དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པདྨ་རྒྱས་པའི་གྲོང་ཁྱེར་གྱི་བོད་ཡིག་རྡོ་རིང་ཁག་ལ་དཔྱད་པ།

2024-12-05 16:56:22   |   655

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

2.jpg

ཆབ་འགག་རྟ་མགྲིན། སྤྱི་ལོ1955ལ་མདོ་སྨད་ས་ཡི་ཁོངས་གཏོགས་ཆབ་འགག་གསེར་གཞོང་རིང་མོའི་རྒྱལ་ར་སྡེ་ཆེན་དུ་སྐྱེས་ཤིང་། སྤྱི་ལོ1964ནས་རྒྱལ་ར་སློབ་ཆུང་དུ་ཞུགས་ཏེ་སྔགས་འཆང་ཀླུ་འབུམ་དང་དཔའ་རིས་སྒྲོལ་དཀར་སོགས་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་སྦྱངས། སྤྱི་ལོ1970ལ་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་ཞུགས་ཏེ་རྒན་དཔལ་ཆེན་རྡོ་རྗེ་སོགས་བསྟེན་ནས་རྒྱ་བོད་ཡི་གེ་དང་རྩིས་རིག་སོགས་ལ་སྦྱངས་བརྩོན་བྱས། སྤྱི་ལོ1972ལ་འཛིན་གྲྭ་འཕར་ནས་དམའ་འབྲིང་མཐར་ཕྱིན་རྗེས། གུང་ཧོ་རྫོང་ཅང་སི་ཞང་དུ་ལས་བགོས་བྱས་ནས་དགེ་རྒན་གྱི་ལས་ཀ་གཉེར། སྤྱི་ལོ1978པར་མཚོ་སྔོན་མི་རིགས་སློབ་གླིང་བོད་རིག་པའི་སྡེ་ཁག་ཏུ་ཞུགས་ནས་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དང་རྒན་རྡོ་རྒྱལ་སྐུ་ལོ། དཔའ་རིས་བློ་གྲོས་སྣང་བ། བདེ་མཆོག་སོགས་ཀྱི་དྲུང་དུ་སྙན་ངག་དང་བརྡ་སྤྲོད། རྩོམ་རིག ཡིག་སྒྱུར་སོགས་སློབ་གྲྭ་ཆེན་མོའི་བསླབ་བྱ་ཡོངས་སུ་སྦྱངས། སྤྱི་ལོ1982པར་མཐར་ཕྱིན་རྗེས། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རྒྱང་སྒྲོག་ཁང་དུ་ལས་བགོས་བྱས་ནས་རྩོམ་སྒྲིག་པ་དང་ལོ་ཙྭ་བའི་ལས་ཀ་གཉེར། སྤྱི་ལོ1986ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་རྒན་དོར་ཞི་གདོང་དྲུག་སྙེམས་བློ་དང་བསམ་གྲུབ། འཇམ་དཔལ་ཕུན་ཚོགས། དཀོན་མཆོག་ཚེ་བརྟན། ཀླུ་རྒྱལ་འབུམ་སོགས་ཀྱི་དྲུང་དུ་བརྡ་སྤྲོད་དང་སྙན་ངག བསྡུས་གྲྭ། རྩོམ་རིག་ལོ་རྒྱུས་སོགས་སྦྱངས་པ་བྱས། སྤྱི་ལོ1989ལ་ཞིབ་འཇུག་སློབ་མའི་ཧྲའོ་ཧྲིའི་ཐོབ་ཐང་བླངས་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་གླིང་གི་བོད་རིག་པའི་སྡེ་ཁག་ཏུ་《བོད་ཀྱི་རྩོམ་བྱུང་ལོ་རྒྱུས་》དང་། 《བོད་ཀྱི་ལོ་རྒྱུས།》 《བོད་ཀྱི་ཡིག་རྙིང་ཞིབ་འཇུག》 《གནའ་བོའི་རྡོ་རིང་ཡི་གེ་ཞིབ་འཇུག་》སོགས་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མའི་སློབ་ཁྲིད་ལས་དོན་གཉེར་བའི་ཞོར་དུ་རྩོམ་པའི་ལས་ལ་ཞུགས་ཏེ། 《བོད་ཀྱི་རྩོམ་རིག་ལ་ཐུབ་པའི་སྐྱེས་རབས་ཀྱི་ཤན་ཞུགས་ཚུལ་གླེང་བ་》ཞེས་པ་དང་། གངས་ལྗོངས་མི་རིགས་ཁག་གི་འབྲེལ་བ་བརྗོད་པ་གཟུར་གནས་ཡིད་ཀྱི་དགའ་སྟོན།》 《སྒྲུང་དཔྱད་སྙིང་གི་ལེགས་སྐྱེས།》 《བོད་ཀྱི་རྡོ་རིང་ཞིབ་འཇུག》 《བོད་བཙན་པོའི་དུས་ཀྱི་རྩོམ་རིག》《བོད་ཀྱི་རྩོམ་རིག་ལོ་རྒྱུས།》 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་སྣ་ཚོགས་དང་དེའི་དཔྱད་པ་དྭངས་གསལ་ཤེལ་གྱི་མེ་ལོང་》སོགས་དཔེ་དེབ་དགུ་པར་སྐྲུན་འགྲེམ་སྤེལ་བྱས་ལ། 《ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན་མིན་ལ་དཔྱད་པ་》ཞེས་པ་དང་། 《འཇང་ས་ཐམ་ཡུལ་ནས་ཐོན་པའི་ཐུ་བྷོད་རྡོ་རིང་ལ་དཔྱད་པ།》 《ལང་ཇུའི་མཆོད་རྟེན་དཀར་པོ་གསར་དུ་བཅོས་པའི་དཀར་ཆག་རྡོ་རིང་ལ་དཔྱད་པ།》 《མཚོ་སྔོན་གཏེར་ལམ་རྫོང་གི་བོད་བཙན་པོའི་དུས་ཀྱི་བང་སོ་ཨང་གསུམ་པའི་རྡོ་རིང་ཡི་གེ་ལས་འཕྲོས་པའི་གཏམ།》 《གནམ་སྐྱོང་རྒྱལ་པོའི་བང་སོའི་རྩིག་ངོས་ཡི་གེ་དང་རི་མོ་ལས་འཕྲོས་པའི་གཏམ།》 《བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སྟངས་སྐོར་གྱི་བསམ་ཚུལ་འགའ།》 《ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ་སའི་ཆོས་སྡེ-ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་གནས་ལ་དཔྱད་པ།》 《བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་བསྟན་བཅོས་ལས་རྩོམ་རིག་རང་བཞིན་བཤད་པ་》སོགས་བོད་རིག་པའི་དཔྱད་རྩོམ་བདུན་ཅུ་ལྷག་《ཀྲུང་གོའི་བོད་ཀྱི་ཤེས་རིག་》དང་། 《བོད་ལྗོངས་ཞིབ་འཇུག་》སོགས་དུས་དེབ་ཏུ་བཀོད་པར་མ་ཟད། དེ་དག་ལས་ཁག་ཅིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། སློབ་ཁྲིད་ཐད་རྒྱལ་ཁབ་སློབ་གསོ་པུའུ་ཡི་“མཐོ་རིམ་སློབ་གྲྭའི་ཕུལ་དུ་བྱུང་བའི་ན་གཞོན་དགེ་རྒན་གྱི་བྱ་དགའ་”དང་། “རྒྱལ་ཁབ་རིམ་པའི་དགེ་རྒན་མཚན་སྙན་ཅན་གྱི་བྱ་དགའ་”ཐོབ་མྱོང་། དེ་མིན་སྔ་གཞུག་ཏུ་ཨ་མེ་རི་ཁ་དང་། ཧོ་ལན། ཁ་ན་ཏ། ཧྥ་རན་སི། མོང་གོལ། ནོར་ཝེ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་བསྡུས་པའི་རྒྱལ་སྤྱི་རང་བཞིན་གྱི་བོད་རིག་པའི་གྲོས་ཚོགས་བཅུ་ལྷག་ལ་ཞུགས་ཏེ་རིག་གཞུང་དཔྱད་རྩོམ་སྒྲོག་སྤེལ་བྱས་མྱོང་། རྒྱུ་རྐྱེན་དེ་དང་དེར་བརྟེན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་པའི་ཆེད་མཁས་ཀྱི་མཚན་སྙན་ཡང་ཐོབ། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དུ་རབ་འབྱམས་པ་དང་འབུམ་རམས་པར་སློབ་ཁྲིད་གནང་བཞིན་ཡོད།

1.jpg

ནང་དོན་གནད་བསྡུས། རྩོམ་འདིར་པདྨ་རྒྱས་པའི་ཡུལ(沈阳)གྱི་ཕོ་བྲང་མུག་ཏེན་གྱི་ཕྱོགས་བཞིའི་དགོན་པ་དང་མཆོད་རྟེན་སོགས་ལ་རྟོག་དཔྱོད་དང་དེ་དག་གི་བོད་ཡིག་རྡོ་རིང་དྲུག་གི་ཡི་གེ་ངོ་བཤུས་དང་དག་སྒྲིག་བྱས་པའི་རྨང་གཞིའི་སྟེང་། ཆིང་རྒྱལ་རབས་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཚངས་དང་། 《རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ》 《མདོ་སྨད་ཆོས་འབྱུང》 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》སོགས་དང་སྡུར་དཔྱད་བྱས་ཏེ། ཕོ་བྲང་མུག་དེན་གྱི་ཕྱོགས་བཞིའི་དགོན་པ་ནི་སེ་ཆེན་ཆོས་རྗེའི་གསུང་ལྟར་མན་ཇུའི་རྒྱལ་པོ་བོག་ཏོས་ཕྱོགས་ཀྱི་གནོད་བྱེད་དྲག་པོ་རྣམས་འདུལ་བ་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། བཀའ་བསྩལ་ནས་བཞེངས་པའི་མན་ཇུའི་མན་ཇུའི་རྒྱལ་པོ་ཚང་གི་དགོན་པ་ཡིན་པར་མ་ཟད། རྗེ་ཙོང་ཁ་པའི་ཞྭ་སེར་བསྟན་པ་དབུས་ནས་བྱང་དང་བྱང་ནས་ཤར་དུ་སྤེལ་ཞིང་འཕེལ་བའི་གནས་མཆོག་དམ་པ་དང་། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་ཕན་ཚུན་འབྲེལ་འདྲིས། ཕན་ཚུན་མཉམ་འདྲེས་བྱུང་བའི་དཔེ་དཔང་ཉག་གཅིག་ཡིན་ཅིང་། དགོན་པ་དེ་དག་གི་རྡོ་རིང་ཡི་གེ་ནི་ཆིང་གོང་མ་ཧྲུན་ཀྲུའི་བཀའ་ལུང་ལྟར་མཛད་ནས་གཏན་ལ་ཕབ་པའི་གཞུང་ཡིག་འཁྲུལ་མེད་ཡིན་པས། མན་ཇུའི་རྒྱལ་རབས་དང་དགེ་ལུགས་པའི་མཐོ་རིམ་མི་སྣའི་བར་དུ་ཆོས་ལུགས་ཀྱི་འབྲེལ་བྱུང་ཚུལ་དང་། དགེ་ལུགས་པའི་བསྟན་པ་མན་ཇུའི་ཡུལ་དུ་ཚུལ་ཇི་ལྟར་སྤེལ་ཞིང་འཕེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རྩ་ཆེན་ཡིན་པ། མན་ཇུའི་རྒྱལ་རབས་དང་དགེ་ལུགས་པའི་མཐོ་རིམ་མི་སྣའི་བར་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་ལས། རྒྱལ་སྲིད་ལ་བརྟེན་ནས་ཆོས་ལུགས་སྤེལ་བའི་ཆོས་སྤེལ་གྱི་བསམ་བློ་དང་། ཆོས་ལུགས་ལ་བརྟེན་ནས་མི་སེམས་འདུལ་བའི་རྒྱལ་སྐྱོང་གི་བསམ་བློ་མངོན་པར་མཚོན་པ་བཅས་ཀྱི་ལྟ་བ་འདོན་འདུག ། 

གནད་ཚིག པདྨ་རྒྱས་པའི་ཡུལ། བོད་ཡིག་རྡོ་རིང་། ཡིག་ཚངས་རིན་ཐང་།



མཉམ་སྤྱོད།