དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ལ་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀླུང་བཅས་ཀྱི་སྐྱེ་ཁམས་ཐོན་ཁུངས་བརྒྱད་ཡོད་ཟེར་དོན་ཅི།

2024-10-22 15:18:57   |   553

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགསབཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ལ་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀླུང་བཅས་ཀྱི་སྐྱེ་ཁམས་ཐོན་ཁུངས་བརྒྱད་ཡོད་དེ། དེ་རུ་བརྗིད་ཉམས་ལྡན་པའི་ཁུ་ནུ་རི་བོ་དང་མདོ་ལ་རིང་མོ་ལྟ་བུའི་རི་རྒྱུད་དང་། ལྷུང་ལྷུང་འབབ་པའི་རྨ་འབྲི་རྫ་གསུམ། ཚང་ཚིང་འཁྲིགས་པའི་ནགས་ཚལ། འབྲུ་དྲུག་སྙེ་མ་ལྡེམ་པའི་ཞིང་ས། གནམ་སྔོན་ཐང་ལ་ལྷུང་འདྲའི་མཚོ་སྔོན་པོ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། མུ་མཐའ་བྲལ་བའི་བྱེ་ཐང་། རྔམ་མཐུག་པའི་འཁྱགས་ཀླུང་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པས། སྐྱེ་ཁམས་ཀྱི་ནོར་མཛོད་ལྟ་བུ་ཞིག་ཡིན། 

图片1.jpg

གཅིག རི་བོ། 

མཚོ་སྔོན་ནི་མདོ་དབུས་མཐོ་སྒང་དུ་ཡོད་ལ། དེ་རུ་ཁུ་ནུ་རི་བོ་དང་མདོ་ལ་རིང་མོ་སོགས་བརྗིད་ཉམས་ལྡན་པའི་རི་རྒྱུད་མང་པོ་ཡོད། ཁུ་ནུ་རི་བོ་ཡིས་མཚོ་སྔོན་གྱི་མངའ་ཁོངས་ཧྲིལ་བོ་འཕྲེད་ཀྱིས་བཅད་ཡོད་ཅིང་།  “རི་བོ་ཁྲི་ཡི་མེས་པོ”ཞེས་པའི་མཚན་སྙན་ལྡན། རི་རྒྱུད་གྱ་གྱུར་འཐེན་ཞིང་རྔམ་བརྗིད་རབ་ཏུ་འབར། མདོ་ལ་རིང་མོ་ཡིས་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་བར་མཚམས་འཕྲེད་ཀྱིས་བཅད་ཡོད་ལ། རི་རབ་ཀྱི་གཏོས་ཆེ་ལ་རྩི་ཤིང་ཕུན་སུམ་ཚོགས། རི་འདབས་ནས་རི་རྩེ་བར་རྣམ་པ་མི་འདྲ་བའི་རང་བྱུང་ལྗོངས་རྣམ་མངོན་ཡོད་ཅིང་། རི་རྒྱུད་དེ་དག་ནི་ཆུ་ཀླུང་མང་པོའི་མགོ་ཁུངས་དང་ཆུ་མཚམས་འབྱེད་རི་ཡིན་པར་མ་ཟད། མཚོ་སྔོན་གྱི་ཆུ་ལག་ཁྱབ་ཚུལ་ལ་རྨང་གཞིའི་ས་དབྱིབས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱས་ཡོད། རི་རྒྱུད་ཡོད་པས་རླུང་ཁམས་ཆེན་མོར་ཤུགས་རྐྱེན་ཐེབས་ཏེ། མཚོ་སྔོན་གྱི་ས་ཁུལ་ཁག་ལ་ཆར་ཆུའི་འབབ་ཚད་ཕུན་སུམ་ཚོགས་པར་བྱས་པའི་ཐོག རྩི་ཤིང་གི་སྐྱེ་འཚར་དང་སྐྱེ་ཁམས་མ་ལག་གི་བརྟན་འཇགས་ལ་ཆུའི་འགན་སྲུང་འདོན་སྤྲོད་བྱས་ཡོད། དུས་མཚུངས་སུ། རི་རྒྱུད་ནི་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་མང་པོའི་འཚོ་གནས་བྱེད་ས་ཡིན་ཏེ། དཔེར་ན་མདོ་ལ་རིང་མོ་རུ་གསའ་དང་ཤྭ་བ་མཆུ་དཀར། གླ་སྐྱ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡོད་པར་མ་ཟད། གངས་ལྷ་མེ་ཏོག་དང་དབྱར་རྩྭ་དགུན་འབུ་སོགས་ཀྱི་རྩི་ཤིང་རྩ་ཆེན་ཡང་ཡོད། 

图片2.jpg

གཉིས། ཆུ་བོ། 

མཚོ་སྔོན་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་ལ། གཙང་གསུམ་འབྱུང་ཡུལ་དང་ཀྲུང་གོའི་ཆུ་ལྕོག་སོགས་ཀྱི་མཚན་སྙན་ཡོད། རྨ་ཆུའི་སྤྱིའི་ཆུ་འབོར་གྱི49%དང་། འབྲི་ཆུའི་སྤྱིའི་ཆུ་འབོར་གྱི25% རྫ་ཆུའི་སྤྱིའི་ཆུ་འབོར་གྱི15%བཅས་ཚང་མ་གནས་འདི་ནས་འབབ་བཞིན་ཡོད། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གངས་རི་དང་འཁྱགས་ཀླུང་ཞུ་བ་ལས་བྱུང་བའི་ཆུ་དང་ཆར་ཆུ་སོགས་མཉམ་དུ་འདྲེས་ནས་ཆུ་ཀླུང་དང་མཚེའུ་མང་པོ་གྲུབ་ཡོད། 

图片3.jpg

གསུམ། ནགས་ཚལ། 

མཚོ་སྔོན་གྱི་ནགས་ཚལ་ནི་གཙོ་བོ་རི་ཁུལ་ཁག་ལ་ཁྱབ་ཡོད་དེ། དཔེར་ན་མདོ་ལ་རིང་མོའི་རི་ཁུལ་ལྟ་བུ། མདོ་ལ་རིང་མོའི་རི་ཁུལ་དུ་ནགས་ཚལ་ཚང་ཚིང་འཁྲིགས་ལ་སྔོ་ཁེབས་མང་ཆེ་བ་སྤྲིན་གསོམ་དང་རྒྱ་ཤུག་སོགས་ཁབ་ལོའི་ནགས་ཡིན། དེ་ལས་གཞན། མཚོ་སྔོན་གྱི་ཤར་རྒྱུད་ས་ཆའི་ཙོང་ཆུའི་གྲོག་རོང་སོགས་སུ་མིས་བཟོས་ནགས་ཚལ་དང་སླར་སྐྱེའི་ནགས་ཚལ་ཡོད། 

图片4.jpg

བཞི། ཞིང་ས། 

མཚོ་སྔོན་དུ་རྨོ་འདེབས་ལ་འཚམ་པའི་ཞིང་ཁའི་ས་ཁོངས་འགའ་རེ་ཡོད་ཅིང་། དེ་དག་གཙོ་བོ་ཙོང་ཆུའི་གྲོག་རོང་སོགས་ཀྱི་ས་ཁུལ་དུ་ཡོད། ས་གནས་དེ་གའི་ཞིང་ཁ་ལ་གཙོ་བོ་ནས་དང་གྲོ། སྣུམ་ཚལ་སོགས་ཀྱི་ལོ་ཏོག་ཡོད་ཅིང་། དེའི་ཁྲོད་དུ་ནས་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལོ་ཏོག་ཡིན། 

ལྔ། མཚེའུ། 

མཚོ་སྔོན་གྱི་མངའ་ཁོངས་སུ་མཚེའུ་མང་པོ་ཡོད་ལ། ལོ་རྟག་པར་ཆུ་ངོས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1གི་ཡན་ཡོད་པའི་མཚེའུ242ཡོད། དེའི་ཁྲོད་དུ། མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་མཚེའུ་དང་ཆེས་ཆེ་བའི་ལན་ཚྭའི་མཚེའུ་ཡིན། དེའི་ཆུ་ཁོངས་རྒྱ་ཆེ་ཞིང་ཡུལ་ལྗོངས་མངོན་པར་མཛེས། དེ་ལས་གཞན། ཚྭ་ཁ་ཚྭ་མཚོ་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས་སོགས་ཀྱང་ཡོད།  མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ནི་རྨ་ཆུའི་མགོ་ཁུངས་ཀྱི་གཅེན་གཅུང་མཚེའུ་ཡིན་ལ། ཆུ་སྤུས་ལེགས་པ་དང་མཐའ་འཁོར་དུ་རྩྭ་ཆུ་འཛོམས་པོ་ཡོད། མཚོ་སྔོན་གྱི་མཚེའུའི་རིགས་དབྱེ་ཕུན་སུམ་ཚོགས་ཏེ། ལན་ཚྭའི་མཚེའུ་དང་ཚྭ་མེད་མཚེའུ། ཚྭ་མཚོ་སོགས་ཡོད། དེ་ལས་ལན་ཚྭའི་མཚེའུ་ལ་མཚོ་སྔོན་པོ་ལྟ་བུ་སྟེ། དེའི་ཚྭ་འདུས་ཚད་ཅུང་མཐོ། ཚྭ་མེད་མཚེའུ་ལ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ལྟ་བུ་ཡོད་དེ། དེ་གཉིས་ཀྱི་ཆུ་སྤུས་ལེགས་པོ་ཡོད། ཚྭ་མཚོ་ལ་ཚྭ་ཁ་ཚྭ་མཚོ་ལྟ་བུ་ཡོད་ལ། དེའི་མཚོ་ཆུ་དྭངས་ཤིང་གཙང་ལ་ཚྭ་མདོག་དཀར་ཞིང་གསལ་བ་དང་། ཕུན་སུམ་ཚོགས་པའི་ཚྭ་གཏེར་གྱི་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་ཚྭ་མཚོའི་མཛེས་ལྗོངས་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད།

图片5.jpg

དྲུག རྩྭ་ཐང་།

མཚོ་སྔོན་ལ་མཐའ་ཡས་པའི་རྩྭ་ཐང་ཡོད་ཅིང་། རྩྭ་ཐང་གི་སྔོ་ཁེབས་གཙོ་བོ་མཐོ་གྲང་རྩྭ་ཐང་ཡིན། གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་མཚོ་སྔོན་གྱི་རྩྭ་ཐང་ཁྱབ་ཁུལ་གཙོ་བོ་ཡིན་ལ། གནས་འདིའི་རྩྭ་ཐང་གི་སྔོ་ཁེབས་ཚད་མཐོ།  གཞན་མདོ་ལ་རིང་མོའི་འདབས་དང་མཚོ་སྔོན་པོའི་འགྲམ་རྒྱུད་སོགས་མཚོ་སྔོན་གྱི་ས་ཆ་གཞན་དུའང་རྒྱ་ཆེ་བའི་རྩྭ་ཐང་ཡོད། 

图片7.jpg

བདུན། བྱེ་ཐང་།

མཚོ་སྔོན་གྱི་བྱེ་ཐང་ནི་གཙོ་བོ་ཚྭ་འདམ་གཞོང་སའི་ས་ཁུལ་དུ་ཡོད་ལ། ཚྭ་འདམ་གཞོང་ས་ནི་རང་རྒྱལ་གྱི་གཞོང་ས་ཆེན་པོ་བཞིའི་ཡ་གྱལ་ཡིན། དེ་རུ་ནམ་ཟླ་སྐམ་ཤས་ཆེ་ལ་ཆར་ཆུ་འབབ་ཚད་ཉུང་བ་དང་། རྒྱ་ཆེ་བའི་བྱེ་ཐང་དང་མི་མེད་ལུང་སྟོང་གི་ལྗོངས་རྣམ་གྲུབ་ཡོད་དེ། དཔེར་ན་ཚྭ་འདམ་གཞོང་ས་ལྟ་བུ། 

图片6.jpg

བརྒྱད། འཁྱགས་ཀླུང་། 

མཚོ་སྔོན་ནི་རང་རྒྱལ་གྱི་འཁྱགས་ཀླུང་ཁྱབ་པའི་ཞིང་ཆེན་གཙོ་བོ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་འཁྱགས་ཀླུང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5225.38ཙམ་ཡོད་པ་དང་། དེས་རྒྱལ་ཡོངས་ཀྱི་འཁྱགས་ཀླུང་རྒྱ་ཁྱོན་གྱི9.2%ཟིན་ཡོད། འཁྱགས་ཀླུང་གི་སྤྱིའི་ཆུ་གསོག་ཚད་ནི་སྨི་ལྷམ་པ་དུང་ཕྱུར3705.92ཡིན་ལ། རྒྱལ་ཡོངས་ཀྱི12.5%ཟིན་ཡོད། གནས་འདིར་འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་འཕགས་ཆེས་མཐོ་བའི་འཁྱགས་ཀླུང་སྟེ། སྐུ་ལ་དར་མདུང་གི་འཁྱགས་ཀླུང་དང་། རྨ་ཆུའི་འབབ་རྒྱུད་ཀྱི་ཆེས་ཆེ་བའི་འཁྱགས་ཀླུང་སྟེ་རྨ་ཆེན་གངས་རིའི་འཁྱགས་ཀླུང་སོགས་ཡོད་ལ། འཁྱགས་ཀླུང་འདི་དག་ཁུ་ནུ་རི་བོ་དང་གདང་ལ་རི་བོའི་རི་རྒྱུད་ཀྱི་མཚོ་འཕགས་མཐོ་སར་ཡོད། 


མཉམ་སྤྱོད།