དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

G349-སྦས་ཡུལ་ལྷོ་རོང་དུ་ཕྱིན་པའི་བརྗེད་ཐོ་ཐ་ཐོར།

2024-11-07 16:33:25   |   276

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁྲོན་བོད་གཞུང་ལམ་གླེང་དུས། མི་རྣམས་ཀྱི་སེམས་སུ་ག་ལེར་ཁྲོན་བོད་ལམ་ཐིགས་ལྷོ་མ་དང་བྱང་མ་རུ་གྲགས་པའིG317དངG318འཆར་ཡོང་། འོན་ཀྱང་དེ་གཉིས་ཀྱི་བར་དུའང་ཡུལ་ལྗོངས་རྣམ་པར་མཛེས་པའི་ལམ་ཐིགས་ཤིག་ཡོད་དེ།  དེ་ནི་ཁྲོན་བོད་ལམ་ཐིགས་བར་མ་རུ་གྲགས་པའིG349དེ་ནི་ཡིན་ནོ། ། ལམ་ཐིགས་འདིར་གངས་རི་དང་ནགས་ཚལ།  རྦབ་ཆུ།  གཙང་བོ་སོགས་རང་བྱུང་མཛེས་ལྗོངས་ཡོད་པར་མ་ཟད། ལྕགས་རི་དང་མཁར་རྫོང་། སྡོད་གནས་སོགས་ལོ་རྒྱུས་ཀྱི་གནའ་ཤུལ་མང་པོ་ཡོད་པས། མིག་གི་ལོངས་སྤྱོད་དང་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་སྟེར་ངེས།

G349ནི་ཤར་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་མགོ་ཚིགས་ཤིང་། ནུབ་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་ནས་མཇུག་རྫོགས་པ་ཞིག་ཡིན། ལམ་ཐིགས་ཧྲིལ་བོ་སྤྱི་སྡོམ་པའི་རྗོང་དང་གྲོང་ཁྱེར17ལྷག་ལ་བརྒྱུད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ2100ལྷག་ཙམ་འདུག  དེའི་ཁྲོད་བོད་ཤར་གྱི་འབྲུ་མཛོད་དུ་གྲགས་པའི་ལྷོ་རོང་ནི་ལོ་རྒྱུས་དང་རིག་གནས་ཕུན་སུམ་ཚོགས་པའི་ཡུལ་ལུང་ཞིག་ཡིན་པར་མ་ཟད།  སྔོན་གྱི་ཇ་རྟའི་གནའ་ལམ་གྱི་མཁར་རྗོང་གཙོ་བོ་ཡིན་པས། འདི་རུ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྙན་མོ་ལྡན་ལ།  འདས་མ་ད་གསུམ་གྱི་ངོ་མཚར་ལོ་རྒྱུས་ལྡན། གཞན་ཡུལ་གྱི་བཀོད་པ་ངོ་མཚར་གཅིག་ཏུ་འདུས་ཡོད་པའི་ཡུལ་ལྗོངས་ཡག་ཤོས་ཡིན་ནོ། །

1.png

འབྲུག་མོ་རྟ་སྒ་རི།

ཤར་ནས་ལྷོ་རོང་ཕྱོགས་སུ་སྐྱོད་ཚེ། ཐོག་དང་པོར་ལྷོ་རོང་གི་ཤར་སྒོ་རུ་གྲགས་པའི་འབྲུག་མོ་རྟ་སྒ་རི་དང་འཕྲད་སྲིད། གཟུགས་དབྱིབས་ནི་རྟ་སྒ་ཞིག་དང་ཤིན་ཏུ་འདྲ་བས་མིང་དེ་ལྟར་ཐོགས་ཤིང་། ངག་རྒྱུན་ལྟར་ན། རི་བོ་དེ་ནི་སེང་ལྕམ་འབྲུག་མོའི་ཆིབས་རྟའི་རྟ་སྒ་ཡིན་པར་གྲགས་ཤིང་། གཞན་གཡས་གཡོན་གྱི་བྲག་རིའི་གཟུགས་དབྱིབས་ནི་སྦྲ་ནག་དང་ཟངས་ང་། ལྷས་ར་དང་འདྲ་བས་གླིང་སྒྲུང་ལས་བཀོད་པ་དང་མཚུངས་བར་སྣང་།

2.png

དགུང་སྔོན་དཀྱུས་གཅིག་མ།

དེ་ནི་ནུབ་ཏུ་སྤྱི་ལེ36ཙམ་སོང་ཚེ། གཞི་ནས་རྒྱལ་མོ་རྔུལ་ཆུ་པང་ནས་དྲག་ཏུ་འཕྱུར་བའི་ཞབས་གཡས་གྲོང་རོང་ཆེན་པོ་རུ་འབྱོར་འགྲོ་ལ། ཞབས་གཡས་ཞེས་ཐོགས་དོན་ནི་ཞབས་གཡས་ཟམ་པ་འདི་རུ་གནས་པས་དེ་ལྟར་ཆགས། ལོ་རྒྱུས་ཀྱི་ཡིག་ཚང་ལྟར་ན། ཞབས་གཡས་ཟམ་པས་ཡུན་ནན་དང་སི་ཁྲོན། བོད་ལྗོངས་སོགས་སྦྲེལ་ཡོད་པ་མ་ཟད། ཇ་རྟའི་གནའ་ལམ་གྱི་ཟམ་ཆེན་གལ་ཆེན་ཞིག་ཀྱང་ཡིན་པར་སྣང་། འདི་རུ་དྲེལ་པ་ཚོས་ཚྭ་དང་ཇ་ལོ་དབོར་འདྲེན་བྱེད་པའི་ལོ་ཟླའི་རྗེས་ཤུལ་དེ་འཚོལ་ཐུབ་ལ།  མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཐོས་ཐུབ།    

གྲོག་རོང་གཞོགས་གཉིས་སུ་གཟར་ཞིང་དགུང་ལ་ཟུག་པའི་བྲག་རི་ཡོད་དེ། བལྟས་ཚོད་ཀྱིས་སེམས་སུ་གཡོ་འགུལ་ཚད་མེད་ཅིག་ཐེབས་སྲིད། དེ་བས་ཆིང་རྒྱལ་རབས་སྐབས་ཀྱི་བོད་སྡོད་ཨམ་བན་པའོ་ཐའེ་ཡིས་གནས་འདིའི་བརྗིད་ཉམས་འདི་མཐོང་བས་ཕྲད་མར་སྙན་རྩོམ་ཞིག་བརྩམས་ཤིང་། འདི་ནི་རྒྱ་ཡིག་བྲག་འགག་ཅེས་གྲགས་པའི་རྡོ་བརྐོས་དེ་ཡིན་ནོ།།

3.png

བྲག་འགག་གི་རྒྱ་ཡིག་རྡོ་བརྐོས་མ།

5.png

དབང་སྒྲོན་རི།

འབྲུག་མོ་རྟ་སྒ་རི་དང་ལ་དང་གྲོག་རོང་སྟོང་ཕྲག་གིས་བཅད་པའི་མཚམས་སུའང་སེང་ལྕམ་འབྲུག་མོ་དང་འབྲེལ་བའི་གནས་རི་ཞིག་འདུག་ཅིང་། ངག་རྒྱུན་དུ། དབང་ཤེས་འོང་ལ་དབང་སྒྲོན་རི། ། མ་འབྲུག་མོ་ཆུ་ཟོ་འཁུར་འདྲ་ཡོད། ། འཁུར་མ་ཤེས་རྒྱབ་བལྟས་བྱས་འདྲ་ཡོད། ། ཅེས་བཤད་པ་བཞིན། རི་དེར་ཕྱོགས་གང་ནས་ལྟས་ཀྱང་རི་བོ་དེའི་གཟུགས་དབྱིབས་ནི་ཆུ་ལེན་བུ་མོ་གསུམ་གྱིས་ཆུ་ཟོ་འཁུར་ནས་ཡུལ་ལ་ལོག་པའི་རྣམ་པ་དང་ཤིན་ཏུ་འདྲ།  དེ་བས་ཆུ་ཁུར་བུ་མོ་སྤུན་གསུམ་ཞེས་མིང་འབོད་སྲོལ་ཡོད་ཀྱང་ཡོད། ཤོད་སྲོལ་དུ།  གནས་རི་དེའི་རྩེ་མོར་མཚོ་ཆུང་ཞིག་འཁྱིལ་ཡོད་པར་གྲགས། ཞིབ་པར་བལྟས་ཚེ།  རི་དེའི་གཟུགས་དབྱིབས་ནི་མིའི་མཛུབ་མོ་ལྔ་གནམ་ལ་ཀེར་བ་དང་ཡང་འདྲ་བས།  རང་བྱུང་ཁམས་ཀྱི་ངོ་མཚར་བཀོད་པ་ལ་བསྟོད་བསྔགས་ཡང་ཡང་བྱེད་ངེས།

7.png

སྒྲོལ་མ་བླ་མཚོ། 

དེ་ནས་རྒྱལ་ལམG349དང་བྲལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ30ཙམ་སྐྱོད་ཚེ། སྒྲོལ་མ་བླ་མཚོའི་གཟི་བྱིན་ལ་ཐེངས་གཅིག་རོལ་མྱོང་བྱེད་ཐུབ་པ་བྱུང་། སྒྲོལ་མ་བླ་མཚོ་ནི་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ཁྱུང་པོ་ལའི་འདབས་སུ་ཆགས་ཤིང་། ངག་རྒྱུན་ལ་མཚོ་འདི་ནི་རྗེ་བཙུན་འཕགས་མ་སྒྲོལ་མ་ཡི་སྤྲུལ་པ་ཡིན་པར་གྲགས་པས་མིང་དེ་ལྟར་ཆགས། མཚོ་སྐོར་ནས་སྐོར་བ་ཕྱིན་ཚེ། མཚོའི་གཏིང་ཟབ་ལ་ལྗོན་ཤིང་གི་རྐྱེན་ལས་མཚོ་མདོག་ཀྱང་མི་འདྲ་བ་འཆར་སོང་ལ། གཞན་མཚོ་དང་མཚེའུ་ཉེར་གཅིག་མུ་ཏིག་བཞིན་གཡས་གཡོན་ཏུ་ཆགས་ཡོད་པས། མཐོ་ས་ནས་མར་ལ་བལྟ་དུས། སྒྲོལ་མ་བླ་མཚོ་ནི་གཡུ་ཡི་ཕྲེང་བས་ས་གཞི་ཆེན་པོ་འདི་སྤྲས་ཡོད་པ་དང་ཤིན་ཏུ་མཚུངས། 

(རྩོམ་པ་པོ། ལྷ་འབྲུག་རྒྱལ། དབང་ཡོན་ཏན། ཟླ་བ་གྲགས་པ། ཚུལ་ཁྲིམས་རྒྱ་མཚོ།)


མཉམ་སྤྱོད།