
        རྩེ་འགོ་དགུང་སྔོན་གནམ་ལ་ལེན།
        དགུང་ཨ་སྔོན་ཆེན་པོ་གུར་ལ་ཕུབ།
        ས་པདྨ་འདབ་བརྒྱད་གདན་ལ་འདིང་།
        དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་འབོད།
        དེའི་ཞོར་གི་སྐར་ཚོགས་འབུམ་ལ་རྩེ།

         ངས་རྩེ་འགོ་ལེན་ན་རྩེ་འགོ་ལེན།
         རྩེ་འགོ་སྡེ་ཆེན་གྲོང་ལ་ལེན།
         སྦྲ་མཐིང་སྨུག་གྲུ་བཞི་གུར་ལ་ཕུབ།
         སྟོད་དབུས་གཙང་ཕྲུག་ཁྲ་གདན་ལ་འདིང་།
         ནང་རང་སྡེ་གཞན་སྡེ་མགྲོན་ལ་འབོད།
         དེའི་ཞོར་གི་རོགས་བརྒྱ་འབུམ་ལ་རྩེ།

མོ       ངས་རྩེ་འགོ་ལེན་ན་རྩེ་འགོ་ལེན།
         རྩེ་འགོ་རྫ་ཆེན་གངས་ལ་ལེན།
         གངས་དཀར་པོར་དར་དཀར་འཐེན་ན་ལེན།

         ངས་རྩེ་འགོ་ལེན་ན་རྩེ་འགོ་ལེན།
         རྩེ་འགོ་སྡེ་ཆེན་གྲོང་ལ་ལེན།
         ཁ་ལ་གཞས་གུར་ཞིག་ཕུབ་ལ་ལེན།

ཕོ       ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་དགུང་སྔོན་གནམ་ལ་ལེན།
         གནམ་འཁོར་ལོ་རྩིབས་བརྒྱད་གུར་ལ་ཕུབ།
         ས་པདྨ་འདབ་བརྒྱད་གདན་ལ་འདིང་།
         དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་འགུགས།
         ཕྱིར་འཁོར་ར་སྐར་ཚོགས་འབུམ་ལ་རྩེ།

         ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་སྡེ་ཆེན་གྲོང་ལ་ལེན།
         ཕ་ཨ་ཁུའི་མགོ་སྦྲའི་གུར་ཞིག་ཕུབ།
         རྒྱ་བོད་པའི་ཁེ་སི་གདན་ལ་འདིང་།
         རོགས་ཞེ་མཐུན་ཆ་མཉམ་མགྲོན་ལ་འགུགས།
         ཕྱིར་འཁོར་ར་ན་ཟླ་འབུམ་ལ་རྩེ།

མོ       ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་བྲག་དམར་ཐེམ་ལ་ལེན།
         བྱ་རྒོད་པོའི་ཐུགས་ལ་ལྡན་ནི་ལེན།
         བྱ་གླག་མོ་འཁོར་ན་ཉན་ནི་ལེན།
         དེ་ལོས་བདེན་བསམ་གི་འདོད་ནི་ལེན།

         ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་སྡེ་ཆེན་གྲོང་ལ་ལེན།
         ཕོ་ཁྱོད་ཚོའི་ཐུགས་ལ་ལྡན་ནི་ལེན།
         གྲོང་ན་ཟླ་འཁོར་ན་ཉན་ནི་ལེན།
         དེ་ལོས་བདེན་བསམ་གི་འདོད་ནི་ལེན།

ཕོ       ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་དགུང་སྔོན་གནམ་ལ་ལེན།
         འབྲུག་ཕོ་ཆུང་ཐུགས་ལ་ལྡན་ནི་ལེན།
         ཆར་ཟིལ་མའི་འབྲས་བུ་ཡོད་ནི་ལེན།

         ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་རྩེད་རའི་ནང་ལ་ལེན།
         མ་བུ་མོའི་ཐུགས་ལ་ལྡན་ནི་ལེན།
         ཚིག་སྙན་མོའི་འབྲས་བུ་ཡོད་ནི་ལེན།

མོ       ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་ཁྲ་ཡག་རྫ་ལ་ལེན།
         འབྲོང་བྲེ་སེར་ཐུགས་ལ་ལྡན་ནི་ལེན།
         ཁ་སྐོམ་པ་རྫ་ཆུ་ཡོད་ནི་ལེན།

         ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་སྡེ་ཆེན་གྲོང་ལ་ལེན།
         ཕོ་ཁྱོད་ཚོའི་ཐུགས་ལ་ལྡན་ནི་ལེན།
         རོགས་འུ་གཉིས་མཐུན་པ་ཡོད་ནི་ལེན།

ཕོ       ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་རྟ་བོ་ཉོ་སྲོལ་ལེན།
         རྟའི་མགོ་རྣ་ཡག་ན་ལོས་དགའ་ར།
         གལ་ཆེ་ནོ་རྟ་གི་གོམ་ལག་རེད།

         ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་རོགས་ལོ་རྩེ་སྲོལ་ལེན།
         ཕྱི་མོ་སྒོ་ཡག་ན་ལོས་དགའ་ར།
         གལ་ཆེ་ནོ་རོགས་ཀི་ཞེ་འདང་རེད།

མོ       ཁ་ལ་གཞས་དར་དམར་ཁ་གང་ཡིན།
         ཁྱོས་ཤིགས་དང་དར་ཚོན་སྣ་ལྔ་ཡིན།

         ཁ་ལ་གཞས་ཚིག་དྲུག་བསྡུས་མ་ཡིན།
         ཁྱོས་ཉོན་དང་རོགས་ཀི་མཐུན་པ་ཡིན།

ཕོ       ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་ཕར་ལ་ལེན་དུས་སུ།
         དགུང་ཉི་མ་ཚང་ནས་འཆར་འཆར་ལེན།
         ཁྱོས་ལན་པ་ཚུར་ལ་རྫོགས་པའི་དུས།
         དགུང་ཉི་མ་ཁིས་ནས་འཇལ་འཇལ་ལོངས།
         དེ་མིན་ན་ལ་གཞས་བླངས་ནས་ཅི།

         ཁ་ལ་གཞས་ལེན་ན་ལ་གཞས་ལེན།
         ཁ་ལ་གཞས་ཕར་ལ་ལེན་དུས་ཀི
         དྲིན་ཕ་མས་ཁ་བརྡ་བཤད་བཤད་ལེན།
         ཁྱོས་ལན་པ་ཚུར་ལ་རྫོགས་པའི་དུས།
         ཡུལ་ཕ་མར་དྲིན་ལན་འཇལ་འཇལ་ལོངས།
         དེ་མིན་ན་ལ་གཞས་བླངས་ནས་ཅི།

མོ       མཇལ་མ་མྱོང་བླ་མར་མཇལ་དུས་ན།
         ལག་དར་དཀར་ཁངས་སྐྱ་འབབ་འབབ་བྱོས།
         མཇལ་མ་མྱོང་བླ་མའི་མཇལ་སྲོལ་རེད།

         བརྩེ་མ་མྱོང་རོགས་ལོར་རྩེ་དུས་ན།
         ཁ་ཚིག་གསུམ་སྒྲོག་གུ་སྒྲོག་སྒྲོག་བྱོས།
         བརྩེ་མ་མྱོང་རོགས་ལོའི་རྩེ་སྲོལ་རེད།

ཕོ       ངའི་ལ་གཞས་ལམ་ཁའི་ཤོག་སྐྱ་ཡིན།
        ཁྱོས་ཟིན་གི་འདོད་ན་བདའ་གི་སྡོད།
        ངའི་ལ་གཞས་སྲིད་པའི་སྒྲུང་གླུ་ཡིན།
        སྒྲུང་ཚར་གི་འདོད་ན་བདའ་གི་སྡོད།

མོ       ས་འདི་གི་མིན་ར་རོང་གི་ཡིན།
         ང་རོང་བ་དར་ལུང་གོང་མའི་ཡིན།
         ཞིང་ལོ་ཡག་འབྲེག་གི་བྱང་མ་ཡིན།

          ས་འདི་གི་མིན་ར་སོག་གི་ཡིན།
          ང་སོག་པོ་རྟ་ར་བར་མའི་ཡིན།
          རྟ་གོམ་པ་འཁྱེར་གི་བྱང་མ་ཡིན།

           ས་འདི་གི་མིན་ར་གྲོང་གི་ཡིན།
           ང་གྲོང་གི་རྩེ་ར་ཞོལ་མའི་ཡིན།
            ཁ་ལ་གཞས་ལེན་གི་བྱང་མ་ཡིན།

ཕོ          གསེར་གི་རང་འཐག་གྱི་ལི་ལི།
            དེ་བར་ནས་གསེར་ཕྱེ་ཐ་ལ་ལ།
            དེ་ཁ་ནས་གསེར་སྒྲོག་སིལ་ལི་ལི།
            རོགས་ང་ཚོའི་ལ་གཞས་དེ་མོ་ཡིན།

            དངུལ་གི་རང་འཐག་གྱི་ལི་ལི།
            དེ་བར་ནས་དངུལ་ཕྱེ་ཐ་ལ་ལ།
            དེ་ཁ་ནས་དངུལ་སྒྲོག་སིལ་ལི་ལི།
            ཕོ་ང་ཚོའི་ཚིག་སྒོ་དེ་མོ་ཡིན།

མོ         དགུང་ཨ་སྔོན་བང་ཆ་བང་རིམ་གསུམ།
           བང་གན་གསུམ་མིང་གསུམ་ཐོགས་དང་ན།
           ཁ་ལ་གཞས་མཁས་པའི་རྟགས་ཤིག་ཡིན།

           སྡེ་ཆེ་པོ་བང་ཆ་བང་རིམ་གསུམ།
           བང་གན་གསུམ་མིང་གསུམ་ཐོགས་དང་ན།
           ཁ་ལ་གཞས་མཁས་པའི་རྟགས་ཤིག་ཡིན།

ཕོ         དགུང་ཨ་སྔོན་བང་ཆ་བང་རིམ་གསུམ།
           བང་གན་ན་མིང་གསུམ་ངས་གཅིག་འདོགས།
           བང་གོང་མ་འབྲུག་ཆུང་གྲགས་ས་རེད།
           བང་བར་མ་གློག་དམར་འཁྱུག་ས་རེད།
           བང་ཞོལ་མ་ཆར་ཆུ་འབབ་ས་རེད།
           བང་གན་གི་མིང་གསུམ་དེ་མོ་རེད།

           སྡེ་ཆེ་པོ་བང་ཆ་བང་རིམ་གསུམ།
           བང་གན་ན་མིང་གསུམ་ངས་གཅིག་འདོགས།
           བང་གོང་མ་རོགས་ལོ་རྩེད་ས་རེད།
           བང་བར་མ་ཚིག་གསུམ་བཤད་ས་རེད།
           བང་ཞོལ་མ་སྣང་བ་མཐུན་ས་རེད།
           བང་གན་གི་མིང་གསུམ་དེ་མོ་རེད།

མོ         ནང་བྱ་བརྒྱ་དགུང་ལ་ཚོགས་དུས་སུ།
            བྱ་མང་བོས་ནམ་འཕང་མི་གཏོད་ཀི
            ང་ཁེར་མོས་གཏད་ས་མི་འགྲོ་གི

           ནང་རྟ་བརྒྱ་ཐང་ལ་འཚོགས་དུས་སུ།
           རྟ་མང་བོས་བྱང་ལམ་མི་བསྐྱོད་ཀི
           ང་ཁེར་མོས་བསྐྱོད་ས་མི་འགྲོ་གི

ཕོ         དགུང་ཨ་སྔོན་མ་བརྡུང་མཁར་རེད།
           འབྲུག་ཕོ་ཆུང་མ་བཞེང་ལྷ་རེད།
           ཆར་ཟིལ་མ་འཛད་མེད་མཛོད་རེད།
           ཆུ་འཛད་མེད་མཛོད་བདག་འབྲུག་རེད།

           རྫ་ཁྲ་ཡག་མ་བརྡུང་མཁར་རེད།
           འབྲོང་བྲེ་སེར་མ་བཞེང་ལྷ་རེད།
           རྩྭ་རྩི་ཏོག་འཛད་མེད་མཛོད་རེད།
           རྩྭ་འཛད་མེད་མཛོད་བདག་འབྲོང་རེད།

           སྡེ་ཆེ་པོ་མ་བརྡུང་མཁར་རེད།
           རོགས་ཆུང་ལོ་མ་བཞེང་ལྷ་རེད།
           ཁ་ལ་གཞས་འཛད་མེད་མཛོད་རེད།
           ཚིག་འཛད་མེད་མཛོད་བདག་རོགས་རེད།

མོ         འདི་ཤོག་དཀར་ཤོག་དམར་བར་ལ།
           ངས་གསེར་ཡིག་དགོས་ནོ་མ་ཤེས།
           གསེར་ཡིག་དགོས་ནོ་ཤེས་རྒྱུ་ན།
           ངའི་ཕ་ས་གསེར་ལུང་རྫོང་ན་ཡོད།

           རོགས་ཁྱོད་དང་ང་གཉིས་བར་ལ།
           ངས་ལ་གཞས་དགོས་ནོ་མ་ཤེས།
           ངས་ལ་གཞས་དགོས་ནོ་ཤེས་རྒྱུ་ན།
           ངའི་མ་ས་ལ་གཞས་རྫོང་ན་ཡོད།

ཕོ         ཆར་འདི་ཡིས་འབབ་ལ་མ་འདོད།
           ཆར་འདི་ཡིས་འབབ་ལ་འདོད་རྒྱུ་ན།
           ཕྲུག་ཐེབ་བརྒྱའི་ཆུ་ལྭ་ལོས་འཛིན།
           རང་མེད་རུང་གཞན་ནས་གཡར་ཆོག

          ཁ་ལ་གཞས་ལེན་དགོས་མ་འདོད།
          ཁ་ལ་གཞས་ལེན་དགོས་འདོད་རྒྱུ་ན།
          ཁ་ལ་གཞས་ཚིག་རྐང་ལོས་བསྒྲིག
          ངས་མི་ཤེས་སྡེ་ནས་བསླབ་ཆོག

མོ        ཕོ་ཁྱོད་ཚོའི་ས་ཆ་མི་ཤེས།
          མ་ང་ཚོའི་ས་དང་འདྲ་ན།
          རྟ་མེད་ན་སྟོད་ལ་མི་འགྲོ།
          དྲེལ་མེད་ན་ཧོ་ཤུ་མི་རྒྱག

          ཕོ་ཁྱོད་ཚོའི་ས་ཆ་མི་ཤེས།
          མ་ང་ཚོའི་ས་དང་འདྲ་ན།
          རོགས་མེད་ན་གྲོང་ལ་མི་འགྲོ
          ཚིག་མེད་ན་ལ་གཞས་མི་ལེན།

ཕོ        དགུང་ཨ་སྔོན་ལྷ་ཁང་ལྷོ་སྒོ་རེད།
          སྤྲིན་དཀར་དམར་ལྷ་ཁང་སྒོ་དར་རེད།
          འབབ་ཤེས་ན་ཆར་བ་འཛད་མེད་ཡིན།

          སྡེ་ཆེ་པོ་མར་ཁུ་མཚོ་མོ་རེད།
          རོགས་ཆུང་ལོ་པདྨ་དཀར་པོ་རེད།
          རྩེ་ཤེས་ན་ལ་གཞས་འཛད་མེད་ཡིན།

མོ         རྟ་ར་སྒ་གི་བར་ལ།
           ངས་འབྲེལ་ཞིག་བཞག་ན་འདོད་ཡོད།
           སྒ་གཡོག་གྲུ་བཞི་མེད་ལ།
           འབྲེལ་ཅི་ཡིས་འཇོག་དགོས་ཤེས་མེད།

           རོགས་ཁྱོད་ར་འུ་གཉིས་བར་ལ།
           ངས་འབྲེལ་ཞིག་བཞག་ན་འདོད་ཡོད།
           ཚིག་སྙན་མོ་ལ་གཞས་མེད་ལ།
           འབྲེལ་ཅི་ཡིས་འཇོག་དགོས་ཤེས་མེད།

ཕོ         རྟ་དཀར་པོའི་གོང་དུ་བུད་བུད་ལ།
           སྤང་སེར་པོར་དཀྲིས་གསུམ་རྒྱག་ལ་འགྲོ།
           འདི་ཡང་ཡང་རྟ་ལ་མི་བཞོན་གི
           ཡང་ཞོན་རུང་བྱང་ལམ་མི་གཅིག་གི

           སྟག་ཤ་རའི་སྐྱེས་བ་བླངས་བླངས་ལ།
           སྨན་བུ་མོར་ཚིག་གསུམ་བཤད་ལ་འགྲོ
           འདི་ཡང་ཡང་སྡེ་ལ་མི་འོང་གི
           ཡང་ཡོང་རུང་རོགས་ལོར་མི་ཐུག་གི

མོ         མགོ་ཝ་མོ་ཞྭ་ཡི་སྟེང་གི
           ས་སྐུ་འབུམ་ཇ་ལ་ཡག་གི
           ནམ་ཡིན་རུང་ཉོས་ན་འདོད་གི

           ཁའི་དུང་སོ་སུམ་བཅུའི་བར་གི
           ཁ་ལ་གཞས་ལེན་སྲོལ་ཡག་གི
           ནམ་ཡིན་རུང་རྩེ་ན་འདོད་གི

ཕོ          ཆུ་རྨ་ཆུ་ཡག་ནོ་འོ་མ་རེད།
            ཁ་རྨ་དར་ཆགས་ནོ་འབྲི་མར་རེད།
            ཉ་གསེར་ལོ་འཁོར་ནོ་དེའི་དོན་རེད།

            སྡེ་ཆེ་པོ་ཡག་ནོ་ལྷ་ཁང་རེད།
            རོགས་ཆུང་ལོ་ཡག་ནོ་ལྷ་སྐུ་རེད།
            སྟག་ཤ་ར་འཁོར་ནོ་དེའི་དོན་རེད།

མོ          ཁྱོད་བྱ་རྒྱལ་གླག་མོ་ཟེར་ནོ།
            དགུང་ནམ་འཕང་སྟོད་རབ་བཤད་གི
            རླུང་སྔོན་ནས་གཡུགས་ནས་འདུག་གི

            ཁྱོད་ཕ་བཟང་བྱིས་ལི་ཟེར་ནོ།
            རོགས་གང་མང་རྩེ་རབ་བཤད་ཀི
            རོགས་རྩེ་སྐབས་ལ་གཞས་མེད་ཀི

ཕོ          ང་གཞན་ཡོང་ཐང་དཀར་རྒོད་པོ།
            ང་གཞན་ཕྱོགས་གཞན་ཕྱོགས་མ་ཟེར།
            ང་གཞན་ན་འབབ་ས་མེད་ནི་མིན།
            གཅིག་ཡོད་ལས་ངོམ་གི་ཡོང་ནི་མིན།
            ས་འདི་ཡི་བྲག་རི་བདེ་གི་ཟེར།
            ང་ཨེ་བདེར་བལྟ་གི་ཡོང་ནི་ཡིན།

            ང་གཞན་ཡོང་ཕ་བཟང་བྱི་ལི།
            ང་གཞན་མི་གཞན་མི་མ་ཟེར།
            ང་རང་སྡེ་རྩེ་ས་མེད་ནི་མིན།
            གཅིག་ཡོད་ལས་ངོམ་གི་ཡོང་ནི་མིན།
            ས་འདི་གི་རོགས་ལོ་མཐུན་གི་ཟེར།
            ང་ཨེ་མཐུན་བལྟ་གི་ཡོང་ནི་ཡིན


སྐབས་སྔོན་མ། མེད།
སྐབས་རྗེས་མ། མེད།
མཉམ་སྤྱོད།