མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བོད་རིགས།

2022-11-16 21:51:42   |   295

བོད་རིགས།

བོད་རིགས(藏族)ལ་སྤྱི་སྡོམ་པའི་མི་གྲངས6282180ལྷག་ཡོད་ཅིང་། དེ་དག་གཙོ་བོ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་པ་ཡིན།

བོད་ལ་རང་གི་སྐད་དང་ཡི་གེ་ཡོད་པ་མ་ཟད། རིག་གནས་ཆེ་བཅུ་ཆུང་བཅུ་ཞེས་པའི་མ་ལག་ཅུང་ཟད་ཚང་བའི་རང་གི་རིག་གནས་ནོམ་པ་ཡོད།

བོད་རིགས་ཀྱི་མེས་པོ་རྣམས་གནའ་བོའི་དུས་ནས་ཡར་ཀླུང་གཙང་བོའི་དཀྱིལ་རྒྱུད་ཀྱི་འགྲམ་གཉིས་སུ་འཚོ་སྡོད་བྱས་ཡོད་ཅིང་།དུས་རབས་དྲུག་པའི་དུས་སུ། ལྷོ་ཁ་ས་ཆའི་ཡར་ཀླུང་ཚོ་བའི་མགོ་གཙོ་དེ་ས་དེའི་ཚོ་བ་ཁག་གི་གཙོ་འཛིན་ཏུ་གྱུར་ཏེ། མཚན་ལ་བཙན་པོ་རུ་གསོལ། དུས་རབས་བདུན་པའི་དུས་སྟོད་དུ། བཙན་པོ་སྲོང་བཙན་སྒམ་པོས་བོད་ལྗོངས་ཀྱི་ས་ཆ་ཧྲིལ་པོ་གཅིག་གྱུར་བྱས་ནས་རྒྱལ་ས་ལྷ་ས་རུ་གནས་སྤར་ཞིང་། རྒྱའི་ལོ་རྒྱུས་ཀྱི་དེབ་ཐེར་ཁག་གི་ནང་དུའང་བོད་ཆེན་པོ(吐蕃)ཞེས་འབོད། བོད་ཀྱི་སྲིད་དབང་བཙུགས་རྗེས། ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། སྤྱི་ལོ641ལོར་བཙན་པོ་སྲོང་བཙན་སྒམ་པོ་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་དང་གཉེན་བསྒྲིགས་ཤིང་། ཐང་རྒྱལ་རབས་ཀྱིས་ཁོང་ལ་གོང་མའི་མག་པ་དང་ནུབ་ཡུལ་གྱི་ཆོས་རྒྱལ་ཆེན་པོ་ཞེས་པའི་ཆོ་ལོ་བསྩལ།

སྤྱི་ལོ710ལོར་བཙན་པོ་ཁྲི་ལྡེ་གཙུག་བརྟན་ཐང་རྒྱལ་རབས་ཀྱི་ཅིན་ཁྲིན་ཀོང་ཇོ་དང་གཉེན་བསྒྲིགས་པས། རྒྱའི་ཤར་ཕྱོགས་ཀྱི་དབུས་ཁུལ་ས་ཆའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་དང་འབྲེལ་འདྲིས་བྱས་པར་བརྟེན་ནས། བོད་ཀྱི་སྤྱི་ཚོགས་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་རེད།

སྤྱི་ལོ་དུས་རབས་བདུན་པ་ནས་ཐུབ་པའི་བསྟན་པ་རྒྱ་གར་ནས་བོད་དུ་དར་མགོ་བརྩམས་ཤིང་ད་རག་བར་དུ་ལོ1300ལྷག་གི་ལོ་རྒྱུས་ཡོད་པ་རེད། སྤྱི་ལོ་དུས་རབས་བཅུ་གསུམ་ནས་བཅུ་དྲུག་གི་དུས་དཀྱིལ་དུ། ཐུབ་བསྟན་ཆོས་ལུགས་རིམ་གྱིས་བོད་དུ་དར་ཁྱབ་བྱུང་ཞིང་། ཐུབ་བསྟན་ཆོས་ལུགས་ཀྱི་ཆོ་ག་དང་ལས་དོན་སྤེལ་ཚད་ཇེ་མང་དུ་སོང་ལ། ཐུབ་བསྟན་ཆོས་ལུགས་ཀྱི་དགོན་པའང་བོད་ལྗོངས་ཀྱི་ས་གནས་སོ་སོར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་།  བོད་དུ་སྙན་གྲགས་ཆེ་བའི་དགོན་པ་ལ་དགའ་ལྡན་དང་འབྲས་སྤུངས། སེ་ར། བཀྲ་ཤིས་ལྷུན་པོ་སོགས་དགོན་ལག་ཆེ་ཆུང་མང་པོ་ཡོད།

བོད་པ་རྣམས་རྩམ་པ་ཟ་བ་དང་། དཀྲུགས་ཇ་དང་ནས་ཆང་འཐུང་བར་དགའ།

བོད་ཀྱི་སྐྱེ་ཕོ་མོའི་རྒྱན་ཆ་དང་གྱོན་ཆས་སོགས་མ་ཉམས་པར་གནས་ཡོད་ལ། ས་གནས་མི་གཅིག་པ་ལ་རྒྱན་ཆས་ཀྱང་མི་འདྲ་བ་མང་བོ་ཡོད། དེ་དག་གི་ཁྱད་ཆོས་གཙོ་བོ་ཕུ་ཐུང་རིང་ལ་སྐེད་ཁོད་ཡངས་པ་དང་། གོས་མཐའ་དང་ཐུ་བ་ཅུང་ཆེ། བུད་མེད་ཚོས་དགུན་གྱི་དུས་སུ་ལྭ་རིང་དང་སློག་པ་གྱོན་ལ། དབྱར་གྱི་དུས་སུ་ཕུ་ཐུང་མེད་པའི་ལྭ་རིང་དང་། མདོག་སྣ་ཚོགས་སམ་ཡང་ན་ཚོན་རིས་རྣམ་པར་བཀྲ་བའི་ཚི་ལེན་དང་། མདུན་ལ་ཚོན་རིས་བཀྲ་བའི་པང་ཁེབས་སོགས་གྱོན་པ་རེད། ནང་སྒོས་སུ་བོད་རིགས་སྤུན་ཟླ་རྣམས་དྲི་མེད་ཀྱི་ཁ་བཏགས་དཀར་པོར་དགའ་བ་དང་། དེ་ནི་རྩ་ཆེ་ཞིང་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཤིག་གི་མཚོན་བྱེད་དུ་བརྩིས། ཁ་བཏགས་ནི་དྲི་མེད་གངས་ལས་དཀར་ཞིང་། དགའ་སྟོན་ལ་རོལ་བ་དང་ཡང་ན་ཐག་རིང་གི་མགྲོན་པོ། སྐྱེས་ཆེན་དང་རྒན་རབས་པར་མཇལ་འཕྲད། ཐང་རིང་ལ་འགྲོ་བའི་གཉེན་ཉེ་དང་སྐུ་མགྲོན་བསུ་སྐྱེལ་སོགས་བྱེད་སྐབས། ཁ་བཏགས་ཕུལ་ཏེ་གུས་བཀུར་དང་ལྷད་མེད་ཀྱི་བསམ་པ་མཚོན་པར་བྱེད།

བོད་རིགས་ནི་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་དང་ཀན་སུའུ། ཡུན་ནན་སོགས་ཞིང་ལྗོངས་ལྔའི་ས་ཆར་ཁྱབ་ཡོད་པས། ས་ཆ་དེ་དག་གི་རྒྱན་གོས་ལའང་རིགས་དང་རྣམ་པ་སྣ་ཚོགས་ཡོད་ལ། སྐྱེས་པ་ཚོས་གྱོན་ན་ཟིལ་ཤུགས་དང་རྔམ་བརྗིད་ཀྱི་ཉམས་ལྡན་ལ།  སྐྱེས་མ་ཚོས་གྱོན་ན་མཛེས་སྡུག་ཡིད་དུ་འོང་བ་དང་། ཁྱད་པར་དུ་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེས་གྲུབ་པའི་རྒྱན་ཆས་སྤྲས་ཚེ། མཐོ་སྒང་བུད་མེད་ཀྱི་ཁྱད་ཆོས་དང་སྣང་བརྙན་འབུར་དུ་ཐོན་ཐུབ་པ་ཡིན།

བོད་མི་རིགས་ཀྱིས་ལོ་གསར་ལ་རོལ་དུས་བོད་ལུགས་ཀྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་ནས་མགོ་རྩོམ་པ་ཡིན། དགོང་མོའི་དུས་སུ་ཁྱིམ་ཚང་སོ་སོའི་ཁྱིམ་མི་ཚང་མ་མཉམ་དུ་འཛོམས་ཏེ། དགུ་ཐུག་འཐུང་བ་དང་། དེ་ནི་རྙིང་བ་དོར་ནས་གསར་བ་བསུ་བ་དང་ཞི་བདེ་དང་བཀྲ་ཤིས་འབྱུང་བའི་རྟགས་མཚན་ཡིན། ཁྱིམ་མི་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དགུ་ཐུག་ལ་རོལ་རྗེས། དཔལ་འབར་ལག་ཏུ་ཐོགས་ཤིང་ཤོག་སྦག་རྒྱག་བཞིན་ཀི་ཀི་བསོ་བསོས་ལྷ་རྒྱལ་ལོ་ཞེས་པའི་སྒྲ་དང་བཅས་ཏེ། ལམ་བཞི་མདོ་ཞིག་ཏུ་སོང་ནས་སང་ལོའི་རྟེན་འབྲེལ་སྒྲིག་པ་དང་ཐམས་ཅད་བགྱི་བ་ཡར་ལྡན་དུ་འགྲོ་བའི་སྨོན་ལམ་འདེབས་པ་ཡིན།

བོད་ལུགས་ལོ་གསར་གྱི་གནམ་གང་དགོང་མོ་ནི་བྲེལ་འཚུབ་ཆེ་ཞིང་སྤྲོ་སྐྱིད་ལྡན་པའི་ཉིན་མོ་ཞིན་ཡིན་ཞིང་། ཉིན་དེར། ཁྱིམ་གྱི་ཁང་མིག་སོ་སོ་དང་རང་གི་ལུས་ཕུང་ལ་གཙང་སྦྲ་བྱེད་པ་ལས་གཞན་ད་རུང་ཁྱིམ་ཚང་སོ་སོས་གྲོ་སོ་ཕྱེ་མའི་སྣོད་དུ་མར་གྱིས་བརྫིས་པའི་རྩམ་པ་དང་། ཡོས། གྲོ་མ་སོགས་ཟས་སྣ་ཕུན་སུམ་ཚོགས་པ་སྒྲིག་ཤོམ་བྱས་སྟེ། དེའི་སྟེང་དུ་ནས་འབྲུའི་སྙེ་མ་དང་མར་གྱིས་བཟོས་པའི་མེ་ཏོག་སྣ་ཚོགས་ཀྱང་འཛུགས་པ་ཡིན། དེའི་རྗེས་སུ་ཟས་རིགས་སྣ་ཚོགས་དང་། ནས་ཆང་། ལུག་མགོ སིལ་ཏོག་དང་ཇ་ལོ། མར་དང་ཚྭ་སོགས་བོད་ཁང་དཀྱིལ་དབུས་ཀྱི་མཆོད་མདུན་དུ་བཤམས་ཏེ། སྒོ་ཆེན་གྱི་མདུན་དུ་རྩམ་པ་དང་དཀར་རག་གིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲིས་ཏེ། ལོ་གསར་བའི་ནང་དུ་འབྲུ་རིགས་སྣ་ལྔས་ལོ་ལེགས་འབྱུང་ཞིང་མི་ཕྱུགས་ཀྱི་འཕེལ་ཁ་འཛོམས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བོད་རིགས་མི་དམངས་ཀྱིས་འོད་སྟོང་འབར་པའི་མི་རིགས་རང་གི་རིག་གནས་གསར་གཏོད་བྱས་པ་དང་། དེ་མིན་རྩོམ་རིག་དང་གླུ་དབྱངས། ཞབས་བྲོ་དང་མཛེས་རིས། བརྐོས་རིས་དང་བཟོ་སྐྲུན་མཛེས་རྩལ་སོགས་ཀྱི་ཐད་ནས་ཀྱང་ཕུན་སུམ་ཚོགས་ཤིང་རྨད་དུ་བྱུང་བའི་རིག་གནས་ཀྱི་ཤུལ་བཞག་ཡོད་ལ། གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ན་མིང་དུ་གྲགས་པའི་དཔལ་བོའི་ལོ་རྒྱུས་བརྫོད་པའི་སྙན་རྩོམ་རིང་མོ་ཡིན། 



མཉམ་སྤྱོད།