དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་བལ་འབྲེལ་བའི་མཐོང་སྣེ་ནས་བལ་པོའི་ལོ་རྒྱུས་དང་རིག་གནས་སྐོར།

2024-12-09 09:07:40   |   716

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ལྗོངས་ཞིབ་འཇུག། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20241209102132.jpg

2.jpg

རྨེ་རུ་ཡུལ་ལྷ་ཐར། 1979ལོར་མདོ་སྨད་བྱང་ཤར་ཡུལ་གྱི་གཅན་ཚར་སྐྱེས། 2000ལོར་སློབ་ཆེན་མཐར་ཕྱིན་རྗེས་གཅན་ཚ་རྫོང་དོ་རྒྱ་ཡུལ་ཚོར་སློབ་ཆུང་དགེ་རྒན་བྱས་མྱོང་། 2008ལོ་ནས2016ལོའི་བར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་ཡིག་སྡེ་ཁག་ཏུ་ལས་ཀ་གཉེར་ཞིང་། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་པའི་ཆེད་མཁས་དང་། ཤེས་ལྡན་མི་སྣ་བརྒྱ་སྟོང་ཁྲི་འཆར་གཞིའི་རྒྱལ་ཁབ་རིམ་པའི་ཆེད་མཁས། “རྒྱལ་ཁབ་ལ་བྱས་རྗེས་འབུར་ཐོན་བཞག་པའི་དར་གཞོན་ཆེད་མཁས།” རྒྱལ་ཁབ་སློབ་གསོ་པུའུ་ཡི“དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་མི་སྣ།” མཚོ་སྔོན་ཞིང་ཆེན་གྱི་རིག་གཞུང་སྣེ་ཁྲིད་མི་སྣ་སོགས་ཡིན། འབུམ་རམས་ཞིབ་འཇུག་སློབ་མའི་ཁྲིད་སྟོན་སློབ་དཔོན་དང་། ལོ་རྒྱུས་ཡིག་ཚང་རིག་པ་དང་མི་རིགས་ལོ་རྒྱུས། ཆོས་ལུགས་རིག་པ་བཅས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་ཁྲིད་སྟོན་སློབ་དཔོན་ཡིན། གཙོ་བོར་བོད་ཀྱི་ལོ་རྒྱུས་རིག་པ་དང་ལོ་རྒྱུས་ཡིག་ཚང་། ཆོས་ལུགས་ལོ་རྒྱུས། དེ་མིན་ཧི་མ་ལ་ཡའི་ཤེས་རིག་ཐད་ཀྱི་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་སྒྲུབ་ཀྱིན་ཡོད། སྔ་ཕྱིར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་སོགས་རིམ་པར་འགྲིམས་ཏེ་བོད་ཀྱི་ཡིག་རྙིང་རིག་པའི་འབུམ་རམས་པའི་བསླབས་གནས་ཐོབ། 2014ལོར་ཧྲའན་ཞི་དགེ་འོས་སློབ་ཆེན་འཛམ་གླིང་ལོ་རྒྱུས་ཆེད་ལས་འབུམ་རམས་ཕྱི་ཚར་གྱི་ཞིབ་འཇུག་རྟེན་གཞི་ལས་འབུམ་རམས་ཕྱི་ཚར་བའི་ཞིབ་འཇུག་མཐར་སོན། ད་ལྟའི་བར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་ཆེད་དེབ་དྲུག་བཏོན་ཞིང་། ལོ་ཙཱའི་འགྱུར་དེབ་ལྔ་པར་བསྐྲུན་བྱས་ལ། དཔྱད་རྩོམ་བརྒྱ་དང་བཞི་ཙམ་དུས་དེབ་སྣ་ཚོགས་སུ་སྤེལ་བ་དང་། རྒྱལ་ཁབ་རིམ་པའི་ལས་གཞི་བཞི་ཆེད་གཉེར་གྱིས་མཇུག་བསྡུས་ཡོད། ད་ལྟ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི་སྟེ“མདོ་ཁམས་བོད་ཀྱི་ས་གནས་ལོ་རྒྱུས་ཡིག་ཚང་འཚོལ་ཞིབ་དང་མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོའི་རྩོམ་འབྲི”ཞེས་པར་དབུ་འཛིན་ཞིབ་འཇུག་བྱ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་ཡིན་ནོ། །

ཕག་མོ་ཚེ་རིང་།  ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ།  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་ལོ་རྒྱུས་ཡིག་ཚང་སྐོར་ཡིན།

3.jpg

ནང་དོན་གནད་བསྡུས། བལ་ཡུལ་ནི་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཅིག་ཡིན་ཞིང་།  རྒྱ་གར་དང་ཀྲུང་གོའི་བོད་ལྗོངས་ཀྱི་འབྲེལ་མཚམས་སུ་འཁེལ་བས།  གནའ་ནས་བཟུང་རྒྱ་གར་རིག་གནས་ཀྱིས་ཤན་ཞུགས་ཡོད་ལ།  བོད་པའི་རིག་གནས་ཀྱིས་ཀྱང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད།  རྩོམ་ཡིག་འདིར་འབྲེལ་ཡོད་ཡིག་ཚང་ལ་གཞི་བཅོལ་ཞིང་།  ཡུལ་དངོས་ཀྱི་རྟོག་ཞིབ་འབྲས་བུས་ཟུར་བརྒྱན་ནས།  བལ་པོར་ནེ་བལ་སོགས་མི་རིགས་མང་ཞིང་མི་རྒྱུད་ནི་ལྷོ་བྱང་གི་རིགས་རྒྱུད་མང་པོ་འདྲེས་ནས་གྲུབ་པ་ཡིན་ཚུལ་དང་།  ཆོས་ལུགས་ནི་རྒྱ་གར་དང་འདྲ་བར་བྲམ་ཟེའི་ཆོས་ལུགས་གཙོ་བོར་བྱེད་མོད།  ཆེས་སྔ་མོ་ཞིག་ནས་ནང་པའི་ཆོས་ལུགས་ཀྱི་མཁའ་དབུགས་ཀྱང་མཐུག་ཙམ་ཡོད་ཚུལ།  བལ་པོའི་ལོ་རྒྱུས་ཀྱི་དུས་རིམ་སྟེ།  གནའ་བོའི་སྐབས་དང་།  དུས་རབས་བར་མའི་སྐབས།  ཉེ་རབས་ཀྱི་སྐབས།  དེང་རབས་ཀྱི་སྐབས་བཅས་དུས་རིམ་བཞིའི་གཞི་རྩའི་གནས་ཚུལ་ཇི་ལྟར་ཡིན་ཚུལ།  དེ་བཞིན་དུ་བལ་པོའི་ལོ་རྒྱུས་རིག་གནས་སྐོར་ལ་ཉམས་ཞིབ་བགྱིས་པ་ཡིས།  རང་རྒྱལ་གྱི་ཡ་གླིང་ལྷོ་མའི་ཞིབ་འཇུག་གི་ལས་དོན་ཐད་དོན་སྙིང་ཆེན་པོ་ལྡན་ཡོད་ཚུལ་སོགས་ཀྱི་སྐོར་ལ་རང་བློས་ལྕོགས་ཚོད་ཀྱིས་དཔྱད་གླེང་ཞུས་ཡོད།  གནད་ཚིག བལ་པོ།  ལོ་རྒྱུས།  རིག་གནས།  ཀྲུང་བལ་འབྲེལ་བ།

4.jpg

དུས་རབས་༡༧པའི་རྗེས་སུ་ནུབ་གླིང་གི་མྱུལ་དཔྱོད་པ་དང་། ཆོས་སྤེལ་མཁན། མི་སེར་སྤེལ་མཁན་དཔོན་རིགས་སོགས་ཧི་མ་ལ་ཡའི་ཁུལ་དུ་འོངས་ཏེ།  ས་ཡུལ་དངོས་ལ་རྟོག་ཞིབ་ཀྱི་ལས་དོན་རྒྱ་ཆེར་སྤེལ་བས།  སྐྱེ་བོ་དེ་དག་གི་ཁྲོད་དུ་ཁུལ་དེའི་སྣང་ཚུལ་དང་གནས་ཚུལ་དུ་མ་ཟིན་ཐོར་འགོད་པའི་མཐོ་རླབས་ཤིག་འཕྱུར་ལ།  རིམ་གྱིས་དུས་རབས་༡༩པའི་རྗེས་སུ་ཕྱི་གླིང་དུ་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་གི་རིག་ཚན་ཞིག་ཀྱང་གསར་དུ་དར་ཡོད། དེ་ལྟར་ན་ད་ཕན་རིག་ཚན་དེའི་ཁྱབ་ཁོངས་སུ་གྱུར་པའི་བལ་པོའི་རིག་གནས་སྐོར་ལ་ཞིབ་འཇུག་གི་བགྱི་བ་ལྷུར་ལེན་མཁན་ཕྱི་གླིང་གི་མཁས་པ་འབའ་ཞིག་ལགས་སམ་ཞེ་ན། མ་ལགས་ཏེ། བི་སི་ཐཱ་(Dor Bahadur Bista)དང་། གུ་རུང་།(Indrabahadur Gurung)རོ་མེ་ཤ་ཀ་རྡུང་གེལ་(Romesh K·Dhungel)སོགས་ནི་བལ་ཡུལ་རང་གི་མཁས་པ་ཡིན་ཞིང་།  ཁོང་ཚོས་བལ་ཡུལ་གཙོར་བྱས་ཧི་མ་ལ་ཡའི་ཡུལ་ཁོངས་ཀྱི་རིག་གཞུང་ཞིབ་འཇུག་ཐད་ལ་ཕུལ་བྱུང་གི་གྲུབ་འབྲས་མི་ཉུང་བ་ཞིག་བླངས་ཡོད་པ་དང་།  རང་རེའི་རྒྱལ་ཁབ་ཏུའང་བལ་ཡུལ་དང་འབྲེལ་བའི་རིག་གཞུང་ཞིབ་འཇུག་གི་ཐད་ལ་མཁས་པ་མི་ཉུང་བ་ཞིག་གིས་དཔྱད་འབྲས་མང་དག་ཅིག་སྤེལ་ཡོད།  དེ་ཡང་བལ་པོའི་ལོ་རྒྱུས་སྤྱི་བཤད་སྐོར་ལ་ཝང་ཧུང་ཝེ་ཡིས་《བལ་པོ་》[②]ཞེས་པའི་ཆེད་དེབ་ཅིག་བརྩམས་ཡོད་ཅིང་།  ཝེ་དབྱིང་པང་དང་ཧུའུ་ཧྲི་ཧྲཱང་གཉིས་ཀྱིས་《བལ་པོ་དང་འབྲུག  །འབྲས་ལྗོངས་བཅས་ཀྱི་ལོ་རྒྱུས་བསྡུས་པ་ལས་བལ་པོའི་སྐོར་》[③]ཞེས་པ་དང་།  《བལ་པོའི་མི་རིགས་དང་ཆོས་ལུགས་གནས་ཚུལ་》[④]ཞེས་པའི་དཔྱད་རྩོམ་སྤེལ་བར།  བལ་ཡུལ་དུ་གནས་བཅའ་བའི་མི་རིགས་ཀྱི་གྲུབ་ཆའི་གནས་ཚུལ་དང་།  ཆོས་ལུགས་ཀྱི་གནས་སྟངས།  མི་རིགས་དང་ཆོས་ལུགས་སྲིད་ཇུས་བཅས་ཀྱི་སྐོར་ལ་ངོ་སྤྲོད་དང་དབྱེ་ཞིབ་བྱས་ཡོད།  དེ་བཞིན་དུ་ཝང་ཧུང་ཝེ་དང་ལུའུ་ཀྲཱང་ཧྭ་ཡི་《བལ་པོའི་མི་རིགས་ཟིན་ཐོ་》[⑤]ཞེས་པར།  བལ་ཡུལ་ནང་ཁོངས་ཀྱི་མི་རིགས་ཆེ་བ་ཁ་ས་དང་ནེ་བལ་གཉིས་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་པར་གླེང་བ་བརྒྱུད།  ཁི་ར་ཏི་དང་།  ཤར་པ།  མ་གར།  རྟ་མང་།  སྒོ་རུང་།  ཐག་ཀོ་ལ་པ།  ཐ་རུ།  སུན་ཝར་སོགས་མི་རིགས་ཅུང་ཟད་ཆེ་བ་དག་གི་ལོ་རྒྱུས་ཞར་ལ་སྤྲོས་ཤིང་།  ཆབས་ཅིག་ཏུ་བལ་པོའི་བྱང་ངོས་དང་།  དཀྱིལ་རྒྱུད།  ལྷོ་རྒྱུད་བཅས་ཀྱི་མི་རིགས་ཆུང་བ་ཉེར་གཅིག་གི་ལོ་རྒྱུས་ཀྱང་བཀོད་ཡོད།  དེ་མིན་བལ་ཡུལ་དང་འབྲེལ་བའི་རིག་གནས་སྐོར་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ལ།  ཁྲཱན་པོ་[⑥]དང་།  མ་ཡིང་།[⑦]ཧྭང་ཧའོ།[⑧]ཁྲཱན་ནའེ་ཝཱན།[⑨]ཐན་ཁཱ་རང་།[⑩]ཝང་ལུའུ།[11]རྒན་ཟླ་བ་ཚེ་རིང་[12]སོགས་བྱུང་ཡོད་ཅིང་།  ཁོང་རྣམ་པས་འབྲེལ་ཡོད་རིག་གཞུང་ཞིབ་འཇུག་གི་ཐད་ལ་ཕུལ་བྱུང་གི་དཔྱད་འབྲས་འགའ་ཞིག་སྤེལ་ཡོད་ལ།   ཕྲན་ནས་ཀྱང་མ་སྨིན་པའི་དཔྱད་པའི་བགྱི་བ་འགའ་ལྷུར་བླངས་མྱོང་།[13]

བལ་པོ་[14]ནི་ཡ་གླིང་ལྷོ་མར་ཆགས་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ཞིང་།  གནའ་རབས་རྒྱ་གར་ཤེས་རིག་གི་འོད་སྣང་ཡུལ་དེར་ལམ་ལམ་དུ་འཚེར་མྱོང་ཡོད་དེ། བལ་པོའི་རིག་གནས་ཀྱི་རྨང་གཞི་སྤྱིའི་ཆ་ནས་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་བཞི་ཡི་ཡ་གྱལ་དུ་གྱུར་པའི་གནའ་བོའི་རྒྱ་གར་ཤེས་རིག་གི་ཁོངས་སུ་གཏོགས་པ་གང་ཞིག  །རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ལུམ་བིའི་ཚལ་ཡང་ད་ལྟའི་བལ་ཡུལ་གྱི་ཁོངས་སུ་ཡོད་པ་སོགས་ཕྱོགས་མང་པོ་ལས་དཔོག་ནུས།  དེ་ལྟར་ནའང་བལ་ཡུལ་ནི་རྒྱ་གར་དང་ཀྲུང་གོའི་བོད་ལྗོངས་ཀྱི་བར་དུ་གནས་པའི་དབང་གིས།  གནའ་བོའི་དུས་ནས་བོད་མིའི་རྒྱུད་པ་དག་བལ་པོའི་ནུབ་བྱང་ཕྱོགས་སུ་མཆེད་ཡོད་ཅིང་།  ཧི་མ་ལ་ཡའི་ལྷོ་དང་ནུབ་ཀྱི་ས་བབ་དམའ་ས་བརྒྱུད་ནས་བལ་ཡུལ་མཐིལ་ལ་ཡང་གཞིས་ཆགས་ཡོད་པས། བོད་པའི་རིག་གནས་ཀྱིས་ཀྱང་དེ་ཁུལ་དུ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད།  

ཡུལ་གྱི་གནས་བབ་དབང་གིས་གནའ་བོའི་དུས་སུ་བལ་བོད་མི་རིགས་གཉིས་ཀྱི་དབར་ལ་འགྲོ་འོང་སྤེལ་རེས་ངེས་ཅན་བྱུང་བ་དང་། ལྷག་པར་བཙན་པོ་སྲོང་བཙན་སྒམ་པོའི་ཁབ་ཏུ་བལ་བཟའ་ཁྲི་བཙུན་བསུས་པ་སོགས་གལ་ཆེའི་ལོ་རྒྱུས་ཀྱི་དོན་རྐྱེན་མང་པོའི་དབང་གིས། རིག་གནས་སྤེལ་རེས་ཀྱི་འབྲེལ་ལམ་སྔར་བས་ཇེ་ཟབ་ཏུ་སོང་ཡོད་ཚུལ་སོགས་བལ་ཡུལ་དང་འབྲེལ་བའི་གནས་ཚུལ་མང་པོ་བོད་ཡིག་གི་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་དུ་འཁོད་ཡོད།  ཉེ་རབས་ལོ་རྒྱུས་ཁྲོད་བོད་ས་གནས་སྲིད་གཞུང་དང་བལ་པོའི་དབར་ལ་འགྲོ་འོང་སྤེལ་རེས་ཀྱི་འབྲེལ་བ་རྒྱུན་མཐུད་ཡོད་ལ།  ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུལ་བལ་གྱི་འབྲེལ་བ་ལེགས་པོ་བྱུང་ནས་འགྲོ་འོང་གི་མཚམས་མ་ཆད་ནའང་། རྒྱལ་ནང་བོད་པའི་ཁྲོད་དུ་བལ་པོའི་ལོ་རྒྱུས་དང་རིག་གནས་སྐོར་ལ་ཐུགས་རྒྱུས་ཞིབ་མོ་ཡོད་མཁན་དཀོན་ལ།  བལ་ཡུལ་ནུབ་བྱང་ཕྱོགས་ཀྱི་མི་རིགས་དང་སྡེ་ཚོ་ཁག་ལ་ཉམས་ཞིབ་བྱེད་མཁན་ཤིན་ཏུ་དཀོན།  དུས་རབས་ཉེར་གཅིག་གི་སྐབས་འདིར་“རྒྱུད་གཅིག་ལམ་གཅིག་”གི་ཐུན་མོང་འཕེལ་རྒྱས་སྐོར་དང་།  འབྲེལ་ཡོད་རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་ལ་རྟོག་ཞིབ་བྱེད་པ་སོགས་ཀྱི་དགོས་མཁོར་དམིགས་ནས། མཐོ་སྒང་གི་འགྲུལ་ལམ་སྐོར་གླེང་སློང་བྱེད་མཁན་བྱུང་ཞིང་།  ཧི་མ་ལ་ཡའི་ལྷོ་བྱང་བར་དུ་གནའ་དུས་ནས་གྲུབ་པའི་ལམ་ཐིག་ལ་དཔྱད་ཞིབ་བྱེད་མཁན་རེ་ཟུང་བྱུང་བས།  ད་ལམ་བལ་པོའི་ལོ་རྒྱུས་དང་རིག་གནས་ལ་ཉམས་ཞིབ་བྱེད་མཁན་ཅུང་མང་དུ་འགྲོ་བཞིན་པར་སྣང་།

5.jpg

དེ་ཡང་《འཇམ་དཔལ་རྩ་རྒྱུད་》དུ། “བལ་ཡུལ་ཅེས་ནི་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར། །”[15]ཞེས་བལ་པོ་གངས་ཅན་གྱི་ཁོངས་སུ་དྲངས་ཡོད་ཅིང་།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “བལ་ཡུལ་ཡང་ཁ་བ་ཅན་དུ་ཡོད་པར་གསུངས་”[16]ཞེས་གསལ་བར་བརྗོད་ཡོད་པས།བལ་ཡུལ་ནི་གནའ་སྔ་མོ་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཁ་བ་ཅན་གྱི་ཡུལ་ཁོངས་སུ་བརྩི་བར་སྣང་ངོ་། །བལ་པོའི་མངའ་ཁོངས་ལ་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༡༤༧༡༨༡ཡོད་ཅིང་། ཤར་ནུབ་རིང་ལ་ལྷོ་བྱང་དོག་པས། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ་༨༨༥ཙམ་ཡོད་ཀྱང་། ལྷོ་བྱང་ལ་སྤྱི་ལེ་༡༩༣ཙམ་ལས་མེད། བལ་ཡུལ་གྱི་ས་ཁམས་ཐད་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་ས་ནས་དམའ་སའི་བདེ་ཐང་དུ་རིམ་པར་མར་བརྐྱངས་པ་ལྟར་ཆགས་ཡོད་པའི་སྟབས་ཀྱིས། ཆེས་མཐོ་ཤོས་ཀྱི་ས་ཆར་མཚོ་རྩིས་མཐོ་ཚད་སྨི་༨༠༠༠ཡན་ཡོད་ནའང་། ཆེས་དམའ་ཤོས་སུ་མཚོ་རྩིས་མཐོ་ཚད་སྨི་བདུན་ཅུ་ཙམ་ལས་མེད།  དེ་བཞིན་དུ་བལ་ཡུལ་གྱི་བྱང་ཕྱོགས་སུ་གངས་རིའི་མུ་ཁྱུད་བརྗིད་ཆགས་ཤིང་། ཡུལ་གྱི་ལྟེ་བར་ཆུ་ཀླུང་དང་རི་དེའུ་དུ་མ་མཆིས་པ་དང་། ལྷོ་ཕྱོགས་ནི་དུས་བཞིར་སྔོ་ལྗང་རྩི་ཤིང་གིས་ཁྱབ་པའི་ས་ཁོད་སྙོམས་པའི་བདེ་ཐང་ཡིན་པས། བལ་ཡུལ་དང་ཀྲུང་གོའི་བོད་ལྗོངས་ཀྱི་འབྲེལ་མཚམས་སུ་གངས་རི་མཐོན་པོ་ཚར་དུ་དངར་བ་དུ་མས་བརྒྱན་པ་སྟེ། ཏབ་ལི་རྫོང་གི་གངས་ཆེན་མཛོད་ལྔ་དང་།  ཁུམ་པོའི་ལྷོ་རྩེ་གངས། མཧཱ་ཀ་ལིའི་གངས་རི། ཨ་ན་པུར་གྱི་སྤོག་རའི་གངས་རི། མཱ་ན་སུའི་གངས་རི། རྡོ་ལ་རི་རམ་གྱི་སྨུ་ལི་གངས་རི་དང་ཆོ་ལོ་གངས་རི་སོགས་ཡོད་ལ། གཙང་ཆུར་ཡང་མེ་ཇི་གཙང་ཆབ་དང་། རྡོ་ལ་གྷྀ་རི་ཀ་ལི་གངས་དཀར་གྱི་གཙང་ཆབ།ཀ་ན་ལི་གཙང་ཆབ་ལྟ་བུའི་ཆུ་ཆེན་གྱི་རིགས་མང་ངོ་། །དེ་ལྟར་བལ་ཡུལ་གྱི་ཡུལ་ཁམས་ཧྲིལ་པོ་ཆེ་ས་ནས་ས་ཁམས་ཀྱི་ཆགས་ཚུལ་རྣམ་པ་མི་འདྲ་བ་ཁག་གསུམ་གྱིས་གྲུབ་ཡོད་དེ།  དང་པོ་ཧི་མ་ལ་ཡའི་རི་ཁུལ་གྱིས་བལ་ཡུལ་སྤྱིའི་རྒྱ་ཁྱོན་གྱི་༡༥%ཟིན་པ་དང་། གཉིས་པ་རི་དེའུ་ས་ཁུལ་གྱིས་བལ་ཡུལ་སྤྱིའི་རྒྱ་ཁྱོན་གྱི་༦༨%ཟིན་པ།  གསུམ་པ་བདེ་ཐང་ས་ཁུལ་གྱིས་སྤྱིའི་རྒྱ་ཁྱོན་གྱི་༡༧%ཟིན་པ་བཅས་ཐུན་མོང་མ་ཡིན་པའི་ཆགས་དབྱིབས་ཁྱད་པར་བ་ཞིག་གྲུབ་ཡོད། དེ་ལྟ་བུའི་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པའི་བལ་པོའི་ཡུལ་ཁམས་སུ་སྐྱེ་ཁམས་ཀྱི་ཁོར་ཡུག་ཁྱད་པར་ཅན་ཞིག་གྲུབ་པའི་རྐྱེན་གྱིས།  ཡུལ་དེའི་སྐྱེ་བོར་འབྲོང་དང་།  ནོར།  ར་ལུག་སོགས་འཚོ་སྐྱོང་བྱེད་པའི་མཐུན་རྐྱེན་འཛོམས་ཡོད་ལ།  ཉམས་དགའ་བའི་རི་ཀླུང་དུ་ཤ་བ་དང་།  གནའ་བ།  དགོ་བ།  གཙོད། གཉན། དྲེད་མོང་། གླ་བ། རི་བོང་། གླང་ཆེན། བསེ་རུ། མ་ཧེ། སྟག  ། གཟིག  །འཕར་བ། ཅེ་སྤྱང་། གུང་། སྲམ། ཁ་ཤ  །གོང་མོ།  སྲེག་པ།  རྨ་བྱ།  ནེ་ཙོ་སོགས་ས་མཐོའི་ཁུལ་དང་ཚ་བ་ཆེ་བའི་བདེ་ཐང་གི་ཁུལ་དུ་འཚོ་སྡོད་བྱེད་པའི་རི་དྭགས་དང་།  གཅན་གཟན།  འདབ་ཆགས་ཀྱི་རིགས་སྣ་ཚོགས་བལ་པོའི་ཡུལ་ཁམས་སུ་འཛོམས་ཡོད། 

ཤར་པོ་སོ་པ་ཏི་དང་ཏབ་ལི་རྫོང་ནས་ནུབ་མཧཱ་ཀ་ལ་དར་ཞུ་ལ་བར་གཞུ་དབྱིབས་ལྟར་ཀྱོག་ཅིང་ཤིན་ཏུ་རིང་བའི་བལ་པོའི་ཡུལ་ཁམས་ཧྲིལ་པོ་དེང་སང་འཕེལ་རྒྱས་ས་ཁུལ་(Development Region)ལྔ་དང་། དམིགས་བསལ་ས་ཁུལ་(Zone)བཅུ་བཞི། རྫོང་བདུན་ཅུ་དོན་ལྔ་བཅས་སུ་བགོས་ཡོད་པ་དང་།  དེ་དག་ལས་འཕེལ་རྒྱས་ས་ཁུལ་ལྔ་ནི།  ཤར་ཁུལ་དང་། དབུས་ཁུལ།  ནུབ་ཁུལ། དབུས་ནུབ་ས་ཁུལ། ནུབ་མཐའི་ས་ཁུལ་བཅས་ཡིན་ཞིང་། སྲིད་འཛིན་གྱི་སྒྲིག་གཞིའི་རིམ་པའི་ཐད་ཁུལ་དེ་དག་གི་འོག་ཏུ་དམིགས་བསལ་ས་ཁུལ་དང་། དེ་དག་གི་འོག་ཏུ་རྫོང་རིམ་པ་ཡིན་པའོ།  །མིག་སྔའི་བསྡོམས་རྩིས་ལྟར་ན་བལ་ཡུལ་ཁྱོན་ལ་གྲོང་ཁྱེར་༥༨དང་སྡེ་དམངས་འཕེལ་རྒྱས་ཚོགས་པ་༣༩༡༢ཡོད་ཅིང་། རྒྱལ་ས་ནི་ཀ་ཋ་མན་ཊུ་ཡིན་པ་དང་། ལ་ལིག་སྤུར་(Lalitpur)དང་། པོག་ར།(Pokhara) པི་ར་ཐི་ནཱ་གར།(Biratnagar) པིར་ཀ་ཛ་(Biranj)བཅས་བཞི་ནི་རྒྱལ་ས་ཕུད་པའི་གྲོང་ཁྱེར་ཆེན་པོར་ངོས་འཛིན་བྱེད། བལ་ཡུལ་གྱི་མི་གྲངས་ཀྱི་ཐད་ནས་ཞུས་ན། སྤྱི་ལོ་༢༠༡༣ལོར་མི་གྲངས་བྱེ་བ་༢.༨༥༨ལྷག་ཡོད་པ་དང་།  མི་གྲངས་འཕེལ་ཚད་མགྱོགས་ལ་བྱིས་པའི་སྐྱེ་ཚད་༤༢%ལ་སླེབས་ཡོད་པས།[17]འཛམ་གླིང་སྟེང་མི་གྲངས་འཕེལ་རྒྱས་ཧ་ཅང་མགྱོགས་པའི་རྒྱལ་ཁབ་ཀྱི་གྲས་སུ་གཏོགས། འོན་ཏེ་བརྟག་དཔྱད་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན།  བལ་པོའི་བུད་མེད་ཕལ་མོ་ཆེའི་ཚེ་ཚད་རིང་ཞིང་། ཆ་སྙོམས་བྱས་ན་ཧ་ལམ་བུད་མེད་གཅིག་རེས་བྱིས་པ་༦.༣ཙམ་བཙའ་བར་བྱེད་མོད།  བྱིས་པའི་གསོན་ཚད་ཅུང་ཟད་དམའ་བས།  སྐྱེ་ཚད་མཐོ་རུང་གསོན་ཚད་དམའ་བའི་ཁོངས་སུ་གཏོགས་སོ།  །

བལ་པོའི་སྤྱི་སྤྱོད་ཀྱི་ཡི་གེ་ནི་ལེགས་སྦྱར་ཡི་གེའི་རིགས་སུ་གཏོགས་པའི་དེ་བ་ནཱ་ག་རའི་ཡི་གེ་(देवनागरी/devanāgarī)སྟེ། རང་རེས་མཐོང་བ་ཙམ་གྱིས་དེང་དུས་རྒྱ་གར་བས་བེད་སྤྱོད་པའི་ཡི་གེ་དང་གཉིས་སུ་མེད་པ་ལྟ་བུའི་ཡིག་རིགས་ཤིག་ཡོད་ཅིང་།  བྱང་རྒྱུད་ནང་པའི་གྲུབ་མཐའ་ཁག་གི་གསུང་རབ་བསྟན་བཅོས་མང་པོ་ཡི་གེ་འདི་ལས་བསྒྱུར་བ་ཡིན། སྤྱིར་གནའ་བོའི་རྒྱ་གར་ལ་ལེགས་སྦྱར་ལྷ་ཡི་སྐད་གཟུགས་སུ་འབེབས་བྱེད་ཀྱི་ཡི་གེ་མང་དག་ཅིག་བྱུང་མྱོང་བ་ལས། ཕྱིས་དུས་སྐབས་ཤིག་རིང་ནཱ་ག་རའི་ཡི་གེ་དར་ཆེན་པོ་བྱུང་བའི་རྐྱེན་གྱིས་བལ་ཡུལ་དུ་ཡི་གེ་འདིའི་རྒྱུན་མཆེད་པ་ཡིན། ཉེ་རབས་ཀྱི་ལོ་རྒྱུས་སྟེང་བལ་པོའི་ཡུལ་ཡང་ཡ་གླིང་ལྷོ་མའི་རྒྱལ་ཁབ་གཞན་མང་པོ་དང་འདྲ་བར་དབྱིན་ཇིའི་དབང་ཤུགས་ཀྱིས་ཤུགས་རྐྱེན་ཐེབས་ཕྱིར།  དེང་གི་ཆར་ཡང་དབྱིན་ཡིག་གི་སྤྱོད་སྒོ་རྒྱ་ཆེ་ཞིང་།  མི་སེར་ཕལ་པ་ཕལ་ཆེ་བས་སྤྱིའི་ཆ་ནས་དབྱིན་ཇིའི་སྐད་ལམ་ཙམ་རེ་བརྗོད་ནུས།  བལ་ཡུལ་ཁྱོན་དུ་ཡུལ་སྐད་མང་དག་ཅིག་ཡོད་པ་ལས། ནེ་ཝ་རའམ་ནཱི་བཱར་གྱི་སྐད་དང་།  རྟ་མང་གི་སྐད།  ལིམྦྷུའི་སྐད།  སྒོ་རུང་གི་སྐད་སོགས་ཀྱང་སྤྱོད་སྒོ་ཆེ་བའི་ཡུལ་སྐད་ལ་བརྩི་བར་བྱེད་དོ།  །

བལ་པོའི་རྒྱལ་དར་ནི་མཐའ་སྣེ་སྔོན་པོ་དང་དཀྱིལ་དམར་པོ་ཡིན་པའི་ཟུར་གསུམ་ཉིས་བརྩེགས་གཡས་སུ་འཐེན་པ་ཞིག་གིས་གྲུབ་ཅིང་། ཟུར་གསུམ་གོང་མའི་དཀྱིལ་དུ་ཟླ་བ་དཀར་པོ་འོད་ཟེར་བརྒྱད་འཕྲོ་ཅན་ཞིག་དང་། ཟུར་གསུམ་འོག་མའི་དཀྱིལ་དུ་ཉི་མ་དཀར་པོ་འོད་ཟེར་བཅུ་གཉིས་འཕྲོ་བ་ཞིག་ཡོད།  རྒྱལ་རྟགས་ནི་དཀྱིལ་སྟོད་དུ་ཇོ་མོ་གླང་མའི་རི་བོ་མདོག་སྔོན་པོ་ཅན་རྩེ་མོར་བལ་པོའི་རྒྱལ་དར་བཀོད་པ་ཞིག་དང་།རི་འདབས་ལྗང་མདོག་གི་དབུས་སུ་བལ་པོའི་ས་ཁྲའི་རིས་དབྱིབས་དཀར་པོ་ཞིག་ཡོད་ཅིང་། དེ་དག་གི་གཞོགས་གཡས་གཡོན་གཉིས་སྟག་མའི་མེ་ཏོག་ཚོམ་བུ་བདུན་རེས་བསྐོར་བའི་གཤམ་དུ་འབྲས་སྙེ་ཡིས་སྦྲེལ་ཡོད་པ་དང་། འབྲས་སྙེའི་ནང་ངོས་སམ་ས་ཁྲའི་གཤམ་དུ་ཕན་ཚུན་དམ་དུ་འཇུས་པའི་ཕོ་མོའི་ལག་པ་གཉིས་བཅས་ཡོད་ཁར།  རིས་དབྱིབས་དེ་དག་གི་ཞབས་མཐིལ་ནི་གཞུ་དབྱིབས་ལྟ་བུའི་རས་རྒྱན་དམར་པོར་ནཱ་ག་རའི་ཡི་གེའི་ལམ་ནས་“མ་ཡུམ་དང་མེས་རྒྱལ་ཨ་སྔོན་གནམ་ལས་ཀྱང་གཙིགས་ཆེ་”ཞེས་བྲིས་པ་ཞིག་གོ  །བལ་ཡུལ་གྱི་རྒྱལ་དར་དང་རྒྱལ་རྟགས་གཉིས་ཀྱི་རིས་དབྱིབས་ལས་རྒྱལ་ཁབ་དེ་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ས་བབ་ཆགས་ཚུལ་དང་རང་བྱུང་གི་ཁོར་ཡུག་མཚོན་ལ།ཆོས་ལུགས་རིག་གནས་སོགས་ཕྱོགས་མང་པོའི་ཐད་ནས་འགྲེལ་བརྗོད་བྱ་རྒྱུ་ཡོད་གཤིས། བལ་པོའི་རྒྱལ་དར་དང་རྒྱལ་རྟགས་ལ་རྒྱལ་ཁབ་དེའི་ཆགས་ཡུལ་རགས་ཙམ་ཤེས་བྱེད་ཀྱི་མེ་ལོང་ལྟ་བུའི་ནུས་པ་ཡོད།

6.jpg

གཅིག   །རིགས་རྒྱུད་ཀྱི་ཁུངས། 

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།“བལ་ཡུལ་དེ་ཕྱོགས་ཐམས་ཅད་རིས་བསྐོར་བའི་ལུང་མཐིལ་གྱི་ཐང་དུ་ཆགས། ཡུལ་མི་གསུམ་ཆ་གཅིག་ཙམ་བོད་རང་གི་རིགས་སུ་གཏོགས།  ཡུལ་མིང་ཡང་འཕན་པོ་དང་།  ཕམ་ཐང་།  རྟ་མང་།  གཙང་ཁུག་སོགས་བོད་སྐད་འདྲ་བ་མང་། མི་ཁྱིམ་འགའ་རེ་ལ་ཀློག་མི་གཏུབ་པའི་སྐད་བོད་ཡིག་ཏུ་བྲིས་པའི་གླེགས་བམ་སོགས་ཀྱང་འདུག་”[18]ཅེས་དང་། “རྒྱ་བོད་གཉིས་ཀའི་རིགས་འདྲེས་པའི་བལ་པོ་རྣམས་”[19]ཞེས་གསུངས་པ་ལྟར།  བལ་པོའི་མི་རྒྱུད་ཕལ་ཆེ་བ་རྒྱ་གར་བའི་རྒྱུད་དང་མཐུན་པ་ཤས་ཆེ་ཡང་།  བོད་པ་དང་ཁུངས་གཅིག་པའི་རིགས་མི་ཉུང་བ་ཞིག་ཡོད་ལ།  སྤྱིར་བལ་པོའི་མི་རྒྱུད་ནི་མི་རིགས་འདྲེས་མའི་རིགས་སུ་གཏོགས་སོ།  །འདི་ཡང་ཡིན་ཏེ།  བཙན་པོ་སྐུ་ཕྲེང་བཞི་པས་ཀྱང་། “བལ་ཡུལ་གྱི་མི་རིགས་ལ་བལ་པོ་དངོས་དང་།  དེ་མ་ཡིན་པ་རྒྱ་གར་བ་དང་།  བོད་ཀྱི་རིགས་ཅན་དང་། ཀློ་པ་དང་།  མོན་པའི་རིགས་སུ་གཏོགས་པ་སོགས་མང་པོ་ཡོད་”[20]ཅེས་གསུངས་སོ།  །དེ་ལྟར་སྔར་གྱི་འབྲེལ་ཡོད་ཡིག་ཆར་བོད་པའི་རྒྱུད་པ་དེ་ཁུལ་དུ་མཆེད་པའམ་དེ་ཁུལ་དུ་བོད་པ་ཡོད་པར་བཤད་པ་ཤིན་ཏུ་བདེན་ཏེ། དེང་གི་ཆར་ཡང་བལ་པོའི་རྒྱལ་ཁོངས་སུ་གཏོགས་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་འཚོ་སྡོད་བྱེད་མཁན་མང་ཆེ་བ་བོད་པ་ཡིན་ལ།  ས་བབ་དམའ་སར་གཞིས་ཆགས་པའི་བོད་པ་དང་བལ་བོད་འདྲེས་པའི་བལ་པོ་ནི་ཇི་ལྟར་ཡིག་ཚང་དུ་བསྟན་པ་དེ་དེ་བཞིན་དུ་དངོས་སུ་ཡོད་པས་སོ།  །དེ་ཡང་བལ་ཡུལ་གྱི་ཁོངས་སུ་བོད་ཀྱི་ཤེས་རིག་གི་སྲོལ་རྒྱུན་མ་ཉམས་པར་མཆིས་པའི་གནས་མང་ཞིང་།  ནང་པའི་གནས་མཆོག་ཕལ་མོ་ཆེ་དེང་སང་བོད་རིགས་ཆོས་དད་པ་དག་གིས་བདག་གཉེར་བྱེད་པ་གང་ཞིག  །བོད་སྐད་ཡིག་རིག་གནས་ཀྱི་འཛིན་སྐྱོང་ཡང་མ་ཉམས་པ་ཙམ་ཡོད་པའི་སྟབས་ཀྱིས།  བོད་ཡིག་གིས་བྲིས་པའི་དཔེ་རྙིང་མང་པོ་ཉར་ཚགས་ཐུབ་ཡོད་ལ།  བོད་ཀྱི་རིག་གནས་དང་འབྲེལ་བའི་རིག་གནས་དངོས་རྫས་ཀྱང་ཕོན་ཆེན་པོ་ཡོད།  གཞན་ཡང་བལ་ཡུལ་ནང་གི་གྲོང་དང་གྲོང་གསེབ་མང་དག་ཅིག་ཏུ་དར་ལྕོག་བཙུགས་པའི་རྣམ་པ་མཐོང་རྒྱུ་མང་ཞིང་།  དེ་ལྟ་བུའི་སྣང་ཚུལ་མཆིས་པ་ནི་དེ་ཁུལ་དུ་གནའ་བཅའ་བའི་སྐྱེ་བོ་མི་ཉུང་བ་ཞིག་བོད་པའི་མི་རྒྱུད་དང་འབྲེལ་ཡོད་པའམ་ཡང་ན་ཁུལ་དེ་རིགས་བོད་ཀྱི་ཤེས་རིག་གི་ཁྱབ་ཁོངས་སུ་གཏོགས་པའི་མི་སྡེ་འབའ་ཞིག་ཡིན་ངེས།  གང་ལྟར་དེང་གི་ཆར་ནང་པའི་གནས་མཆོག་ལ་བོད་པས་སྣང་ཆེན་པོས་བདག་གཉེར་བྱེད་པ་ལ་ནང་ཆོས་རིག་གནས་བྱུང་འཕེལ་ལོ་རྒྱུས་ཀྱི་ས་ཆའི་ཆ་ནས་ཡིན་སྲིད་པར་བསམ་གཞིག་བྱ་རྒྱུ་ཡོད་ལ།  ལྷག་པར་འདས་སོང་ལོ་ངོ་ཆིག་སྟོང་ལྷག་གི་ནང་ཚུན་ནང་པའི་རིག་གནས་ཀྱིས་བོད་པའི་འདུ་ཤེས་འཛིན་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་འབྲེལ་བ་ཡོད་ངེས་པས།  དེ་ཙམ་ཡ་མཚན་རྒྱུ་དང་ཧ་ལས་རྒྱུ་མེད་པ་ལྟར་སྣང་མོད།  དར་ལྕོག་འཛུགས་པ་སོགས་ནི་བོད་པའི་གདོད་མའི་དད་མོས་རིག་གནས་དང་འབྲེལ་བ་ཡོད་པར་དེང་གི་མཁས་པས་བཞེད་ཕྱིར།  སྣང་ཚུལ་དེ་ལས་བལ་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ་ཟབ་མོ་ཡོད་པ་རང་ཤུགས་སུ་དཔོག་ནུས།

འོ་ན་བལ་པོའི་མི་རྒྱུད་ལ་ཁུངས་མི་འདྲ་བ་ཁ་ཤས་འབྱུང་ཕྱིར།བལ་པོའི་རྒྱལ་ཁོངས་སུ་གནས་འཆའ་བའི་མི་རིགས་ཀྱང་མི་ཉུང་བ་ཞིག་ཡོད་ངེས་ན།  དེ་དག་ལས་གཙོ་བོ་གང་ལགས་ཤེ་ན།  དེའི་ཐད་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “མ་རྨོས་པའི་འབྲས་སཱ་ལུ་རྣམས་ཀྱང་ནགས་ཀྱི་བར་དུ་སྐྱེས་པས་གངས་ཅན་སཱ་ལའི་ལྗོངས་ཞེས་གྲགས་ཤིང་།  དེ་ལ་ནཱི་བཱར་ཟེར་བས་བལ་ཡུལ་སོགས་ཀྱི་རི་འདིའི་ཁོངས་སུ་སྡོད་པའི་མི་རིགས་ཚུན་ཆད་ལ་ཡང་ནཱི་བཱར་སྟེ་སཱལ་བ་ཞེས་དེང་སང་གི་བར་དུ་མིང་དེ་ག་ཆགས་”[21]ཞེས་གསུངས་པ་ལྟར། གཙོ་བོར་གྱུར་པའི་མི་རིགས་ནི་ནེ་བལ་ཞེས་འབོད་པ་ལགས་སོ།  །གོང་དུ་སོང་མ་ཐག་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ལས།  བལ་པོའི་མི་རིགས་གཙོ་བོ་གང་ཡིན་ཤེས་ནུས་པ་མ་ཟད།  མི་རིགས་དེའི་འབྲུ་རིགས་ཀྱི་གཙོ་བོ་དང་རང་བྱུང་གི་ཁོར་ཡུག་དཔོག་ནུས་ལ།  རང་རེ་བོད་ཀྱི་ཡིག་ཚང་དུ་ལན་མང་འབྱུང་བའི་གངས་ཅན་སཱ་ལའི་སྨན་ལྗོངས་ཞེས་བྱ་བའི་ཐ་སྙད་ཀྱི་བརྡ་དོན་ལ་ཡང་གོ་བ་སྤྲད་ཡོད་དེ།  སྤྱིར་སཱ་ལའི་ལྗོན་པ་ནི་སྤོས་དཀར་གྱི་ཤིང་ལ་གོ་བས་སོ།  །བལ་ཡུལ་ནང་གི་བོད་པ་དང་འབྲེལ་བའི་རིགས་རྒྱུད་མང་པོ་ཡོད་པ་ལས་རྟ་མང་གི་རིགས་ལ་སྤྱི་ལོ་༢༠༡༡ལོར་བསྡོམས་རྩིས་བྱས་པ་ལྟར་ན་མི་གྲངས་ས་ཡ་༡.༥༣ཙམ་ཡོད་ཅིང་།  བལ་པོའི་ནང་ཁོངས་ཀྱི་མི་རིགས་ཨང་ལྔ་པར་བརྩི་[22]བར་བྱེད།  རྟ་མང་བ་ཕལ་མོ་ཆེས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡོད་ནའང་།  ཁག་གཅིག་གིས་བོན་ལ་དད་པ་བྱེད་ཀྱི་ཡོད།  དེ་མིན་སྒོ་རུང་གི་རིགས་ལའང་མི་གྲངས་འབུམ་༥.༢༢ཙམ་ཡོད་ཅིང་།  ཤར་པའི་རིགས་ལ་འབུམ་༡ལྷག་མཆིས་པ་སོགས་བོད་པའི་རིགས་རྒྱུད་ལས་མཆེད་པའི་མི་རིགས་དག་གིས་བལ་པོའི་མི་འབོར་སྤྱིའི་བསྡུར་གྲངས་ཆེ་ཙམ་ཟིན་ཡོད།  

གཉིས། བྱུང་རབས་བསྡུས་གསལ།

རང་རེའི་ཡིག་ཚང་ཁག་ཏུ་ཉེ་རབས་ཡར་སྔོན་གྱི་བལ་པོར་བལ་ཡུལ་རྒྱལ་ཁག་གསུམ་ཞེས་འབོད་པ་དེ་དག་ནི།  ཡམ་བུ་དང་།  ཡེ་རང་།  ཁོ་ཁོམ་བཅས་ཡིན་པ་དང་།  འདི་གསུམ་བོད་སྐད་ཀྱི་མིང་ཡིན་པར་བརྗོད་མཁན་ཡང་འདུག་ཅིང་།  ཡམ་བུ་ནི་ད་ལྟའི་ཀ་ཋ་མཎ་ཊུ་དང་།  ཡེ་རང་ནི་པ་ཋན།  ཁོ་ཁོམ་ནི་བྷག་ཏ་པུར་བཅས་ཡིན་པའོ།  །

དེང་སང་བལ་པོའི་ལོ་རྒྱུས་སྨྲ་བ་དག་གིས་བལ་པོའི་ལོ་རྒྱུས་ཀྱི་དུས་རིམ་ཐད་གནའ་བོའི་སྐབས་དང་།  དུས་རབས་བར་མའི་སྐབས།  ཉེ་རབས་ཀྱི་སྐབས།  དེང་རབས་ཀྱི་སྐབས་བཅས་ཁག་བཞིར་བགོས་ནས་གླེང་བར་བྱེད་པ་ལས།  གནའ་བོའི་དུས་སྐབས་ནི་ངག་རྒྱུན་ལོ་རྒྱུས་ཀྱི་སྐབས་ནས་མ་ལླའི་རྒྱལ་རབས་བར་(གནའ་བོའི་དུས་ནས་དུས་རབས་༡༣པའི་བར་)དང་།  དུས་རབས་བར་མ་ནི་མ་ལླའི་རྒྱལ་རབས་འགོ་ཚུགས་ཤིང་མ་ལླ་རྒྱལ་ཁག་གསུམ་དུ་གྱེས་པ་ནས་མཐར་གོརྵ་བས་བལ་པོ་གཅིག་གྱུར་བྱས་པའི་བར།(༡༣༢༨ནས་༡༧༦༨) ཉེ་རབས་ཀྱི་དུས་སྐབས་ནི་གོརྵའི་དཔུང་གིས་ཀ་ཋ་མན་ཊུའི་ལུང་གཞུང་དབང་དུ་བསྡུས་པ་ནས་བལ་ཡུལ་སླར་ཡང་གཅིག་གྱུར་བྱུང་ཞིང་རིམ་པར་དབྱིན་ཇིའི་དབང་འོག་ཏུ་ཚུད་དེ་མཐའ་འཇུག་རཱ་ནའི་ཁྱིམ་རྒྱུད་ཀྱིས་དབང་བསྒྱུར་བའི་དུས་མཇུག་བར།(༡༧༦༩ནས་༡༩༥༠) དེང་རབས་ཀྱི་དུས་སྐབས་ནི་བལ་པོ་རཱ་ནའི་སྲིད་དབང་གི་དབང་སྒྱུར་མཇུག་རྫོགས་ཤིང་དབྱིན་ཇིའི་དབང་སྒྱུར་ཡང་མཇུག་སྒྲིལ་བ་ནས་དེང་གི་བར་(༡༩༥༡ལོ་ནས་ད་ལྟའི་བར་) བཅས་སོ།  །

ཡུལ་དེའི་དམངས་ཁྲོད་ཀྱི་ངག་རྒྱུན་ལ།  ནེ་པ་ལའི་ལུང་གཞོང་འདི་ལ་ཆེས་སྔ་མོའི་དུས་སུ་ནཱ་ག་ད་ཧ་(Naga Dah)ཞེས་འབོད་པའི་སྦྲུལ་མཚོ་སྟེ་ཀླུ་ཡི་མཚོ་ཆེན་པོ་ཞིག་ཡོད་པ་ལ།  འཕགས་པའི་མི་ཞིག་བྱོན་ཏེ་པདྨའི་ས་བོན་མཚོའི་ནང་དུ་གཏོར་བའི་མཐུས།  ནམ་ཞིག་ན་མཚོའི་ནང་ནས་པདྨ་རྐང་གཅིག་མཚར་སྡུག་ལྡན་པར་སྐྱེས་པ་དང་།  ལྷ་ཆེན་ཚངས་པ་ཆེན་པོའང་དེར་བཞུགས་ཤིང་།  པདྨའི་འོད་ཟེར་ཕྱོགས་བཞིར་འཕྲོས།  དེ་ནས་དུས་ཕྱིས་ཀྱི་ཉིན་ཞིག་ལ་སངས་རྒྱས་གཙུག་ཏོར་ཅན་ཕེབས་ཏེ་མེ་ཏོག་པདྨའི་ཚལ་དུ་གདན་བཏིངས་ཤིང་།  མེ་ཏོག་འབུམ་གཅིག་གིས་ལྷ་ཆེན་པོར་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཉེས་པར་བྱས།  དེ་ནས་ཡང་འཕགས་པ་འཇམ་དཔལ་བྱོན།  མཚོ་མོའི་ལྷོ་ཕྱོགས་ཀྱི་རི་བོ་ཆེན་པོ་དེ་ཉིས་བཤགས་བྱས་པ་ལས་ཆུ་རྣམས་སོ་སོར་གྱེས་ནས་ད་ལྟའི་ས་ཡི་ཆ་ཤས་དག་མངོན་པར་འཕགས་སྐད་དོ།  །[23]ཕྱིས་སྐབས་ཤིག་རིང་རྒྱལ་པོ་ཆེ་ཆུང་མང་པོས་ཡུལ་གྲུ་དེར་དབང་བསྒྱུར་བ་ལས་མཚན་ལ་ནེ་མུ་ནེ་བྱ་བ་ཞིག་གིས་དབང་སྒྱུར་བྱེད་རིང་། རྒྱལ་ཁབ་འབྱོར་ཕྱུག་ལྡན་ཞིང་དམངས་རྣམས་བདེ་སྐྱིད་དང་ལྡན་པ་བྱུང་ལ།  རྒྱལ་ཁབ་ཀྱི་མིང་ལ་ཡང་ནེ་པ་ལ་ཞེས་ཐོགས་སྐད།  ནེ་པ་ལ་ཞེས་པའི་“ནེ་”ནི་ནེ་མུ་ནེ་དང་།  “པ་ལ་”ནི་སྐྱེད་པའམ་བསྐྱངས་པའི་དོན་ཡིན་པར་བཤད་དོ།  །དེང་གི་ས་གཤིས་དཔྱད་ཞིབ་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་གོང་སྨོས་གཏམ་རྒྱུད་ཁྲོད་མཚོ་མོ་དང་འབྲེལ་ཏེ་གྲུབ་པར་བརྗོད་པའི་སྐམ་སའི་ལུང་གཞོང་ནི་ཛཱོ་ཕ་ར་ཞེས་པའི་ཡུལ་ཡིན་པ་དང་། དེ་ལ་ལོ་ངོ་འབུམ་གཉིས་ཀྱི་ལོ་རྒྱུས་ཡོད་པར་འདོད་དོ།  །[24]

སྤྱི་ལོའི་དུས་རབས་བཅུ་གསུམ་ནས་བཅུ་བཞིའི་བར་བྱུང་བའི་བལ་པོའི་ལོ་རྒྱུས་ཡིག་ཚང་གཞིར་བྱས་ཚེ།  ཆེས་ཐོག་མའི་རྒྱལ་རབས་ནི་གོ་པ་ལའི་རྒྱལ་རབས་(Gopala)ཡིན་པ་དང་།  དེའི་རྗེས་སུ་ཁི་ར་ཏིའི་རྒྱལ་རབས་(Kiranti)བྱུང་བར་སྣང་།  རྒྱལ་རབས་དེ་གཉིས་ཀྱི་སྐོར་ལ་ཁུངས་བཙུན་པའི་ལོ་རྒྱུས་དཔྱད་གཞི་མེད་མོད།   ངག་རྒྱུན་ལྟར་ན།  ཁི་ར་ཏིའི་རིགས་ནི་ཐོག་མར་ཧི་མ་ལ་ཡའི་རི་ལྡེབས་སུ་གནས་བཅས་ཡོད་པ་ལ།  ཕྱིས་ཤིག་མར་ལུང་གཞོང་དུ་བབས་ཏེ་ཡུལ་དེའི་མི་རྣམས་ལ་དབང་བསྒྱུར་སྐད།  དོན་དངོས་ཐོག་གོ་པ་ལའི་རྒྱལ་རབས་ཀྱི་རྗེས་ལ་ཨ་ཤི་ར་རྒྱལ་རབས་(Ahira)དང་།  དེའི་རྗེས་སུ་ཁི་ར་ཏི་རྒྱལ་རབས།(སྤྱི་ལོའི་སྔོན་གྱི་དུས་རབས་༦ནས་སྤྱི་ལོ་དུས་རབས་༤བར་ཙམ་)དེའི་རྗེས་སུ་ལི་ཙ་བཱིའི་རྒྱལ་རབས་(དུས་རབས་༤ནས་དུས་རབས་༡༣པའི་བར་)བྱུང་ཡོད་ཅིང་།  ཁི་ར་ཏིའི་རྒྱལ་རབས་ནི་ཧ་ལམ་མཽརྱའི་རྒྱལ་རབས་དང་དུས་མཉམ་པ་ཙམ་སྟེ།  ཆོས་རྒྱལ་མྱ་ངན་མེད་སྟོན་པའི་འཁྲུངས་གནས་མཇལ་བར་ཕེབས་ཏེ་རྡོ་རིང་བསླངས་པའི་སྐབས་ཙམ་ལ་ཡིན་པ་དང་།  དེ་དག་ལས་ལི་ཙ་བཱིའི་རྒྱལ་རབས་ནི་བལ་པོའི་ལོ་རྒྱུས་སྟེང་ཡིག་ལམ་ལོ་རྒྱུས་ཡོད་པའི་རྒྱལ་རབས་ཐོག་མ་དེའོ།  །དུས་རབས་བདུན་པའི་སྐབས་ལི་ཙ་བཱིའི་རྒྱལ་རབས་འདི་དར་རྒྱས་ཆེས་ཆེ་བས། སྤུ་རྒྱལ་དང་བལ་པོའི་དབར་གྱི་གཞུང་ཕྱོགས་ཀྱི་འབྲེལ་བའང་སྐབས་དེ་ཤེད་ན་བྱུང་ཞིང་། ཏུན་ཧོང་ཡིག་རྙིང་དུ་བལ་པོའི་རྒྱལ་སྲིད་ལ་རྩོད་རྙོག་བྱུང་སྟེ་སྤུ་རྒྱལ་གྱིས་དམག་བཏང་བའང་དུས་སྐབས་དེ་ཙམ་ལ་འཁེལ་བའོ།  །གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “བལ་ཡུལ་དུ་སྔོན་གྱི་ཆོས་རྒྱལ་བྱུང་བ་ལ། ལི་ཙ་བིའི་རིགས་དང་། ཋ་ཀུ་རའི་རིགས་གཉིས་ཡོད་པས། སྔ་མས་ཤར་ངོས་དང་ཕྱི་མས་ཤས་ཆེར་བལ་ཡུལ་ནུབ་ཏུ་རྒྱལ་སྲིད་བསྐྱངས་”[25]ཞེས་གསུངས་པར་ལི་ཙ་བི་དང་ཋ་ཀུ་རའི་རིགས་གཉིས་བྱུང་བ་ལས། བལ་བཟའ་ཁྲི་བཙུན་གྱི་ཡབ་ནི་ཋ་ཀུ་རའི་རིགས་ཏེ་བྷ་གུཔྟའི་རིགས་ཀྱི་རྒྱུད་པ་ལས་བྱུང་བར་གྲགས་པས། དུས་སྐབས་དེར་རིགས་རྒྱུད་དེ་གཉིས་པོ་བལ་ཡུལ་གྱི་གཙོ་བོའི་སྟོབས་ཤུགས་ཡིན་པས་རིགས་པས་དཔོག་ནུས།  དེ་ནས་བལ་པོའི་ལོ་རྒྱུས་ཀྱི་རྩིབས་སྟོང་འཁོར་ལོ་རིམ་གྱིས་འཁོར་བའི་ལོ་རྒྱུས་ཀྱི་དུས་ཡུན་ཅུང་རིང་མོ་ཞིག་གི་རྗེས་ལི་ཙ་བཱི་རྒྱལ་རྒྱུད་ཀྱི་སྲིད་དབང་སྣུམ་ཟད་མར་མེའི་དཔེ་ཟླར་གྱུར་པ་དང་།  སྐབས་ཤིག་རིང་བལ་པོའི་ལོ་རྒྱུས་མུན་ནག་གི་ཁྲོད་དུ་ལུས་པས།  ལོ་ངོ་བརྒྱ་ཕྲག་འགའི་བྱུང་རབས་གསལ་པོར་བཀོད་པ་ཞིག་ཀྱང་མཇལ་དུ་མེད་པར་གྱུར་ཡོད་ཅིང་།  དུས་རབས་བཅུ་གསུམ་པ་ནས་ད་གཟོད་ཀ་ཋ་མན་ཊུ་དང་དེའི་ཉེ་འཁོར་རྒྱུད་ལ་རྒྱལ་ཕྲན་ཆུང་ཆུང་མང་དུ་བྱུང་།  དེང་གི་ཞིབ་འཇུག་པའི་དཔྱད་འབྲས་ལས་བསྟན་[26]པར།  ལི་ཙ་བཱིའི་རྒྱལ་རབས་ནི་སྤྱི་ལོ་༤༦༤ལོར་བཙུགས་ཤིང་།  སྤྱི་ལོ་༨༧༩ལོ་ཙམ་ལ་འཇིག་པ་ཞིག་དང་།   དུས་ཕྱིས་འཇིག་ལོ་དེ་ནེ་པ་ལའི་ལོ་འགོར་བརྩི་སྲོལ་བྱུང་འདུག  །

དུས་རབས་བཅུ་གསུམ་པའི་རྗེས་སུ་བལ་ཡུལ་དུ་རྒྱལ་ཕྲན་ཁག་གཅིག་བྱུང་ཡོད་པ་ལས།  སྟོབས་ཆེ་ཤོས་ནི་རྒྱལ་རྒྱུད་རྙིང་པ་དེ་བའི་རྒྱལ་རྒྱུད་དང་མ་ལླའི་རྒྱལ་རྒྱུད་གཉིས་ཡིན།  དེ་གཉིས་ལས་ཀྱང་སྤྱི་ལོ་༡༣༢༨ལོ་ཙམ་ལ་དངོས་སུ་བཙུགས་པའི་མ་ལླ་རྒྱལ་རབས་ནི་སྐབས་དེའི་བལ་པོའི་སྟོབས་ཤུགས་ཆེ་ཤོས་ཀྱི་སྲིད་དབང་ཡིན་ཞིང་།  དེས་ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་བལ་པོའི་ཡུལ་དབུས་སུ་མངའ་དབང་བསྒྱུར་བ་དང་།  དུས་རབས་བཅོ་ལྔའི་མཇུག་ཙམ་སྟེ་སྤྱི་ལོ་༡༤༨༢ལོ་ཡས་མས་ཙམ་ནས།  རྒྱལ་རབས་འདི་ཀཱནྟི་པུར་དང་། བྷ་ཏ་པུར། ལི་ལིཏ་པུར་བཅས་གསུམ་དུ་གྱེས་སོ།  །གཞན་བལ་ཡུལ་ཤར་ནུབ་གཉིས་སུའང་རྒྱལ་ཕྲན་སིལ་མ་མང་དུ་འཕེལ་བ་ལས།  ཡ་རྩེ་དང་།  ཀརྣཱ་ཊ།  སེ་ན་རྒྱལ་རྒྱུད་བཅས་སྟོབས་ཆེའི་རྒྱལ་ཕྲན་གསུམ་ལ་ངོས་འཛིན་བྱེད།[27]དེ་ལྟར་ནའང་རིམ་གྱིས་ཁ་སའམ་ཡ་རྩེ་རྒྱལ་རབས་ཁ་འཐོར་ཞིང་། ཀརྣཱ་ཊ་རྒྱལ་རབས་རྩ་མེད་དུ་སོང་བ་དང་།  བལ་ཡུལ་ནང་དེ་བས་མང་བའི་རྒྱལ་ཕྲན་སིལ་མ་ཉེར་གཉིས་དང་ཉེར་བཞིའི་དབྱེ་བ་བྱུང་གཤིས།  སྟོབས་ཤུགས་ཁ་འཐོར་ནས་ཉམས་ཞན་དུ་གྱུར་པའི་སྐབས་གོརྵའི་སྟོབས་ཤུགས་ཇེ་ཆེར་འཕེལ་ཏེ་རིམ་གྱིས་བལ་ཡུལ་ཡོངས་གཅིག་གྱུར་བྱས་པའོ།  །དེ་ཡང་། སྤྱི་ལོ་༡༧༦༨ལོར་གོརྵས་མ་ལླ་རྒྱལ་རབས་ཕམ་ཉེས་སུ་བཏང་བ་དང་། སྤྱི་ལོ་༡༧༦༩ལོ་ནས་བཟུང་ཀ་ཋ་མན་ཊུའི་ལྗོངས་ལ་དབང་བསྒྱུར་བའི་འགོ་བརྩམས་ལ། གོརྵ་བས་ཕྱོགས་བཞིར་སྟོབས་ཤུགས་རྒྱ་བསྐྱེད་པའི་དབང་གིས་བར་སྐབས་ཤིག་རིང་བོད་ས་གནས་སྲིད་གཞུང་དང་བལ་པོའི་དབར་གྱི་འབྲེལ་བ་ཇེ་ཞན་དུ་སོང་མ་ཟད།  མཐར་དམག་འཁྲུག་ཀྱང་བྱུང་ངོ་།  །དེ་ལྟ་བུའི་སྐབས་དེའི་བལ་པོའི་སྟོབས་ཤུགས་ཀྱི་གཙོ་བོར་གྱུར་པའི་“གོརྵ་པ་རྣམས་ནི་རྒྱ་གར་རཱ་ཛ་པུ་ཏ་ནའི་བརྒྱུད་པ་ཡིན་”[28]པར་གྲགས་ཤིང་། “ནུབ་ཕྱོགས་ར་ཇི་པུ་ཏ་ན་རྣམས་རང་མགོ་འཛིན་ཅིང་།  ཀླ་ཀློའི་རྒྱལ་པོ་དང་དགྲ་གྲོགས་རེས་མོས་སུ་བྱས་ཏེ་ཡུན་རིང་བསྡད།  འདི་དག་རྒྱ་གར་གྱི་མི་དཔའ་བོའི་ཚད་འཛིན་ས་ཡིན་ཞིང་།  ད་ལྟའི་བལ་ཡུལ་གོརྵའི་རྒྱལ་པོ་སོགས་ཀྱང་རིགས་འདི་ལས་མཆེད་”[29]པ་ཡིན་པས།  དེང་སང་ཡང་རིགས་འདི་མི་རྒོད་པོ་སྙིང་སྟོབས་ཅན་ལ་བརྩི་ཞིང་།  གོརྵའི་དཔའ་རྒོད་ཀྱི་སྐུ་བརྙན་གྱི་རིགས་བལ་པོའི་གྲོང་ཁྱེར་མང་པོའི་བཞི་མདོ་རུ་འགྱིང་ངེར་བཞེངས་ཡོད་དོ།  །

སྤྱི་ལོ་༡༨༡༤ལོར་དབྱིན་བལ་དམག་འཁྲུག་བྱུང་རྗེས།  གོརྵ་ཕམ་སྟེ་ཧི་མ་ལ་ཡའི་ལྷོ་རོལ་རི་ལྗོངས་ས་ཁུལ་ལ་དབང་བྱེད་པའི་ནུས་པ་རིམ་གྱིས་ཤོར་བ་དང་།  སྤྱི་ལོ་༡༨༤༦ལོའི་ཟླ་༩ཚེས་༡༥ཉིན་རཱ་ནའི་ཁྱིམ་རྒྱུད་ཀྱིས་སྲིད་འགྱུར་བསླངས་ཏེ་སྐབས་དེའི་སྲིད་དབང་མགོ་རྟིང་བསློགས་ཤིང་།  རྒྱལ་པོའི་དབང་ཆ་འཕྲོག་ནས་ཟུར་དུ་དབྱུང་བས།  རཱ་ནའི་ཁྱིམ་རྒྱུད་ཀྱིས་བལ་ཡུལ་ལ་ལོ་ངོ་བརྒྱ་དང་ལྔའི་རིང་དབང་བསྒྱུར་བའི་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས་ལ། ཁྱིམ་རྒྱུད་འདིས་སྔ་ཕྱིར་དབུ་བཞུགས་བློན་ཆེན་རབས་བཅུའི་གོ་གནས་བཟུང་སྟེ་བལ་ཡུལ་གྱི་སྲིད་བསྐྱངས་ཡོད།  ༡༩༥༠ལོར་སྐབས་དེའི་བལ་རྒྱལ་ཋྲི་པི་ཝུན་བྱ་བ་རཱ་ནའི་དབང་སྒྱུར་ལས་བྱོལ་ཏེ་རྒྱ་གར་དུ་བྲོས་པ་ལ། རཱ་ནའི་གཞུང་གིས་རྒྱལ་པོ་ཁོང་སྲིད་སྟེགས་ལས་བཤོལ་བ་ཡིན་ནོ་ཞེས་བསྒྲགས་ཁར། ལོ་ན་གསུམ་ཙམ་ལས་མེད་པའི་དབོན་སྲས་ཤིག་ཁྲི་ལ་བཀོད།  དེར་བལ་པོའི་ཡུལ་ཁག་སོ་སོར་ངོ་རྒོལ་གྱི་ཁེང་ལོག་བྱུང་བ་མ་ཟད། རྒྱལ་སྤྱིའི་གནོན་ཤུགས་ཀྱང་བྱུང་བ་བཅས་ལ་བརྟེན་ནས། རཱ་ནའི་ཁྱིམ་རྒྱུད་ཀྱིས་དབང་ཆ་སླར་གསོ་བྱུང་བ་ཁས་བླངས་པས། ལོ་ཕྱི་མར་བལ་རྒྱལ་ཕྱིར་ལོག་པ་དང་།  ལོ་དེའི་ཟླ་༢ཚེས་༡༨ཉིན།  བལ་རྒྱལ་གྱིས་རཱ་ནའི་དབང་སྒྱུར་མཇུག་རྫོགས་པ་དྲིལ་བསྒྲགས་བྱས་ཤིང་། རྒྱལ་པོའི་ལམ་ལུགས་འོག་གི་ཁྲིམས་ལྡན་རྒྱལ་ཁབ་ཀྱི་སྒྲིག་གཞི་བཙུགས་ཁར།  ལོ་རེའི་ཟླ་༢ཚེས་༡༨ཀྱི་ཉིན་དེ་ནི་བལ་པོའི་རྒྱལ་ཁབ་ཀྱི་དམངས་གཙོའི་ཉིན་མོ་ཡིན་པར་གཏན་འཁེལ་བྱས་སོ།  །དེ་ལྟ་ནའང་སྐབས་དེ་དུས་ནས་བཟུང་བལ་པོའི་རྒྱལ་ཁབ་དུས་བདེ་ལྷིང་འཇགས་དང་སྲིད་དབང་གཏན་འཇགས་སུ་གྱུར་པ་ཞིག་བྱུང་མེད་པར། སྲིད་ཀྱི་སྒྲིག་གཞིར་འགྱུར་བ་ཐེངས་འགའ་བྱུང་ཞིང་། གྲོས་ཚོགས་ལམ་ལུགས་ཚུགས་པ་དང་ཆབས་ཅིག་སྲིད་ཚོགས་གཞན་པའང་འགའ་ཞིག་བྱུང་སྟེ་དབང་རྩོད་བར་མི་ཆད་པ་བྱུང་།

སྤྱི་ལོ་༡༩༩༠ལོར་བལ་པོས་ལོ་ངོ་ཉེར་བརྒྱད་ལྷག་རྒྱུན་བསྐྱངས་པའི་གྲོས་ཚོགས་ལམ་ལུགས་རྙིང་པ་གཏོར་ཏེ་སྲིད་ཚོགས་མང་པོའི་ལུགས་ཀྱི་གྲོས་ཚོགས་ལམ་ལུགས་གསར་པ་ཞིག་བཙུགས་མོད།  སྤྱི་ལོ་༢༠༠༡ལོའི་རྒྱལ་པོའི་ཕོ་བྲང་གི་སྐྱོ་གར་དེའི་འཕྲོ་ནས་ལམ་ལུགས་དེར་ཡང་གློ་བུར་བའི་འགྱུར་ལྡོག་བྱུང་ཞིང་།  ལོ་དེའི་ཟླ་༦ཚེས་༡ཉིན་རྒྱལ་པོ་ཡབ་ཡུམ་ཚུད་པའི་ཕོ་བྲང་ནང་མའི་མི་བཅུ་གསུམ་གྱི་སྲོག་ཤོར་བའི་དོན་རྐྱེན་བྱུང་བ་དང་།  ཕྱིས་སུ་བྱེད་གཏེ་ནི་རྒྱལ་སྲས་དེ་ཕནྡྲ་ཡིན་པར་གྲགས་ནའང་། དོན་དངོས་ཐོག་ཁོང་ཡང་དོན་རྐྱེན་དེའི་ཁྲོད་རྨས་སྐྱོན་ཕོག་ཡོད་པ་མ་ཟད།  དེའི་རྐྱེན་གྱིས་རྒྱལ་པོར་བསྐོས་ནས་ཉིན་གསུམ་གྱི་རྗེས་སུ་དགོངས་པ་རྫོགས་པས་རྒྱལ་པོའི་གཅུང་པོ་ཆེ་བ་ཅཱ་ནནྡྲ་ཁྲིར་བཀོད། དོན་རྐྱེན་འདིས་རྐྱེན་པའི་བལ་པོའི་ནང་ཁོངས་སུ་སྲིད་གཞུང་ལ་ཡིད་ཆེས་ཉམས་པའི་གནས་ཚུལ་བྱུང་ཞིང་། མའོ་ཡི་རིང་ལུགས་ཞེས་པའི་སྲིད་ཚོགས་གཙོ་བོ་ཡིན་པའི་ཆབ་སྲིད་ཚོགས་པ་ཁག་གི་གྱེན་ལོག་ལས་འགུལ་ཡང་བསྟུད་མར་ལངས་པ་དང་། སྤྱི་ལོ་༢༠༠༨ལོར་མའོ་ཡི་རིང་ལུགས་གཙོ་བོར་བྱས་པའི་བལ་པོའི་སྲིད་ཚོགས་བརྒྱད་ཀྱིས་ཐུན་མོང་ཐོག་སྲིད་གཞུང་བཙུགས་ཏེ་རྒྱལ་པོའི་ལམ་ལུགས་ཡོངས་སུ་མཇུག་སྒྲིལ་བར་ཁྱབ་བསྒྲགས་བྱས་པས།  དེ་ནས་བཟུང་བལ་པོའི་སྲིད་ལུགས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་དུ་ཞུགས་པའོ།  །ཡིན་ནའང་།  ད་ལྟའི་ཆར་བལ་པོ་སྔར་བཞིན་ཆབ་སྲིད་ཀྱི་རྙོག་དྲ་ཅུང་ཆེ་བ་དང་དཔལ་འབྱོར་ཡང་རྗེས་ལུས་ཀྱི་གནས་ནས་གྲོལ་མ་ཐུབ་པར་ལུས་ཡོད་པ་ནི་དོན་དངོས་ཀྱི་གནས་ཚུལ་ཡིན། 

7.jpg

སྤྱི་ལོ་༡༤༨༤ལོར་རཏྣ་མལླ་ཡིས་བཙན་དབང་གིས་བལ་པོའི་རྒྱལ་སྲིད་ཧིན་རྡུའི་ཆོས་དང་འབྲེལ་དགོས་པའི་རྩ་ཁྲིམས་བཟོས་པ་ནས་བཟུང་།  བལ་པོའི་མི་རིགས་ཁག་གིས་ཧིན་རྡུའི་ཆོས་ལུགས་ལ་དང་དོད་བྱེད་ཤུགས་ཆེ་རུ་སོང་བ་དང་།  རིམ་གྱིས་བལ་པོ་ཡང་རྒྱ་གར་དང་འདྲ་བར་ཧིན་རྡུའི་ཆོས་ལུགས་གཙོ་བོར་བཟུང་མཁན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར། དེ་ལྟ་བས་ན་རྒྱ་གར་བ་རྣམས་ཀྱི་སྐྱབས་གནས་གཙོ་བོ་རཱ་མ་དང་སི་ཏཱ་གཉིས་ལ་བྱེད་པ་བཞིན།  བལ་པོར་ཡང་ཧིན་རྡུའི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་པའི་དབང་གིས།  རཱ་མར་དད་པ་བྱེད་པའི་སྟོབས་ཤུགས་ལྷག་པར་ཆེ་ཞིང་། སྤྲེའུའི་དད་མོས་དང་འབྲེལ་བའི་སྐུ་བརྙན་དང་ཤོད་སྲོལ་སྣ་ཚོགས་མཆིས།  

དེ་ཡང་། བལ་པོའི་ནང་བསྟན་རིག་གནས་ནི་དུས་རབས་བརྒྱད་པ་ཡས་མས་ནས་བཟུང་འགྱུར་བ་འགྲོ་མགོ་ཚུགས་ཤིང་། དབང་སྒྱུར་པ་དག་གིས་རིམ་པར་བྲམ་ཟེའི་ཆོས་ལུགས་ལས་འཕེལ་ཏེ་འོངས་པའི་ཧིན་རྡུའི་ཆོས་ལུགས་ལ་དད་པ་ཤུགས་ཆེན་བགྱིས་པ་མ་ཟད། མི་དམངས་ལའང་ཐབས་སྣ་ཚོགས་ཀྱིས་དད་པ་བྱ་རུ་བཅུག་པས། བལ་པོའི་གཞུང་ཕྱོགས་ཧྲིལ་པོ་ཧིན་རྡུའི་ཆོས་ལུགས་ལ་དད་པ་བྱེད་པའི་ཕྱོགས་སུ་འཕོ་འགྱུར་བྱུང་བ་དང་།  དུས་རབས་བཅུ་བཞི་པར་སླེབས་དུས། ཧིན་རྡུའི་ཆོས་ལུགས་སྲོག་ཤིང་དུ་བྱས་པའི་རིགས་བཞིའི་འདུ་ཤེས་འཛིན་སྟངས་ཀྱང་བལ་པོའི་མི་དམངས་ཀྱི་སེམས་ལ་སྤྱིའི་ཆ་ནས་རྐང་པ་ཤིན་ཏུ་བརྟན་པོ་ཚུགས། དེ་ལྟར་བལ་ཡུལ་སྤྱི་ཚོགས་ཀྱི་གྲལ་རིམ་གྱི་དབྱེ་བ་གནའ་བོའི་རྒྱ་གར་དང་ཤིན་ཏུ་མཚུངས་པར་གྱུར་པ་མ་ཟད།  རིགས་རུས་ཀྱི་དབྱེ་བ་མངོན་གསལ་དོད་པོ་ཡོད་རྐྱེན།  སྐྱེ་བོ་རེ་ཟུང་རིགས་དམན་པའི་དབང་གིས་མཐར་སྤྱུགས་པའི་ཚུལ་གྱིས་སྤྱི་ཚོགས་ཁྱོན་དང་འབྲེལ་འདྲིས་ཆུང་བའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་སྐད། ཡིན་ནའང་རིགས་རུས་དམན་པའི་གནས་སྟངས་དག་མི་རབས་ནས་མི་རབས་བར་བསྒྱུར་ཏུ་མེད་པ་རྡོ་རྗེའི་བྲག་ལྟ་བུ་ཞིག་མིན་བཟོ་འདུག་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “བལ་ཡུལ་དུ་གུ་རུ་ཧེ་མ་རཱ་ཛ་ལ་དངུལ་སྤྲད་ན་མ་གཏོགས་རིགས་གསོ་བའི་ཐབས་མེད་”[30]ཅེས་གསུངས་པ་ལས།  ཤུགས་སུ་བལ་པོའི་རིགས་རུས་དམན་པའི་གྲས་ཀྱི་སྐྱེ་བོ་དག་གི་རིགས་རུས་གསོ་རྒྱུ་ཡོད་པ་དཔོག་ནུས་ལ། “དངུལ་སྤྲད་ན་མ་གཏོགས་”ཞེས་པ་ལས་རིགས་རུས་གསོ་མཁན་ལ་དངུལ་སྤྲད་ན་མ་གཏོགས་གསོ་བའི་མགོན་སྐྱོབ་མི་བྱེད་ཕྱིར། རྒྱུ་འབྱོར་གྱིས་ཤིན་ཏུ་ཕོངས་པ་ཞིག་ཡིན་གྱུར་ན་རིགས་རུས་གསོ་ཐབས་བྲལ་བའང་དཔོག་ནུས། གང་ལྟར་རིགས་རུས་ལ་བརྟེན་ནས་གནས་བབ་མཐོ་དམན་ཤན་འབྱེད་པའི་འདུ་ཤེས་འཛིན་སྟངས་ཤུགས་ཆེར་དར་བ་ལས་བལ་ཡུལ་དུ་ཕྱི་རོལ་བྲམ་ཟེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རང་ཤུགས་སུ་དཔོག་ནུས།  དེ་བཞིན། ཡམ་བུའི་རྒྱལ་པོས་དེ་སྔ་ཁྱབ་འཇུག་ལ་དམར་མཆོད་བྱེད་བཞིན་པར་གྲགས་ཤིང་།  ཡམ་བུའི་རྒྱལ་ཁང་གི་ཕྱོགས་བཞིར་ཁྱབ་འཇུག་གི་གནས་བརྟན་རེ་ཡོད་ཚུལ་ཡང་བརྗོད་ཕྱིར། བལ་པོའི་གཞུང་གིས་ཁྱབ་འཇུག་པའི་གྲུབ་མཐར་ཡང་དད་པ་ཆེན་པོ་བྱེད་བཞིན་ཡོད་པ་རྟོགས་ནུས་ལ།  རྡོ་རིང་པཎྚི་ཏ་སོགས་བལ་ཡུལ་ཡམ་བུར་བཟང་བཙོན་དུ་སྡོད་དུས་ཀྱང་།  གོར་རྒྱལ་ནི་རརྞ་སྦ་དུར་ཟེར་བ་བྲམ་ཟེ་པཀྟི་ཕ་ལ་མཆོད་གནས་སུ་བྱེད་པ་ན་ཚོད་ཕྲ་བའི་གཞོན་ནུ་ཞིག་ཡིན་པ་དང་། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འདབས་འབྲེལ་ཡུལ་གྲོང་རྣམས་གཉི་ཤང་བའི་རིགས་ཡིན་པར་བརྗོད་[31]ཡོད། དེ་ལྟར་བལ་པོའི་རྒྱལ་རབས་ཕྱི་མ་ཕྱི་མ་དག་གིས་སྔ་མ་དག་ལས་ཧིན་རྡུའི་ཆོས་ལུགས་ལ་དད་པ་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན།  རིམ་པར་བལ་པོའང་རྒྱ་གར་དང་འདྲ་བར་ཧིན་རྡུའི་ཆོས་ལུགས་གཙོ་རྒྱུགས་ཆོས་ལུགས་སུ་བྱེད་པའི་སྤྱི་ཚོགས་ཤིག་ཏུ་འཕོ་འགྱུར་ཕྱིན་ཏེ།  མི་དམངས་བརྒྱ་ཆ་དགུ་བཅུས་ཧིན་རྡུའི་ཆོས་ལུགས་ལ་དད་པ་བྱེད་པའི་ད་ལྟའི་རྣམ་པ་འདི་གྲུབ་བོ།  །

བལ་པོར་ཧིན་རྡུའི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྐྱེན་གྱིས། དུས་སྐབས་ངེས་ཅན་ཞིག་གི་ནང་ནང་པའི་གནས་ཆེན་ཁག་བདག་མེད་དུ་ལུས་པ་མ་ཟད། དེ་སྔ་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཁྱིམ་རར་གཏོགས་པའི་ས་ཁུལ་རྣམས་སུ་ཡང་ཧིན་རྡུའི་ཆོས་ལུགས་རྒྱ་ཆེར་སྤེལ་བས།  དེ་ཁུལ་གྱི་སྐྱེ་བོ་རྣམས་ཀྱིས་སྐབས་རེར་ནང་པ་འདྲ་པོ་དང་ལན་རེར་རྒྱ་གར་འདྲ་པོའི་ཆ་ལུགས་སྤྲས་པའི་གོམས་གཤིས་ཀྱི་རིགས་བྱུང་ཡོད། གཞན་ཡང་བལ་ཡུལ་ནང་གི་བོད་པའི་གྲས་སུ་གཏོགས་པའི་མི་རིགས་དང་ཡང་ན་བོད་པ་དང་འབྲེལ་བ་ཡོད་པའི་མི་རིགས་ཁག་ནི་ཆོས་ལུགས་ཐད་“བོན་དང་འདྲེས་པའི་ནང་པ་བྱེད་”[32]མཁན་མང་ཞིང་། གློ་དོལ་གྱི་ཕྱོགས་ལྟ་བུར་ཆ་མཚོན་ན་དགོན་པ་གཅིག་ལ་བན་བོན་ཉིས་འདྲེས་སུ་སྤྱོད་པའང་མང་དུ་མཆིས།   ཚུལ་དེ་རིགས་ནི་བོད་བརྒྱུད་ནང་བསྟན་བྱུང་འཕེལ་གྱི་བརྒྱུད་རིམ་ཁྲོད་དུ་བན་བོན་ཕྱོགས་གཉིས་ཀས་བལྟོས་བཅས་སུ་ཆོ་ག་ཕྱག་ལེན་དང་ལྟ་གྲུབ་སོགས་ཀྱི་ཐད་ཕན་ཚུན་བཟང་ཆ་ལེན་རེས་དང་ལེགས་སྤེལ་ཉེས་འགོག་གི་བྱ་ཐབས་སྤེལ་བའི་ལོ་རྒྱུས་ཀྱི་དོན་དངོས་ལས་བྱུང་བའི་སྣང་ཚུལ་ཞིག་ཡིན་པར་སེམས། འདིའི་ཐད་ལ་བཙན་པོ་སྐུ་ཕྲེང་བཞི་པས་སྤྱི་ལོ་༡༨༣༠ལོར་མཛད་པའི་《འཛམ་གླིང་རྒྱས་བཤད་》དུ་ཡང་། “མི་རིགས་དེ་དག་ལས་བལ་པོ་རྣམས་ནང་པ་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོ་དང་། དེའི་ནང་ནས་ཀྱང་རྣལ་འབྱོར་བླ་མེད་ལ་མོས་པ་མང་ཞིང་། ལྷག་པར་གོ་སཱ་ལ་དང་། བནྱ་དང་། ཨུ་ཏཱ་སི། ཛ་ཡ་སི་སོགས་ཀྱི་རིགས་ཕལ་ཆེ་བ་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་གཙོས་མཁའ་འགྲོ་མའི་རྒྱུད་ཉམས་སུ་ལེན་པ་ཡིན་པས་སྔོན་དུས་སུ་ཕམ་མཐིང་པ་སྐུ་མཆེད་དང་། བལ་པོ་པདྨ་བཛྲ་སོགས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་མང་པོ་བྱོན་པ་ཡིན་ལ། དེང་སང་སྦས་པའི་རྣལ་འབྱོར་པ་དག་གྲུབ་པ་ཐོབ་པ་ཡང་རེ་གཉིས་ཡོད་ཚོད་འདུག །གོརྵ་སོགས་རྒྱ་གར་པའི་རིགས་ཅན་རྣམས་དབང་ཕྱུག་སོགས་ལྷ་ཆེན་པོ་རྣམས་སྐྱབས་གནས་སུ་ཁས་ལེན་པའི་ཕྱི་རོལ་པ་ཤ་སྟག་ཡིན། གཞན་ཡང་ཡུལ་དེར་ཛོ་ཀིར་གྲགས་པ་གསང་སྔགས་སྒྲ་ཇི་བཞིན་པར་ཁས་ལེན་ཞིང་ལུས་ལ་ཕྱག་རྒྱ་ལྔས་བརྒྱན་པ། ལག་ན་ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ཀ་ཐོགས་པ་མུ་སྟེགས་པའི་རིགས་གཏོགས་ཤིག་ཀྱང་ཡོད་ཅེས་ཐོས། གཞན་ཀུན་ཏུ་རྒྱུ་དང་ཚངས་སྤྱོད་པ་སོགས་མུ་སྟེགས་པ་དང་ཀོརྵ་ཛོ་ཀི་ཕྱི་ནང་གི་སྡེ་གཉིས་སོགས་རབ་ཏུ་བྱུང་བར་ཁས་འཆེས་པ་མང་ཡང་ཡུལ་དེ་ཉིད་ཀྱི་མི་རེ་གཉིས་ཙམ་ལས་ཕལ་ཆེར་རྒྱ་གར་ནས་འོངས་པ་ཤ་སྟག་ཡིན་ཟེར། ཡུལ་དེ་གའི་ཁོངས་སུ་གཏོགས་པའི་བྷུ་རིན་སོགས་མོན་པ་དང་། ཐག་པ་སོགས་ཉེ་འཁོར་གྱི་བོད་ཀྱི་རིགས་ཅན་རྣམས་ཕལ་ཆེར་བོན་དང་གསང་སྔགས་སྔ་འགྱུར་སོགས་ལ་མོས་པ་དང་། བཀའ་དགེ་སོགས་ཀྱི་ཆོས་ལུགས་འཛིན་པ་ཡང་འགའ་རེ་ཡོད་ཚོད་སྣང་། ཡང་མཱ་ཀྲ་ཟེར་བའི་མོན་པ་རིགས་གཅིག་དང་། ཁ་སི་ཟེར་བ་ཀླ་ཀློའི་རིགས་ཤིག་ཀྱང་ཡུལ་དེ་གའི་ཁོངས་སུ་ཡོད་པ་དེ་དག་ཕྱི་ནང་གང་ཡང་ཁས་མི་ལེན་པ་ཀླ་ཀློ་པ་ཁ་ཁྲ་འདྲ་བ་ཤ་སྟག་ཡིན་པར། ཡུལ་དང་གྲོགས་ཀྱི་དབང་གིས་ཕྱི་ནང་སོ་སོ་དང་ཐུན་མོང་ལ་དད་པ་རེ་གཉིས་ཡོད་ཚོད་འདུག་”[33]ཅེས་གསུངས་པ་བཞིན།  སྔོན་གྱི་དུས་ཙམ་དུ་མ་ཟད་ད་ལྟའི་ཆར་ཡང་བལ་ཡུལ་གྱི་ཆོས་ལུགས་སྣང་ཚུལ་ནི་སྤྱིར་ཕྱི་ནང་མཉམ་འདྲེས་དང་བན་བོན་མཉམ་འདྲེས་ཀྱི་ཚུལ་དང་།  ཡང་ན་ཕྱི་པ་ཡོད་ལ་ནང་པ་ཡོད་ཅིང་བན་དེ་ཡོད་ལ་བོན་པོའང་ཡོད་པ་ལྟ་བུ་ཞིག་ཡིན་པའོ།  །དེ་བཞིན་དུ་སྤྱི་ལོའི་དུས་རབས་བདུན་པར་བླ་མ་ཐང་ཟན་ཙང་རྒྱ་གར་དུ་ཕེབས་དུས་བལ་པོའི་སྐོར་བྲིས་ཡོད་པར་ཡང་། “ལ་ཆེན་པོ་ཞིག་ཡོད་པ་བརྒལ་ནས་རི་སུལ་ཞིག་ཏུ་སླེབས་པ་ན་ནཻ་པ་ལ་སྟེ་བལ་པོའི་ཡུལ་ལོ། །དེའི་ཐ་གྲུར་རྒྱང་གྲགས་སྟོང་ཕྲག་བཞི་ལྷག་ཙམ་གངས་རིའི་ཁོངས་སུ་གནས་ཏེ། ལྟེ་བའི་མཁར་ཆེན་པོའི་མཐའ་སྐོར་དུ་རྒྱང་གྲགས་ཉིག་ཤུ་ཙམ་ཡོད་པ། རི་ཐང་འདྲེས་མ་ས་གཤིན་པ་ཤིང་ཏོག་སྣ་ཚོགས་སྐྱེས་ཤིང་འབྲུ་སྣ་ཚོགས་པ་འདེབས་སོ། །གཡག་དང་ཤང་ཤང་མང་ཞིང་དང་ཟངས་འབྱུང་ངོ་། །ཟོངས་ལ་ཟངས་ཊམ་བཀོལ་བ། མིའི་རང་བཞིན་རྩལ་ཕོད་ཆེ་ཞིང་ཅུང་རྩུབ་པ། ནམ་དབུགས་དྲོ་ཡང་ཅུང་བསིལ་བ་བློ་ཡང་ལ་བཟོ་རིགས་ལ་མཁས་པ། བྱད་གཟུགས་ངན་ཤས་ཆེ་བ། ཕྱི་པ་ནང་པ་གཉིས་ཀར་དད་མོས་སྙོམས་པ། གཙུག་ལག་ཁང་དང་ཕྱི་པའི་ལྷ་ཁང་ཕན་ཚུན་དུ་འབྲེལ་མར་གནས་སོ། །དགེ་འདུན་ཁྱོན་སྡོམ་ཉིས་སྟོང་ལྷག་པ་ཐེག་པ་ཆེ་ཆུང་གཉིས་ལ་མཉམ་པར་སྤྱོད་པ། ཕྱི་པ་དང་ཐ་སྙད་རིག་པའི་གྲངས་ཞིབ་ཏུ་མ་ངེས་སོ། །རྒྱལ་པོ་ནི་རྒྱལ་རིགས་རི་ངྷེ་བའི་གདུང་བརྒྱུད་དོ། །མཁྱེན་པ་རྒྱ་ཆེ་བ་མིང་ལ་ཨདྦྷུ་ཝ་རྨ་ཞེས་བྱ་སྟེ་འོད་ཟེར་གོ་ཆ་ཟེར་རོ། །དཀོན་མཆོག་ལ་དད་པ་ཆེ་ཞིང་རིག་གནས་ཐམས་ཅད་ལ་མཁས་སོ། །ལྟེ་བའི་མཁར་ཆེན་གྱི་ཤར་ལྷོའི་མཚོ་རྫིང་ཆུང་ངུ་ཞིག་ཡོད་པར་མེ་གཏོར་ན་ཆུ་དེ་མེ་རུ་འབར་ཞིང་དངོས་པོ་གཞན་དོར་ཀྱང་མེར་འགྱུར་སྐད་དོ། །”[34]ཞེས་སྔོན་གྱི་དུས་སུ་བལ་པོའི་ཁུལ་དུ་ནང་པ་ཤུགས་ཆེར་དར་ཡོད་ཀྱང་ཕྱི་པ་ནང་པ་གཉིས་ཀར་དད་པ་བྱེད་པའི་སྣང་ཚུལ་རྒྱུག་ཆེ་བ་ཡོད་ཚུལ་བསྟན་ཡོད།

མ་གཞི་ཕྱོགས་དང་ཟུར་མང་པོ་ནས་བལ་ཡུལ་དུ་ཧིན་རྡུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་གདོན་མི་ཟ་ནའང་། བལ་ཡུལ་དུ་བོད་པ་གཙང་མའམ་བོད་པ་དང་འབྲེལ་བ་ཡོད་པའི་རིགས་རྒྱུད་ཀྱིས་སྔ་མོ་ནས་ཡུལ་གྲུ་མང་པོར་སིམ་འཛུལ་བྱས་ཡོད་པ་དང་།  ཧི་མ་ལ་ཡའི་རི་རྒྱུད་དུ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་མཁན་བོད་པ་གཙོ་བོ་ཡིན་ཕྱིར། གཞོགས་གཅིག་ནས་གནའ་བོའི་རྒྱ་གར་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ནང་བསྟན་ཤེས་རིག་གིས་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་། གཞོགས་གཞན་ཞིག་ནས་བོད་བརྒྱུད་ནང་བསྟན་ཤེས་རིག་གིས་བརྒྱུད་དེ་ཤུགས་རྐྱེན་ཐེབས་རྐྱེན།  ཐུབ་བསྟན་རིག་གནས་ཀྱི་མཁའ་དབུགས་རྔམ་མཐུག་ཙམ་ཡོད་པ་ནི་བསྙོན་དུ་མེད་དེ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། “བལ་ཡུལ་དུ་ནི་སྔོན་གྱི་ཕམ་མཐིང་པ་སོགས་ལས་མཆེད་པའི་གསང་འདུས་དང་། གཞན་ཡང་མཻ་ཏྲཱིའི་ལུགས་ཀྱི་རྣལ་འབྱོར་མ།  བདེ་མཆོག་སོགས་བརྒྱུད་པ་མ་ཆད་པར་ཡོད་ཟེར་ཅིང་།  སྐབས་སྐབས་སུ་མི་བརྒྱ་ཕྲག་རེ་གཉིས་བསྡུས་ནས་དབང་དང་ཚོགས་འཁོར་བྱེད་པ་སོགས་ཀྱང་ཡོད་འདུག་ལ། བ་ཛ་ཨ་ཛརྱའི་མིང་ཅན་གྱི་བལ་པོ་སྒྱིད་པ་ཕྲ་ཉུག་གེ་རྐང་དཀྲིས་བསྡམས་པ་འགར་རེ་ཡང་སྣང་ངོ་།  །”[35]ཞེས་གསང་སྔགས་ཉམས་ལེན་གྱི་ལམ་ལ་ཞུགས་མཁན་སྔར་བཞིན་ཡོད་པར་གསུངས་པ་བཞིན།  དེང་སང་ཡང་སྣང་ཚུལ་དེ་ལྟ་བུ་ཡོད་པ་འབྲེལ་ཡོད་ཡིག་ཆ་དང་དྲ་ལམ་སོགས་ལས་ཤེས་ནུས་སོ།   །ཡང་དཔེར་ན་ནང་པའི་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལྟ་བུར་མཚོན་ན།  སྐབས་ཤིག་རིང་བདག་མེད་ལྟ་བུར་ལུས་ཏེ་སྔོན་གྱི་རྣམ་པ་ཉམས་ཞན་དུ་གྱུར་ནའང་།  གོར་བོད་དམག་འཁྲུག་གི་དུས་སུ་རྡོ་རིང་པཎྚི་ཏ་སོགས་བལ་པོར་འཁྲིད་སྐབས། “བལ་ཡུལ་མཆོད་རྟེན་ཆེན་པོ་རང་གི་སྐུ་མདུན་དུ་སྔ་དུས་གཞུང་ཁང་ཡིན་སྐད་དགའ་ལྡན་ཁང་གསར་ཟེར་བ་རྫ་ཕག་ཞེ་གཅིག་གི་ཁང་ཁྱིམ་མཆེ་ལེགས་གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་དང་བཅས་པ་ཞིག་འདུག་པ་དེ་ཞྭ་དམར་རང་ནས་བདག་འཛིན་བྱེད་བཞིན་མཆིས་”[36]ཞེས་གསུངས་པ་བཞིན།  གཞུང་ཁང་དགའ་ལྡན་ཁང་གསར་དང་བོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་ཞིག་མཆོད་རྟེན་ཆེན་མོ་རང་གི་སྐུ་མདུན་ན་ཡོད་ཚུལ་སོགས་ལས། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་སྔ་མོ་ནས་མཆོད་རྟེན་ཆེན་མོའི་ཉེ་འཁོར་ན་གནས་བཅས་ཏེ་ཡོད་པ་རྟོགས་ནུས་ལ། ད་ལྟའི་ཆར་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ནི་ནང་པའི་དད་ལྡན་པ་དག་གི་བསྟི་གནས་ཤིག་ཏུ་སླར་གསོ་བྱུང་ཡོད་ལ།  རྒྱ་ཆེའི་དད་ལྡན་པ་མང་པོ་པདྨའི་ཚལ་ལ་བུང་བ་འདུ་བའི་ངང་ཚུལ་ལྟར་འཁོར་བཞིན་པ་ནི་མངོན་སུམ་བསྙོན་བྲལ་ལགས་སོ།  །

8.jpg

ཀྲུང་གོའི་བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་བལ་པོ་ནི་མི་གླེང་ཐབས་མེད་ཀྱི་རྒྱལ་ཁབ་ཅིག་ལགས། དེའང་གནའ་བོའི་གངས་ཏེ་སེའི་ཤེས་རིག་གི་དུས་སྐབས་ནས་བལ་བོད་དབར་ལ་འགྲོ་འོང་མཆིས་པ་དང་། ཞང་ཞུང་དང་འབྲེལ་བའི་ཡིག་ཚང་ཁག་ལས་བསྟན་པར་གཞིགས་ན།  ཧ་ལམ་བལ་ཡུལ་ནུབ་བྱང་ཕྱོགས་ནི་སྐབས་དེའི་ཞང་ཞུང་གི་མངའ་རིས་ཡིན་པར་ཡང་སྣང་།  དེ་ནས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་སྤུ་རྒྱལ་དང་བལ་པོའི་དབར་གཉེན་གྱི་འབྲེལ་བ་བྱུང་ཞིང་། མི་རིང་བར་རང་ཁོངས་སུ་ཟླ་སྒྲིལ་གྱིས་སྤུ་རྒྱལ་ཁོངས་གཏོགས་ཀྱི་རྒྱལ་ཕྲན་ཞིག་ཏུ་གྱུར་པ་དང་།  བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་གོང་ཙམ་ལ་བལ་པོ་ལོགས་སུ་དོན་ཏེ་རང་ཁོངས་བཟུང་མོད།  སྐབས་དེ་ནས་བཟུང་སྟེ་དུས་ཡུན་རིང་པོར་བོད་ཀྱི་ནང་པའི་རྗེས་འཇུག་མཁས་པ་དག་བལ་ཡུལ་མཐིལ་ལ་སློབ་གཉེར་དུ་བསྐྱོད་པ་དང་། རྒྱ་གར་ལ་ཆོས་སློབ་པར་འགྲོ་སྐབས་ཀྱང་བལ་ཡུལ་བརྒྱུད་ནས་འགྲོ་མཁན་མང་དུ་བྱུང་། ཡིན་ནའང་དུས་ཕྱིས་བོད་ས་གནས་སྲིད་གཞུང་གིས་རང་ཡུལ་སྒོ་བརྒྱབ་ནས་ཡུལ་གཞན་དང་འབྲེལ་ལམ་སྐྱོང་རྒྱུར་སྣང་ཆེན་མི་བྱེད་པའི་ལམ་ལ་ཞུགས་པར་བརྟེན། རིམ་གྱིས་བལ་པོ་དང་འགྲོ་འོང་གི་འབྲེལ་བའང་ཚོང་ལས་གཙོ་བོ་དང་ཆོས་ལུགས་རིག་གནས་ཀྱི་འབྲེལ་བ་ཅུང་ཟད་ཙམ་མ་གཏོགས་ཧ་ལམ་འབྲེལ་ཐག་ཆད་པ་ལྟ་བུར་གྱུར་ཅིང་། དེ་ལྟ་བུའི་གནས་སྟངས་ཉེ་རབས་ཀྱི་བར་དུ་རྒྱུན་བསྐྱངས་སོ།  །

དེ་ཡང་གནའ་བོའི་ཞང་ཞུང་གི་དུས་སྐབས་སུ་ཧི་མ་ལ་ཡའི་ལྷོ་ཕྱོགས་ནུབ་བྱང་ཁུལ་དུ་ཕྱོགས་ཀྱི་རྫོང་ཆེན་དྲུག་ཅེས་[37]བྱ་བ་ཡོད་སྐད་པ་ལ།  ཁག་གཅིག་བལ་ཡུལ་གྱི་ཁོངས་སུ་གཏོགས་ཤིང་།  དེང་སང་གློ་སྨད་དུ་ཡོད་པའི་ཐག་ཀོ་ལ་ཞེས་པའང་དོན་དུ་གནའ་བོའི་དུས་ཀྱི་སེ་རིབ་ལགས་སོ།  །ཐག་ཀོ་ལ་པ་རྣམས་ཀྱིས་རང་ཉིད་བོད་མི་དངོས་མིན་པར་བརྗོད་མོད།  དོན་དངོས་ཐོག་ཁོང་ཚོའི་གདོང་མདོག་དང་།  སྡོད་ཁང་གི་བཟོ་བཀོད།  ཆ་ལུགས།  དད་མོས་སོགས་གང་ས་ཅི་ཐད་ནས་བོད་པ་དང་ཤིན་ཏུ་འདྲ།  མ་གཞི་ཁོང་ཚོའི་ཡུལ་གོམས་གཤིས་ལུགས་སོགས་ཀྱི་ཆ་ནས་བལ་པོའི་ཁྱད་ཆོས་ཀྱང་ངེས་ཅན་ཞིག་མཆིས་མོད།  ཁྱོན་ཡོངས་ནས་ཉམས་ཞིབ་བགྱིས་ཚེ་ཁོང་ཚོ་ནི་བོད་པ་དང་ཤ་རུས་འབྲེལ་བ་ཡོད་པའི་མི་རིགས་ཤིག་ཡིན་ངེས་པར་ཁ་ཚོན་བཅད་ན་ཆོག་པར་སྙམ།  བོད་པ་རྣམས་ཀྱིས་ཁོང་ཚོར་སེ་མོན་ཞེས་ཀྱང་འབོད་ཅིང་།  ཁོང་ཚོའི་སྐད་ལ་སེ་མོན་གྱི་སྐད་ཅེས་ཅུང་ཟད་ཐ་ཆད་ཀྱི་སྐད་རིགས་ཤིག་ལ་བརྩི་བར་བྱེད་ཀྱང་།  དོན་དུ་མཐའ་ཁུལ་གྱི་སྐད་ལ་བཏགས་པའི་བརྡ་ཆད་ཅིག་ཡིན་པར་སེམས།  གཞན་ཐག་གི་ཡུལ་གྲུར་གནའ་བོའི་དུས་སུ་སེ་རིབ་ཅེས་འབོད་པ་ནི་རྒྱ་བོད་ཀྱི་ཡིག་ཚང་ཁག་ཏུ་མང་དུ་བྱུང་སྟེ།  རྒྱའི་ཡིག་ཚང་《མ་ཧཱ་རུས་སྦལ་མ་》ཞེས་པའི་ནང་དུ་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་སེ་རིབ་ལ་དུད་ཁྱིམ་ལྔ་ཁྲི་ཙམ་ཡོད་ཅིང་སྤུ་རྒྱལ་གྱི་ལྷོ་ནུབ་ཏུ་མཆིས་པ་དང་ཆུ་བོའི་ཁུག་ཏུ་ཁྱབ་[38]ཚུལ་འཁོད་ཡོད་ལ།  དུས་རབས་བརྒྱད་པའི་ཡས་མས་ནས་དེ་ཁུལ་སྤུ་རྒྱལ་གྱིས་བཟུང་ན་ཡང་།  ཏུན་ཧོང་ཡིག་རྙིང་དུ་༧༠༥ལོར་སེ་རིབ་རང་འཇགས་སུ་ལོག་པའི་ལོ་རྒྱུས་འདུག་[39]ཅིང་། དེ་ནས་དུས་ཡུན་རིང་པོ་མ་འགོར་བར་ཆམ་ལ་ཕབ་ཚུལ་ནི། “སེ་རྀབ་གྱི་རྒྱལ་ཕོ་བཟུང་”[40]ཞེས་སྤྱི་ལོ་༧༠༩ལོ་ཙམ་ལ་སླར་ཡང་སེ་རིབ་ཕབ་པའི་གནས་ཚུལ་བཀོད་པ་ལས་རྟོགས་སོ།  །

སེ་རིབ་ཀྱི་ཁུལ་ནི་དེ་ཕྱོགས་ཀྱི་རྒྱལ་ཕྲན་ཅུང་ཟད་སྟོབས་ཆེ་བ་ཞིག་ཡིན་པར་སྣང་སྟེ།  བཙན་པོ་སྐུ་ཕྲེང་བཞི་པས་“ཐག་པ་སོགས་ཉེ་འཁོར་གྱི་བོད་ཀྱི་རིགས་ཅན་རྣམས་ཕལ་ཆེར་བོན་དང་གསང་སྔགས་སྔ་འགྱུར་སོགས་ལ་མོས་”[41]ཞེས་ཐག་ཀོ་ལར་དེ་སྔ་བོན་དང་གསང་སྔགས་ཉམས་སུ་བཞེས་མཁན་མང་པོ་བྱུང་མྱོང་བ་བསྟན་ལ། ཆོས་ལུགས་དར་ཚུལ་ལས་དེ་ཁུལ་གྱི་དཔལ་འབྱོར་སྟོབས་ཤུགས་སོགས་ཀྱང་མཚོན་ནུས་པས་དང་།  སེ་རིབ་ལ་ནེ་པ་ལའི་སྐད་དུ་“སྦ་ར་གོན་”(Baragaon)ཞེས་བརྗོད་ཅིང་།  དེ་ནི་བོད་སྐད་དུ་སྨོས་ན་ཡུལ་ཁག་བཅུ་གཉིས་ཞེས་པའི་དོན་ཡིན་[42]པར་བརྗོད་ཕྱིར།  འདི་ལས་ཀྱང་དེ་ཁུལ་གྱི་མངའ་ཁོངས་སུ་ཡུལ་ལུང་མང་པོ་ཡོད་པ་དཔོག་ནུས་སོ།  །གཞན་ཡང་གློ་སྨད་ཕྱོགས་ནས་རྙེད་པའི་དཔེ་རྙིང་《ཚེ་མང་བེམ་ཆགས་》སུ་འཁོད་པར་གཞིགས་ན།  ཧ་ཅང་སྔ་མོའི་དུས་ལ་རྒྱལ་དུང་མིག་ཅན་ཞེས་པའི་སྐྱེས་བུ་ཞིག་བོད་ནས་འོངས་ཏེ་གློ་བོ་བརྒྱུད་ཁྲི་ནའམ་གསུམ་(Thini)བྱ་བའི་ཡུལ་དུ་བསྡད་པ་ལ། དེ་ཉིད་སེ་རིབ་ཀྱི་རྗེ་བོར་བཀུར་ནས་དགའ་རབ་རྫོང་བརྩིགས་པ་དང་སེ་རིབ་ཀྱི་ཡུལ་ལ་དབང་བསྒྱུར། དགའ་རབ་ཀྱི་རྒྱལ་དུང་མིག་ཅན་སྟོབས་ཤུགས་ཆེ་བའི་དུས་སུ་ཁྲལ་འབུལ་མཁན་ལ་དཔུང་ཁྲི་དང་།  ཕ་ལག  །དྭངས་དཀར་རྫོང་།  གྱི་ལིང་།  སངས་མདའ།  ཀླུ་བྲག  །གཉེ་ཤང་།  ཆུ་མིག་བརྒྱ་རྩ་སོགས་བྱུང་ཡོད་ཅིང་།[43]སྐབས་དེའི་ཚེ་ན་ཧ་ལམ་གློ་སྨད་ཀྱི་ཡུལ་ཕྱོགས་ཕལ་ཆེ་བ་ཁོང་གི་མངའ་རིས་སུ་གཏོགས་པར་སྣང་།

གོང་དུ་འཁོད་པ་ནི་ཀྲུང་གོའི་བོད་ལྗོངས་དང་འདབས་འབྲེལ་དུ་གནས་པའི་བལ་པོའི་ནུབ་བྱང་ས་ཁུལ་གྱི་སྐོར་ཡིན། ཉེ་རབས་བལ་བོད་ཀྱི་འབྲེལ་བའི་ཐད་ནས་བལྟས་ན།  བར་སྐབས་ཤིག་རིང་བོད་ཀྱི་མཁས་པ་མང་པོ་རྒྱ་གར་དུ་བྱོན་སྐབས་བལ་པོ་ནི་ངེས་པར་བརྒྱུད་དགོས་པའི་ལམ་ཐིག་ཅིག་ཏུ་གྱུར་ཡོད་དེ། མར་པ་ཆོས་ཀྱི་བློ་གྲོས་ཐོག་མར་རྒྱ་གར་དུ་ཕེབས་སྐབས་བལ་ཡུལ་དུ་ལོ་གསུམ་ཙམ་སློབ་གཉེར་གྱིས་དུས་འདའ་བར་མཛད་པའི་ཚུལ་《རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་》ཞེས་པར་གསལ་[44]ཞིང་།  《འབྲི་གུང་གདན་རབས་གསེར་ཕྲེང་》དུའང་“གཉོས་ལོ་ཙཱ་བ་རྒྱ་གར་དུ་འགྲོ་བ་དང་སྡོངས་ནས་བྱོན་ཏེ།  བལ་ཡུལ་དུ་ཕམ་མཐིང་པ་སྐུ་མཆེད་གཉིས་ཀྱིས་ཆོས་གསུངས་པ་ལ་ཉན་པས།  གཉོས་ཀྱི་བལ་པོ་རྒས་པོ་ཞིག་ལ་ཆོས་ཉན་པས་རྒྱ་གར་དུ་ཕྱིན་པ་དྲགས་ཟེར་བ་ལ་མ་ཉན་པས།  ཁོང་ཁྲོས་ཏེ་རྒྱ་གར་དུ་སོང་།  ཉིད་ཀྱི་ཚད་པ་གོམས་སུ་འཇུག་པ་དང་།  སྒྲ་སློབ་པའི་ཞོར་ལ་སྤྱི་ཐེར་བ་ལ་གདན་བཞིའི་རྒྱུད་དང་འཕོ་བའི་གདམས་པ།  དུད་སོལ་ལྷ་མོ་རྣམས་ཞུས།  སྤེན་ངྷ་བ་ལ།  གསུང་འདུས་སོགས་ཞུས་ཤིང་ལོ་གསུམ་བཞུགས།  རྒྱ་གར་དུ་བྱོན་”[45]ཞེས་ཁ་གསལ་དུ་གསུངས་ལ།ཐེངས་གཉིས་པར་ཡང་མང་ཡུལ་དང་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་བྱོན་གནང་བ་སོགས་མཁས་པ་དུ་མས་བལ་ཡུལ་དུ་ཞབས་ཀྱིས་བཅགས་པའི་དཔེ་བགྲང་གིས་མི་ལང་བ་ཡོད་དོ།  །

དེ་མིན་ལོ་རྒྱུས་ཡིག་ཚང་ལས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་ནི་ཀྲུང་གོའི་བོད་ལྗོངས་དང་བལ་པོའི་དབར་གྱི་འགྲུལ་ལམ་གལ་ཆེན་གཞན་ཞིག་ཡིན་ཞིང་།  སྔོན་ཆད་བལ་བཟའ་ཁྲི་བཙུན་ཡང་གནས་འདི་བརྒྱུད་ནས་བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་པ་ཡིན་ལ།  སློབ་དཔོན་པདྨ་འབྱུང་གནས་སོགས་རྒྱ་བལ་གྱི་པཎ་ཆེན་དང་མཁས་གྲུབ་མང་པོ་མང་ཡུལ་གུང་ཐང་བརྒྱུད་ནས་བོད་དུ་ཕེབས་ཞེས་པའང་དོན་དུ་གནས་འདི་བརྒྱུད་ནས་ཕེབས་པའོ།  །སྤྱི་ལོ་༡༩༩༠ལོར་སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཧོ་ཝེ་ཡིས་སྐྱིད་གྲོང་ནས་རྒྱ་ཡིག་གི་བྲག་བརྐོས་ཡི་གེ་ཁག་གཅིག་བཙལ་རྙེད་ཐུབ་ཡོད་ཅིང་། དེ་དག་ཐང་གི་ཕོ་ཉ་ཝང་ཞོན་ཚེ་སོགས་རྒྱ་གར་ལ་ཐེངས་གསུམ་པ་སྟེ་སྤྱི་ལོ་༦༥༨ལོར་ཕེབས་དུས་བརྐོས་པ་ཞིག་ཡིན་[46]ཚུལ་བརྗོད་ཡོད། དེ་ལྟར་ན།  རྒྱ་ནག་གི་ཕོ་ཉ་རྣམས་ཀྱང་སྐབས་དེར་རྒྱ་གར་དང་བལ་ཡུལ་སོགས་སུ་འགྲོ་སྐབས་སྐྱིད་གྲོང་བརྒྱུད་ནས་འགྲོ་བར་སྣང་ལ། དེང་གི་ཞིབ་འཇུག་པས་ཀྱང་།  གནའ་བོའི་དུས་སུ་རྒྱ་གར་དང་བལ་པོར་འགྲོ་དགོས་ཚེ་ཡང་ན་སྐྱིད་གྲོང་དང་མིན་ན་གཉའ་ལམ་བརྒྱུད་དེ་འགྲོ་དགོས་ཚུལ་བརྗོད་འདུག་[47]གོ  །

རྡོ་རིང་བསྟན་འཛིན་དཔལ་འབྱོར་ནས། “ཡོལ་མོ་གངས་ར་ཡང་སྐྱིད་གྲོང་དང་འདབ་འབྲེལ་མ་ཟད་བོད་མི་ཡན་སྡོད་མང་”[48]ཞེས་སྐྱིད་གྲོང་དང་འདབས་འབྲེལ་བའི་ཡོལ་མོ་གངས་ར་སོགས་མང་པོ་བོད་མི་ཡན་པོར་སྡོད་མཁན་དག་གི་གནས་གཞི་ཡིན་པར་གསུངས་པ་བཞིན། དོན་དུའང་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་འབྲེལ་མཚམས་ཀྱི་གྲོང་སྡེ་འགའ་ཞིག་གི་གྲོང་མི་ནི་གཞིས་ཆགས་ཀྱི་ཡུལ་ངེས་གཏན་མེད་པར་འགྲོ་འོང་གི་ངང་ལ་འཚོ་བ་སྐྱེལ་མཁན་ཡིན་ཕྱིར། མི་རབས་མང་པོའི་རིང་ཁོང་ཚོར་རྒྱལ་ཁོངས་གང་ཡིན་གྱི་འདུ་ཤེས་ཀྱང་དེ་འདྲའི་གསལ་པོ་ཞིག་མེད་པའི་ངང་དུ་ལུས་ཡོད།  དཔེར་ན་སྐྱིད་གྲོང་ཁུལ་གྱི་གྲོང་ཚོ་གཅིག་ལ་ཉེ་དུས་གཞི་ནས་རྒྱལ་ཁོངས་གཏན་འཁེལ་བྱུང་བ་ལྟ་བུའོ།  །

ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལས་ཤེས་རྟོགས་བྱུང་བར།  ཉེ་རབས་ལོ་རྒྱུས་ཐོག་ལོ་རེ་བཞིན་བལ་པོ་ནས་ཚོང་པ་འབོར་ཆེན་བོད་དུ་ཡོང་བ་ཕུད།  བལ་པོའི་ཕྱོགས་ནས་བོད་ས་གནས་སྲིད་གཞུང་ལ་འབུལ་འགྱེད་བསྟབས་པའམ་ཏཱ་ལའི་བླ་མ་སྐུ་སྒེར་ལ་ལོ་ལྟར་བརྟན་བཞུགས་ཀྱི་ཕྱག་རྟགས་འབུལ་སྲོལ་འདུག  །འོན་ཏེ་སྤྱི་ལོ་༡༧༧༥ལོར་བལ་པོས་བོད་དུ་དམག་དྲངས་པ་དང་།  སྤྱི་ལོ་༡༧༨༨ལོར་གོར་བོད་དབར་ལ་ཆེས་ཐོག་མའི་གཞི་རྒྱ་ཆེ་བའི་དམག་འཁྲུག་ལངས་ཤིང་།  དེར་མཐུད་ནས་སྤྱི་ལོ་༡༧༩༡ལོ་དང་། ༡༨༥༢ལོ། ༡༨༥༥ལོ་བཅས་ལའང་འཐབ་རྩོད་བྱུང་བ་སོགས་ཀྱི་རྐྱེན་པས།  བོད་བལ་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ཡོད།  གོང་སྨོས་དམག་འཁྲུག་དེ་དག་ནི་བལ་ཡུལ་ཁག་གསུམ་གོརྵ་བས་ཟླ་སྒྲིལ་བྱས་ཏེ་མངའ་ཐང་རྒྱ་བསྐྱེད་པའི་སྐབས་སུ་གཡུལ་ལ་དཔའ་བའི་གོརྵ་བས་ཉེ་འབྲེལ་ས་ཁུལ་རྣམས་ལ་དཔུང་ཤེད་ངོམས་པ་དང་འདྲེ་ལག་བརྐྱངས་པའི་ངན་འབྲས་ཁོ་ནར་ཟད་དོ།  །


9.jpg

ཁོ་བོ་ཅག་གིས་ཉེ་བའི་ལོ་འགའི་ནང་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་བལ་པོ་དང་། འབྲུག་ཡུལ།  འབྲས་ལྗོངས་བཅས་དང་། ནུབ་རྒྱུད་ཀྱི་ལ་དྭགས་སོགས་པའི་ཡུལ་གྲུ་ཁག་གཅིག་ལ་རྒྱུན་ཆད་མེད་པར་དོ་སྣང་བྱེད་ཁུལ་བགྱིས་ཤིང་། ཡུལ་གྲུ་ཁག་གཅིག་ལ་དངོས་བསྐྱོད་ཀྱིས་རྟོག་ཞིབ་བྱེད་པའི་གོ་སྐབས་ཀྱང་བྱུང་།  དེ་ལྟའི་ལས་རིམ་ཁྲོད་ཧི་མ་ལ་ཡའི་ལྷོ་རྒྱུད་མཐིལ་དུ་ཆགས་པའི་ཀྲུང་གོའི་བོད་ལྗོངས་དང་འབྲེལ་བ་ཡོད་པའི་ས་ཁུལ་དེ་དག་ལ་ངེས་པར་རྒྱུས་ལོན་དང་ཞིབ་འཇུག་སྔར་བས་ཟབ་པ་དགོས་རྒྱུའི་བསམ་ཚུལ་ངང་གིས་བྱུང་གཤིས།  སྐབས་དང་ཁོམ་པ་བྱུང་རིམ་བཞིན་བོད་ཡིག་དང་འབྲེལ་ཡོད་ཡིག་རིགས་གཞན་དུ་འཁོད་པའི་ཧི་མ་ལ་ཡའི་ལྷོ་རྒྱུད་ཡུལ་ཁོངས་བལ་པོའི་ལོ་རྒྱུས་དང་རིག་གནས་སྐོར་ལ་འཚོལ་ཞིབ་ངེས་ཅན་ཞིག་བྱས་པ་ཡིན། སྐབས་དོན་ཀྲུང་གོའི་བོད་ལྗོངས་དང་འདབས་འབྲེལ་དུ་གནས་པའི་བལ་པོའི་ལོ་རྒྱུས་དང་ཆོས་ལུགས་དད་མོས་སོགས་ཀྱི་སྐོར་འབྲེལ་ཡོད་ཡིག་ཚང་ཁག་དང་ཡུལ་དངོས་རྟོག་ཞིབ་ལ་གཞི་བཅོལ་ཏེ་ལམ་ཙམ་ཞུ་བའི་ངལ་བ་ལྷུར་བླངས་པའི་དགོས་པ་ནི།  ཧི་མ་ལ་ཡའི་ལྷོ་རྒྱུད་དུ་གནས་བཅའ་བའི་མི་རིགས་དང་ཡུལ་ཚོ་ཁག་གི་གནས་སྟངས་ལ་རྒྱུས་ལོན་ཡོང་བར་རྔོ་ཐོགས་པའི་ཆེད་དུ་ཡིན་ལ།  ཁོ་བོ་ཅག་གི་དེ་ཙམ་མ་སྨིན་པའི་གླེང་བརྗོད་འདི་བརྒྱུད་གལ་ཆེའི་འབྲེལ་ཡོད་གནད་དོན་ལ་ཉམས་ཞིབ་བགྲོ་གླེང་བྱེད་མཁན་ཇེ་མང་དུ་འགྲོ་བའི་སླད་དུ་ཡིན།  དེ་ལྟར་ནའང་བལ་ཡུལ་གྱི་རིག་གནས་ལོ་རྒྱུས་ངོས་ནས་བརྗོད་ན།  ངེས་པར་བརྗོད་དགོས་ངེས་ཀྱི་གལ་ཆེའི་གནད་དོན་ཤིན་ཏུ་མང་བ་མ་ཟད།  ཀྲུང་གོའི་བོད་ལྗོངས་དང་འབྲེལ་བའི་ལོ་རྒྱུས་དང་རིག་གནས་ཐད་ཀྱི་འབྲེལ་ཡོད་གནད་དོན་སྐོར་ཡང་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་རྐྱེན།  འདིར་གནད་དོན་མང་པོ་ཞིག་ལ་ཐོག་མའི་གླེང་སློང་ཙམ་ལས་དེ་ཙམ་གྱིས་ཞིབ་ཆ་བྱུང་མ་སོང་ལ།  ནོངས་པའི་ཆ་ཡང་མི་འབྱུང་མི་སྲིད་པས།  ཤེས་ནས་སྨྲ་བ་དག་གིས་དག་བཅོས་ཡོ་བསྲང་གི་དགོངས་འཆར་གནད་སྨིན་ལྷུག་སྩོལ་གནང་རོགས་ཞེས་ཞུའོ།  །

གསལ་བཤད། དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་དམིགས་འགུག་རྣམས་གྲངས་ཏེ། “ཀུན་སུའུ་དང་།  མཚོ་སྔོན། སི་ཁྲོན།  ཡུན་ནན་བཅས་བོད་རིགས་འདུས་སྡོད་ཁུལ་གྱི་བོད་ཡིག་ས་གནས་ལོ་རྒྱུས་ཡིག་ཚང་འཚོལ་སྡུད་ལེགས་སྒྲིག་དང་《མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོ་》རྩོམ་སྒྲིག་”(17ZDA209)ཅེས་པའི་བར་སྐབས་ཀྱི་དཔྱད་འབྲས་ཤིག་ཡིན།


མཉམ་སྤྱོད།