དེ་རིང་ནི2025ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རོང་འབྲོག་ས་ཁུལ་གྱི་འཐུང་ཆུ་མཁོ་འདོན་འགན་སྲུང་ལ་དམིགས་ཏེ་དམངས་ཚིས་རྨང་གཞི་སྲ་བརྟན་དུ་བཏང་།

2025-09-11 10:54:31   |   30

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་སྲིད་གཞུང་གིས་ཁས་བླངས་པའི་དམངས་ཚིས་དོན་དངོས་དགུ་ལེགས་པོར་སྒྲུབ་པ་གནད་འགག་ཏུ་བཟུང་སྟེ། རོང་འབྲོག་ས་ཁུལ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་འགག་རྩའི་ལས་རིམ་ལ་དམིགས་ནས་སྟོབས་ཤུགས་གཅིག་སྡུད་དང་གནད་འཁེལ་ཇུས་བསྟར་སྒོས་ཆུ་ཁུངས་དོ་དམ་དང་རྣམ་གྲངས་འཛུགས་སྐྲུན། འགན་འཁྲི་དོན་འཁྱོལ་སོགས་ཀྱི་ཐད་ལ་ཤུགས་བསྣན་ཏེ། བདེ་འཇགས་དང་བརྟན་འཇགས། ནུས་མཐོའི་རོང་འབྲོག་ས་ཁུལ་གྱི་འཐུང་ཆུ་མཁོ་འདོན་མ་ལག་འཛུགས་སྐྲུན་བྱས་ནས། འཐུང་ཆུ་མཁོ་འདོན་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱིས“བློ་བདེའི་ཆུ”འཐུང་ཐུབ་པར་ཁག་ཐེག་བྱས་ཡོད།

གནད་དོན་གྲལ་བཤེར་བྱེད་པར་ཤུགས་བསྣན་པ།“སྡེ་བ་གཅིག་མི་ལྷག་པ་དང་ཁྱིམ་ཚང་གཅིག་མི་ལུས་པ། དོན་ཚན་གཅིག་མི་ཆད་པ་བཅས་ཚད་གཞིར་བྱས་ཏེ། ཆུ་ཁུངས་འགན་སྲུང་དང་ཆུ་སྤུས་ཚད་ལོངས། སྦུག་ལམ་འཁོར་སྐྱོད། དོ་དམ་སྲུང་སྐྱོང་སོགས་ཕྱོགས་བཞི་ལ་དམིགས་ནས། རྫོང་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་འཐུང་ཆུ་མཁོ་འདོན་ལས་དོན་ལ་རྒྱུན་ལྡན་གྱི་སྒོ་ནས་ཐེངས་མང་པོར་ཚད་མཐོའི་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཆུའི་ཚད་མི་འདང་བ་དང་ཆུ་སྤུས་མི་བཟང་བ། ཆུའི་གནོན་ཤུགས་མི་བརྟན་པ་སོགས་མང་ཚོགས་ལ་བསམ་འཆར་འབྱུང་སླ་བའི་གནད་དོན་ཞིབ་བཤེར་བྱས། དེ་དང་ཆབས་ཅིག12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཀྱི་གནད་དོན་ལ་ལན་བསྐྱོན་པ་དང་གནད་དོན་གྱི་རྩིས་ཐོ་རེ་རེ་བཞིན་མེད་པར་བཟོ་བར་ཁག་ཐེག་བྱས།

རྣམ་གྲངས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ། རིགས་མི་གཅིག་པའི་མ་དངུལ་སྒོར་ཁྲི1131དོན་ཐོག་ཏུ་འཁྱོལ་བར་བརྩོན་ལེན་བྱས་ནས། རྐང་ཚ་རྫོང་གི་རོང་འབྲོག་ས་ཁུལ་གྱི་འཐུང་ཆུ་མཁོ་འདོན་ལས་གཞིའི་ཆུ་སྤུས་མཐོར་འདེགས་གཏོང་བ་སོགས་རྣམ་གྲངས་ལག་བསྟར་བྱས་པ་དང་། ཚད་ལྡན་ཅན་གྱི་སྒྲིག་ཆས་དོ་དམ་ཁང14དང་སྟེམ་སྒོའི་དོང་སོགས་ཀྱི་སྒྲིག་ཆས་ཆ་ཚང་གསར་དུ་བསྐྲུན་པར་མ་ཟད། འཐུང་ཆུ་མཁོ་འདོན་སྦུག་ལམ31གི་དུག་སེལ་སྒྲིག་བཀོད་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་དང་། ཡུལ་ཚོ་དང་གྲོང་རྡལ5ཡི་སྲིད་འཛིན་སྡེ་བ23གྱི་རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་ཆ་རྐྱེན་ཐད་ཀར་ལེགས་བཅོས་བྱས་ཏེ། རོང་འབྲོག་མང་ཚོགས་ཁྲི1.81ལ་ཕན་ཁེ་ཐོབ་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྔོན་དཔག་བྱས་ན95%ལས་བརྒལ་ཡོད།

འཁོར་སྐྱོད་དོ་དམ་སྲུང་སྐྱོང་བྱེད་པར་ཤུགས་བསྣན་པ། “རྫོང་གི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ཆུ་བེད་བྱ་གཞག་སྡེ་ཁག་གི་འཁོར་སྐྱོད་དོ་དམ། ཉོ་སྒྲུབ་ཁེ་ལས་ཀྱི་ཞབས་ཞུ་སྐྱེལ་འདྲེན་བདག་སྐྱོང”གི་ཕྱོགས་བསྡུས་རྣམ་པ་སྤྱད་དེ་ཞིག་གསོའི་བདག་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། འཁོར་སྐྱོད་སྲུང་སྐྱོང་དང་དུས་ཚིགས་ལྟར་ཆུ་སྤུས་བཤེར་འཇལ་བྱས་པ་དང་། དུས་ལྟར་འཐུང་ཆུ་མཁོ་འདོན་གནད་དོན་ཐག་གཅོད་བྱས་པས། རྫོང་ཡོངས་ཀྱི་གཅིག་བསྡུས་རྣམ་པའི་འཐུང་ཆུ་མཁོ་འདོན་བཟོ་སྐྲུན་དང་ཁ་ཐོར་རྣམ་པའི་འཐུང་ཆུ་མཁོ་འདོན་བཟོ་སྐྲུན25ཡི་འཁོར་སྐྱོད་རྣམ་པ་ལེགས་པ་དང་། འཐུང་ཆུ་མཁོ་འདོན་འགན་སྲུང་ཚད90%ཡན་རྒྱུན་འཁྱོངས་བྱས་ཡོད།

བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ།  རྐང་ཚ་རྫོང་གི་རོང་འབྲོག་ས་ཁུལ་གྱི་འཐུང་ཆུ་མཁོ་འདོན་འགན་སྲུང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཅིག་ནས་འཐུང་ཆུ་མཁོ་འདོན་བཟོ་སྐྲུན་འཁོར་སྐྱོད་བརྟན་པོ་དང་ཆུ་སྤུས་བདེ་འཇགས་འགན་སྲུང་ཐུབ་ཡོད། གཉིས་ནས་དོ་དམ་འགན་འཁྲིའི་མ་ལག་བཙུགས་ནས་བྱ་བའི་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། གསུམ་ནས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཡོད། བཞི་ནས་རྣམ་གྲངས་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བརྩོན་ལེན་བྱས་ནས་འཐུང་ཆུ་མཁོ་འདོན་འགན་སྲུང་དང་ཆུ་སྤུས་མཐོར་འདེགས་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་ཡོད། ལྔ་ནས་ཧུར་ཐག་གིས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། རོང་འབྲོག་ས་ཁུལ་གྱི་འཐུང་ཆུ་མཁོ་འདོན་བཟོ་སྐྲུན་ལ་སྐུལ་འདེད་བཏང་ནས་རྫོང་ཁོངས་ཀྱི་གཅིག་གྱུར་དོ་དམ་དང་དམིགས་བསལ་ཆོག་མཆན་བདག་གཉེར་མངོན་འགྱུར་བྱུང་སྟེ། ས་བབ་ཁ་ཐོར་དང་མི་སྣ་དཀོན་པའི་གནད་དོན་སེལ་བར་རིག་ལམ་གསར་པ་འདོན་སྤྲོད་བྱས་ཡོད།

རྗེས་མར་རྐང་ཚ་རྫོང་གིས་རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་གནད་དོན་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་གཞི་རྩའི་འགན་སྲུང་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཁུངས་ས་ཁུལ་སྲུང་སྐྱོང་དང་ཆུ་འདོན་སྦུག་ལམ་སྲུང་སྐྱོང་། ཆུ་སྤུས་བཤེར་འཇལ། མཁོ་སྒྲུབ་དོ་དམ་སོགས་འགག་རྩའི་ལས་རིམ་ལ་དམིགས་ནས། ནན་ཏན་སྒོས་ཇུས་འགོད་གྲབས་གསོག་རྣམ་གྲངས་ལ་ཞིབ་འཇུག་དང་། རྣམ་གྲངས་ལག་བསྟར་གྱི་མྱུར་ཚད་ཇེ་མགྱོགས་དང་ལས་གཞི་འཛུགས་སྐྲུན་དོ་དམ་ཇེ་ལེགས་སུ་བཏང་སྟེ། འཐུང་ཆུ་མཁོ་འདོན་བཟོ་སྐྲུན་འཁོར་སྐྱོད་དོ་དམ་སྲུང་སྐྱོང་དང་ཕྱོགས་མང་མཉམ་སྒྲུབ་ཀྱིས་རོང་འབྲོག་ས་ཁུལ་གྱི་འཐུང་ཆུ་མཁོ་འདོན་བཟོ་སྐྲུན་གྱི་ཞན་ཆ་ཁ་གསབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རོང་འབྲོག་ས་ཁུལ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད།



མཉམ་སྤྱོད།