དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུས་རྩལ་ཐ་སྙད་བོད་འགྱུར་གྱི་གནས་བབ་གླེང་བ།—སླེ་གྲུག་གཞིར་བཟུང་བ།

2025-09-25 16:05:55   |   72

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ནང་དོན་མདོར་བསྡུས། སྤྱིར་ན་ལོ་ཙཱ་ནི་གནའ་ནས་ད་བར་དུ་ཧ་ཅང་རྒྱུག་ཆེ་བའི་རིག་གཞུང་མ་ལག་ཅིག་ཡིན་ལ། བོད་རང་ལ་མཚོན་ནའང་རྩོམ་རིག་དང་ལོ་རྒྱུས་སོགས་ཀྱི་གཞུང་ལུགས་སྐོར་གྱི་་ལོ་ཙཱ་ཅུང་ཚད་ལྡན་དང་འཐུས་ཚང་ཡིན་མོད། འོན་ཀྱང་དེང་རབས་སྤྱི་ཚོགས་དང་སློབ་གྲྭར་རྒྱུག་ཆེ་བའི་ལུས་རྩལ་རྣམ་གྲངས་མི་ཉུང་ཞིག་གི་མིང་བརྡ་ལོ་ཙཱའི་གནས་བབ་ཧ་ཅང་སྐྱོ་བོ་ཡིན། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་མི་རིགས་ཀྱི་སྐད་ཡིག་ལ་གནོད་པ་དང་རིག་ཚན་མ་ལག་འཐུས་ཚང་མིན་པ་མཚོན་བཞིན་ཡོད། དེ་བས་འདིར་རྒྱ་བོད་ཀྱི་ལུས་རྩལ་ཐ་སྙད་ལོ་ཙཱའི་ཁྲོད་ཀྱི་གནད་དོན་དང་གནས་བབ། སྒྱུར་ཐབས་བཅས་ཕྱོགས་འགའ་དམིགས་སུ་བཟུང་ཏེ་གླེང་ཡོད།

བརྡ་ཆད་གཙོ་བོ། ལུས་རྩལ་མིང་བརྡ། སྒྱུར་ཐབས། ཁྱབ་སྤེལ།

གླེང་གཞི།

ཞི་བདེ་དང་འཕེལ་རྒྱས་དུས་རབས་ཀྱི་བརྗོད་དོན་དུ་གྱུར་བའི་སྤྱི་ཚོགས་གསར་བའི་ནང་། རྒྱལ་ཁབ་དང་རྒྱལ་ཁབ། རྒྱལ་ཁབ་དང་ས་གནས། ས་གནས་དང་ས་གནས་བར་གྱི་འབྲེལ་གཏུག་སྔར་ལས་ཇེ་མང་དུ་གྱུར་ཅིང་། རྒྱལ་ཁབ་དང་ས་གནས་དེ་དག་ཕན་ཚུན་བར་དུ་རིག་གནས་དང་ཚན་རིག་དཔལ་འབྱོར་སོགས་ཀྱི་འགྲོ་རྒྱུག་མང་དུ་ཕྱིན་པ་རེད། ལུས་རྩལ་གྱི་རིགས་འདི་ཡང་དེའི་ཁྲོད་རྣམ་གྲངས་གལ་ཆེན་ཞིག་གོ ། དེ་བས་རྒྱལ་སྤྱི་ནས་ལུས་རྩལ་རང་བཞིན་གྱི་རྩ་འཛུགས་མང་བོ་བཙུགས་ཏེ། རྒྱལ་ཁབ་དང་ས་གནས་སོགས་སུ་སྤེལ་བས་ལུས་རྩལ་འབྲེལ་འདྲིས་ཉིན་རེ་བཞིན་མང་དུ་ཕྱིན་པ་རེད། རང་རྒྱལ་གྱིས་ཀྱང་ས་གནས་རང་བཞིན་དང་རྒྱལ་ཁབ་རང་བཞིན་གྱི་གཞི་རྒྱ་ཆེ་ཆུང་མི་འདྲ་བའི་ལུས་རྩལ་གྱི་བྱ་འགུལ་དུ་མ་རབ་དང་རིམ་པ་སྤེལ་ཡོད་ཅིང་། སྒོས་སུ་སྤྱི་ལོ་ཉིས་སྟོང་བརྒྱད་ལོར་རང་རྒྱལ་གྱིས་རྒྱལ་ས་པེ་ཅིན་དུ་འཛམ་གླིང་ན་གཞི་རྒྱ་ཆེས་ཆེ་ཞིང་རྣམ་གྲངས་མང་ཤོས་ཀྱི་ཨོ་རྩལ་འགྲན་སྡུར་ཐོག་མར་བསྡུས་པ་དང་། དེས་ཚད་ངེས་ཞིག་གི་ཐོག་རང་རྒྱལ་མི་དམངས་ཀྱི་མཐོང་རྒྱ་བསྐྱེད་དེ། ལུས་རྩལ་གྱི་རྣམ་གྲངས་མང་དག་ཅིག་རྒྱུས་ལོན་དང་ངོས་ཟིན་པར་གྱུར་ཅིང་རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱང་ལུས་རྩལ་གྱི་རྣམ་གྲངས་དེ་དག་ལ་སྤྲོ་སྣང་ཆེན་པོ་ཡོད་པར་གྱུར། ཡིན་ནའང་འབྲེལ་འདྲིས་ཀྱི་ཁྲོད་དུ་སྐད་ཆ་ནི་ཧ་ཅང་གལ་ཆེ་བའི་ལག་ཆ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། ལུས་རྩལ་གྱི་རྣམ་གྲངས་དེ་དག་ལས་མང་ཆེ་ཤོས་ཕྱིའི་རྒྱབ་ཁབ་ནས་དར་བས། ཆེད་སྤྱོད་ཐ་སྙད་མང་དག་ཅིག་ཕྱི་སྐད་ཡིན་ལ། ལུས་རྩལ་གྱི་རྣམས་གྲངས་དེ་དག་སྐད་རིགས་གཞན་ལ་གོ་བརྡ་སྤྲོད་པར་བཀག་རྒྱ་ཐེབས་པ་རེད། དེར་རྒྱལ་ཁབ་རིམ་པ་ནས་མཐོང་ཆེན་དང་དོ་ཁུར་བྱས་པ་དང་། རང་རྒྱལ་གྱི་སློབ་ཆེན་མང་བོ་ཞིག་ནས་ལུས་རྩལ་ཐ་སྙད་ཀྱི་ལོ་ཙཱའི་ཆེད་ལས་ཀྱི་སྡེ་བཙུགས་ཤིང་། འདིས་རང་རྒྱལ་ལུས་རྩལ་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། དེ་བཞིན་ང་ཚོའི་བོད་མི་རིགས་ཀྱང་ལུས་རྩལ་ལ་དགའ་ཞིང་ལུས་རྩལ་གྱི་རིགས་མང་པོ་དར་མྱོང་བའི་མི་རིགས་ཤིག་ཡིན་པ་མ་ཟད། ད་དུང་གནའ་ནས་ད་བར་དུ་ཕྱིའི་རིག་གནས་སྒྱུ་རྩལ་ནང་འདྲེན་བྱེད་རྒྱུར་དགའ་བའི་མི་རིགས་ཤིག་ཡིན་ལ། བོད་ཀྱི་རྒྱལ་ཕྲན་སིལ་མའི་སྐབས་དང། བཙན་པོའི་རྒྱལ་རབས་གང་གི་སྐབས་སུའང་ཕྱིའི་རིག་གནས་ནང་འདྲེན་མཚམས་ཆད་མ་མྱོང་ཞིང་། ཕྱིའི་རིག་གནས་དེ་དག་གིས་བོད་ཀྱི་དུས་སྐབས་རེ་རེའི་ནང་གི་སྲིད་འབྱོར་རིག་གསུམ་དར་རྒྱས་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད་དེ། ཀུན་ཀྱི་མིག་དབང་འཕྲོག་པའི་རྒྱུ་རུ་གྱུར་ཡོད། ཡིན་ནའང་མི་རིགས་འབྲེལ་འདྲིས་སྔར་ལས་ཟབ་ཅིང་སྤྱི་ཚོགས་ཉིན་རེར་གོང་འཕེལ་སོང་བ་དང་བསྟུན། ཐོན་དངོས་གསར་བ་ཡང་མང་པོ་བྱུང་དང་འབྱུང་བཞིན་ཡོད། ལུས་རྩལ་རྣམ་གྲངས་ཀྱང་དེའི་ཁྲོད་གསར་དུ་མྱུ་གུ་འབུས་བཞིན་པའི་ཐོན་དངོས་ཞིག་ཡིན་པ་དང་དེའི་ཐ་སྙད་བོད་དུ་འགྱུར་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་པ་ཞིག་གོ །

དང་པོ། ལུས་རྩལ་མིང་བརྡའི་རིགས་དང་སྒྱུར་ཐབས་གླེང་བ།

གཅིག མིང་བརྡའི་རིགས་གླེང་བ།

སྤྱིར་ན་ཀུན་ཏུ་དར་ཁྱབ་ཆེ་བའི་ལུས་རྩལ་གྱི་རིགས་ལ་རྣམ་གྲངས་མང་བོ་ཞིག་ཡོད་ཅིང་། སླེ་གྲུག་ལུས་རྩལ་ནི་ཅུང་འཐུས་སྒོ་ཚང་ཞིང་ཚགས་དམ་པར་གྲུབ་པའི་ལུས་རྩལ་རྣམ་གྲངས་ཞིག་ཡིན་པས་ན། དེར་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་སྨྲོས་མ་དགོས། སླེ་གྲུག་ནི་ཐུན་མོང་རང་བཞིན་ཅན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པའི་ཆ་ནས་ཉུང་མཐའ་ཡང་མི་གཉིས་དང་། ཡང་ཚད་ལྡན་གྱི་འགྲན་སྡུར་མི་གསུམ་ནས་ལྔ་བར་ཡོད་དགོས། འདིའི་མིང་བརྡ་ལ་ཡང་རིགས་འགའ་མཆིས་ཏེ།  2.1 སླེ་གྲུག་གནས་ཁུལ་མིང་ཚིག་རེའི་མིག 2.2ལྒང་ཐང་སྒྲིག་ཆས་རེའུ་མིག 2.3ལུགས་སྲོལ་མིང་ཚིག་རེའུ་མིག 2.4 རྒྱུན་སྤྱོད་མིང་ཚིག་རེའུ་མིག 2.5སྡོམ་རྩིས་མིང་ཚིག་རེའུ་མིག 2.6 འགོག་སྲུང་ཐབས་རྩལ་མིང་ཚིག་རེའུ་མིག 2.7ཕར་རྒོལ་བྱེད་སྟངས་ཀྱི་མིང་ཚིག་རེའུ་མིག         གཉིས། མིང་བརྡའི་སྒྱུར་ཐབས་གླེང་བ།        དེ་ལྟར་ན་ཐོག་མར་རྒྱའི་སྐད་དུ篮球ཟེར་བའི་ཐ་སྙད་འདི་གླེང་དགོས་ཏེ། འདི་ལ་མིང་འདོགས་སྟངས་མང་བོ་ཞིག་ཡོད། ཁམས་ཕྱོགས་ནས་སླེ་གྲུག་ཟེར་ཞིང་ཕལ་ཆེར་ཡིག་སྐད་ལས་འགྱུར་བ་འདྲ། དབུས་སུ་སྤོ་ལོ་ཟེར། ཨ་མདོས་ཡུལ་སྐད་དུ་ལྒང་ལི་ཟེར་བ་དང་ཡིག་སྐད་ལ་གཟེབ་གྲུག་ཏུ་འབོད། འགའ་ཞིག་གིས་དྲ་འཕེན་སྤོ་ལོ་ཡང་ཟེར། གཟེབ་གྲུག་དང་སླེ་གྲུག་ནི篮球ཐད་སྒྱུར་བྱས་པ་ཡིན། རྒྱའི篮ཟེར་བ་དེ་བོད་སྐད་དུ་གཟེབ་བམ་སླེ་བོར་སྒྱུར་འདུག་པ་དང་། ལྒང་ལི་དེ་སྨོན་ལམ་ཚིག་མཛོད་དུ། “ལྒང་བུ་སྟེ་ལུས་རྩལ་སྦྱོང་བརྡར་བྱེད་པའི་ཡོ་བྱད་ཅིག་ཡིན་ལ། ཡུལ་སྐད་དུ་ལྒང་ལི་ཟེར།”[1]དེ་ཡང་ལྒང་ལི་ནི་མིའི་ལུས་ཀྱི་སྣོད་དྲུག་གི་ཡ་གྱལ་ཡིན་ལ། དབྱིབས་ཟླུམ་པོ་ཞིག་ཡིན་པས་དབྱིབས་ཀྱི་ཆ་ནས་བཏགས་པར་སྣང་། གྲུག་ཅེ ས་ཟླུམ་པོར་གོ་བ་ཡིན་ལ། ཡང་སྤོ་ལོ་ཞེས་པའི་ཐ་སྙད་འདི་ནི་བོད་མིའི་གནའ་ནས་ད་བར་དུ་རྒྱའི་སྐད་ཀྱི球ལ་བོད་སྐད་དུ་སྤོ་ལོ་རུ་འབོད་ལ། བོད་རིག་པ་སྨྲ་བ་གྲགས་ཅན་བང་ཡོའི(王尧)«རྟ་ཐོག་སྤོ་ལོ་གསར་འགྲེལ»ཞེས་པར། “རྟ་ཐོག་སྤོ་ལོ་ནི་ཆེས་ཐོག་མར་བོད་ཡུལ་ནས་དར་ཞིང་། འདི་བོད་ཀྱི་ཆེས་སྔ་བའི་ཚིག་མཛོད«བྱེ་བྲག་རྟོགས་བྱེད་ཆེན་མོ»ལས་བདེན་པར་ར་སྤྲོད་བྱ་ཐུབ། སྤྱི་ལོ་དུས་རབས་བརྒྱད་པ་ནས་དགུ་པའི་ནང་གྲུབ་པའི་དེབ་དེར་སྤོ་ལོ་ཞེས་པའི་ཐ་སྙད་ཐོན་ཡོད།” དེ་ན་སྤོ་ལོ་ཞེས་པའི་མིང་ཚིག་འདི་འཛམ་གླིང་ཤར་ནུབ་ཀུན་གྱིས་གཅིག་ལྕོག་ཏུ་བོད་སྐད་ཀྱི་མིང་ཚིག་ཅིག་ཡིན་པ་ཁས་ལེན་ལ། བོད་ཀྱི་གནའ་རབས་ཀྱི་སྲོལ་རྒྱུན་ལུས་རྩལ་ནང་རྟ་བཞོན་ནས་དབྱུག་པས་སྤོ་ལོ་རྒྱག་པའི་ལུས་རྩལ་རྣམ་གྲངས་ཤིག་ཡོད་པ་དེར་ཟེར། འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་འཁོད་ཡོད་པར་གཞིགས་ན། བོད་ཀྱི་རྟ་རྒྱུག་དང་རྟ་རྩལ་འཕེལ་རྒྱས་ཐད་ཚད་མཐོའི་ཐབས་རྩལ་དང་སྦྱོང་བརྡར་ནན་པོ་བྱེད་དགོས་པའི་རྟ་ཐོག་སྤོ་ལོའི་ལུས་རྩལ་བྱེད་སྒོ་ཐོན་ཡོད། བོད་བཙན་པོའི་རྒྱལ་རབས་སུ། ཐང་རྒྱལ་རབས་དང་འབྲེལ་བ་དམ་ཟབ་བྱུང་ནས། རྟ་ཐོག་སྤོ་ལོའི་ལུས་རྩལ་དེ་རྒྱའི་དབུས་རྒྱུད་ས་ཁུལ་དུ་དར་ཡོད། དེ་ལྟར་སྤོ་ལོ(球)ནི་ལུས་རྩལ་རིགས་གཅིག་གི་མིང་བྱེ་བྲག་པ་དེ་ཉིད་སྤོ་ལོ་སྤྱིའི་མིང་ལ་ཁྱབ་པར་གྱུར་བ་ཞིག་ཡིན་ཏེ། རྐང་རྩེད་སྤོ་ལོ(足球)དང་། ཐག་ཐག་སྤོ་ལོ(乒乓球)།  སླེ་གྲུག(篮球) སྟེགས་གྲུག(台球)སོགས་ཚང་མ་ཐོག་མའི་སྤོ་ལོའི་མིང་བྱེ་བྲག་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སྙམ། དེ་ལས་སླེ་གྲུག་ལ་གཟེབ་གྲུག་དང་། ལྒང་ལི། དྲ་འཕེན་སྤོ་ལོ། ལན་ཆིའུ་སྤོ་ལོ་སོགས་མིང་གི་རྣམ་གྲངས་མང་པོ་ཡོད་ཀྱང་། དྲ་འཕེན་སྤོ་ལོ་ལས་གཞན་པའི་མིང་བརྡ་དག་ཁྱད་མེད་དུ་སྤྱད་ཆོག་པར་སྙམ་ལ། དཔེར་ན། མངོན་བརྗོད་དུ་ཉི་མ་ལ་མིང་གི་རྣམས་གྲངས་ཉིས་བརྒྱ་ལྷག་ཡོད་པས་གང་ལ་གང་འཚམ་གྱིས་སྦྱར་ཆོག་པ་ཡིན་ལ། དྲ་འཕེན་སྤོ་ལོ་ནི་གཅིག་ནས་ཚིག་སྣ་རིང་བ་དང་། གཉིས་ནས་དྲ་འཕེན་ཡིན་ཚད་སླེ་གྲུག་གཅིག་པུར་མ་ངེས་ཞིང་། རྐང་རྩེད་ཡང་དྲ་བར་འཕེན་པས་ན་ངེས་པ་མ་མཆིས་སོ། །མིང་གི་རྣམས་གྲངས་མང་བོ་ཡོད་པ་འདིས་ཀྱང་བོད་དུ་སྤོ་ལོ་དར་ཁྱབ་ཆེ་བ་ཤེས་ཐུབ།

དེར་ལུས་རྩལ་ཐ་སྙད་དག་ཡིག་སྒྱུར་བྱེད་སྐབས་དུས་རྒྱུན་དུ་སྤྱོད་ཆེ་བ་ནི་དོན་སྒྱུར་དང་ཐད་སྒྱུར། སྒྲ་སྒྱུར། རང་འགྱུར། གཞན་འགྱུར་བཅས་ཡིན་ལ། ང་ཚོས་གཤམ་དུ་དེ་དག་རེ་རེ་བཞིན་དགོད་པར་བྱའོ། །

1 དོན་སྒྱུར། 意译

“མ་ཡིག་གི་དོན་གྱི་ཆ་གཙོ་བོར་བཟུང་ཞིང་བོད་སྐད་ཀྱི་བརྡ་སྤྲོད་ལུགས་དང་བསྟུན་ནས་ཇི་བཞིན་དུ་བསྒྱུར་བ་ལ་བྱ།”[2]དཔེར་ན། 失误 ལག་ཐལ། 传球 ལག་བརྒྱུད། 冠军 ཨང་དང་པོ། 亚军 ཨང་གཉིས་པ། 季军 ཨང་གསུམ་པ། 配合 གཞོགས་འདེགས། མིང་བརྡ་འདི་ལྟ་བུ་དག་དོན་སྒྱུར་བྱས་ཆོག་པ་སྟེ། ལག་ཐལ་ཞེས་པ་ལག་ནས་ཤོར་བའམ་ལྷུང་བའི་དོན་ཡིན་པས་ཁ་སྐད་དུ་ཁྱོད་ལ་ལག་ཐལ་བྱུང་བ་ཡིན་ནམ་ཟེར་ལ། ཡང་ལྒང་ལི་རྡེབ་སྐྱེལ་དང་ལག་བརྒྱུད་བྱེད་སྐབས་ལག་ནས་ཤོར་བ་ལ་གོ་བ་ཡིན་ནོ། ། ལག་བརྒྱུད་ནི་མི་གཅིག་གིས་མི་གཞན་པའི་ལག་ལ་སྤྲད། དེས་ཀྱང་གཞན་ལ་སྤྲད་ནས་བརྒྱུད་མར་སོང་བའི་དོན་ཡིན། ཁ་དཔེ་ལ། ཟས་མི་ལག་བརྒྱུད་ན་ཇེ་ཆུང་ཟེར་ལྟ་བུ་ཡིན་པས། རྒྱའི་སྐད་ཀྱི传球ཡང་ལྒང་ལི་ལག་ནས་ཕན་ཚུན་བར་བརྒྱུད་པའམ་སྤྲད་ནས་ཕར་རྒོལ་བྱེད་ཐབས་ཞིག་ཡིན། དེ་བས་མིང་ཚིག་དེ་བོད་རང་ལ་ཡོད་པས་དེ་ལྟར་བསྒྱུར་ན་གོ་བདེ་འཇུག་བདེ་ཡིན་ནོ། །

ཡང་། རྒྱའི་སྐད冠军དང་། 亚军 季军བཅས་ནི་གནའ་བོའི་རྒྱའི་རྒྱུགས་སྤྲོད་ལམ་ལུགས་ལས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་འབོད་སྟངས་ཤིག་ཡིན་ལ། བོད་སྐད་དུ་འདི་ལྟར་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་གྲངས་ཚད་གཞིར་བཟུང་ནས་གོ་རིམ་སྟོན་པ་ཡིན། གཞོགས་འདེགས་ཞེས་པ་ཡང་ཕྱོགས་གཅིག་ནས་ཡར་བཀྱགས་ཏེ་རོགས་རམ་བྱས་པའི་དོན་ནོ། །

2 ཐད་སྒྱུར། 直译 

གཞན་སྐད་ཀྱི་གོ་རིམ་མ་བསྣོར་བར་ཐད་ཀར་བསྒྱུར་བའམ། མགོ་སྔ་ཅུང་ཟད་འགྱུར་ནས་བརྡ་སྤྲོད་པ་ཞིག་ཡིན།”[3]
དཔེར་ན།

 投篮 སླེར་འཕེན། 快攻 མྱུར་རྒོལ། 得分  ཐོབ་སྐར། 盖帽 ཞྭ་གོན། 投ནི་འཕེན་པ་དང篮ནི་སླེ་བོའི་དོན་ཡིན་ལ། རྒྱའི་སྐད་ཀྱི快ནི་མྱུར་བའི་དོན་དང་། 攻ནི་རྒོལ་བའི་དོན་ཡིན། 得ནི་ཐོབ་པ་དང分ནི་སྐར་མ། 盖ནི་སྐོན་དང帽ནི་ཞྭ་སོགས་གཉིས་གཉིས་མཉམ་གཅིག་ཏུ་ཐད་ཀར་ཚིག་གི་ངོ་གདོང་དེད་ནས་བསྒྱུར་བ་ཡིན། འདི་ལྟ་བུ་ནི་ཐད་སྒྱུར་བྱས་ན་གོ་བདེ་དང་འཇུག་བདེ་ཡོད་པ་ཡིན་ནོ། ། འདི་ལྟ་བུའི་ཐ་སྙད་མང་དུ་འདུག་ལ་གོང་གསལ་ནི་དཔེ་མཚོན་ཙམ་དུ་བཀོད་པ་ལགས།

3 རང་འགྱུར། 归化

“རང་འགྱུར་ནི་གཞུང་ལུགས་ཀྱི་སྟེང་ནས་སྐད་ཆ་ཉིད་འབྲེལ་འདྲིས་ཀྱི་ཡོ་བྱད་དུ་བརྩི་ཞིང་། ལག་ལེན་ཁྲོད་བུ་ཡིག་གང་བདེ་པོར་བྱེད་ལ།  སྐད་རིགས་གཉིས་བར་གྱི་རིག་གནས་ཀྱི་བར་ཁྱད་ཆུང་དུ་བཏང་ནས། བུ་ཡིག་ཀློག་སྐབས་རང་གི་སྐད་ཡིག་གིས་བརྩམས་པ་ལྟར་སྣང་བ་ཞིག་ལ་ཟེར་ཞིང་།”[4] མདོར་བསྡུས་ན། རང་འགྱུར་ནི་ཕྱིའི་རིག་གནས་མི་རིགས་རང་གི་རིག་གནས་སུ་གཏང་བ་ཞིག་ལ་ཟེར།
དཔེར་ན། 
       中锋 དབུ་རུ། 前锋 གདོང་རུ། 球队 རུ་ཁག
       进攻 ཕར་རྒོལ། 裁判 ཤན་འབྱེད་པ། 犯规 འགྲིག་འགལ།

འདི་དག་ལས་དབུ་རུ་དང་གདོང་རུ། རུ་ཁག་ཕར་རྒོལ་བཅས་ནི་དམག་དོན་ཁྲོད་ཀྱི་ཆེད་སྤྱོད་ཐ་སྙད་འགའ་ལུས་རྩལ་ཐ་སྙད་ཁྲོད་དུ་སྤྱད་པ་ཡིན་ལ། བོད་བཙན་པོའི་དུས་སུ་རུ་ཞེས་དམག་གི་བརྡ་རྙིང་ཡིན་ལ། དམག་དཔུང་གི་གཡུལ་བྱེད་སྐབས། མདུན་ན་གནས་པའམ་དགྲ་བོའི་གདོང་ལེན་མཁན་གྱི་དམག་དཔུང་ལ་གདོང་རུ་དང་། དཀྱིལ་གནས་སུ་ཡོད་པའི་དམག་དཔུང་ལ་དབུ་རུ་ཞེས་པ་ཡིན། ཕར་རྒོལ་ནི་ཕ་རོལ་འདུལ་བའི་ཆེད་དུ་རྒོལ་བ་ལ་ཟེར། ཤན་འབྱེད་པ་ནི་གནའ་བོའི་དུས་སུ་བདེན་རྫུན་གྱི་དབྱེ་བ་འཇལ་མཁན་ལ་གོ་བ་ཡིན་ཏེ། འདི་དག་གི་བྱེད་ལས་གཅིག་པས་དེ་ལྟར་བསྒྱུར་ན་འགྲིག་ཅིང་འཕྲོད་དོ། །ཡང་བོད་ཀྱི་སྤྱི་ཚོགས་རྙིང་བར་འབྲོག་པའི་ས་ཁུལ་དུ་རྩྭ་སར་དོ་དམ་མམ་བདག་སྐྱོང་བྱེད་མཁན་ཞིག་ཡོད་ཅིང་དེ་ལ་འགྲིག་བདག་ཟེར་ལ། དེས་བཞག་པའི་འགྲིག་ལམ་དང་འགལ་ཚེ་འགྲིག་འགལ་ཞེས་སུ་འབོད། དེ་ན་སྒྲིག་སྲོལ་དང་འགལ་བ་ཡིན་པས་དེ་གཉིས་ཡང་རབ་ཏུ་ཁ་འཕྲོད་དོ། །འདི་ལྟ་བུ་ནི་གོ་བརྡ་སྤྲོད་པ་ཙམ་མ་ཡིན་པར་ཐ་སྙད་གཅིག་གི་ཤུགས་ལས་རིག་གནས་སམ་ཡུལ་སྲོལ་གོམ་གཤིས་ཞིག་གོ་ཐུབ་པས་རང་འགྱུར་ཏུ་འདོད་དོ། །
      4 སྒྲ་སྒྱུར།

མིང་ཁ་ཤས་ཤིག་མི་རིགས་གཞན་པའི་སྐད་ཡིག་གི་སྒྲ་ཇི་བཞིན་བོད་སྐད་དུ་སོར་འཇོག་བྱས་པ་ཞིག་ལ་ཟེར།
དཔེར་ན།

 ཡོབ་གླིང་གོམ་སྟབས། 欧洲步

ཡོབ་གླིང་གོམ་སྟབས་ནི་ལྡེབ་མྱུར་འཁྱུག་པའི་གོམ་སྟབས་ཀྱིས་འགོག་སྲུང་མི་སྣ་བརྒལ་ཏེ་སྐར་མ་ལེན་སྟངས་ཞིག་ཡིན་ཏེ། གོམ་སྟབས་འདི་ཨོ་གླིང་ནས་དར་བ་ཡིན་པས་དེ་ལྟར་ཐོགས་ལ། སྒྲ་སྦྱོར་བམ་གཉིས[5]སུ་མིའི་མིང་དང་། ས་མིང་། ཆུ་མིང་སོགས་ནི་དོན་སྒྱུར་དང་། ཐད་སྐྱུར་བྱས་ན་གོ་ལོག་འགྲོ་བའི་ཉེན་ཁ་ཡོད་པས། སྒྲ་སྒྱུར་བྱས་ན་ལེགས་ཞེས་གསུངས་བ་བཞིན་སྒྲ་སྒྱུར་བྱས་པའོ། །

གཉིས་པ། ལུས་རྩལ་མིང་བརྡའི་ལོ་ཙཱའི་གནད་དོན།

གཅིག འགྱུར་ལ་འབྲེལ་ཡོད་ཀྱི་རྟེན་གཞིའི་གཞུང་ལུགས་ཉུང་བ།

དེ་ཡང་བོད་མི་རིགས་ནི་ལོ་རྒྱུས་རྒྱུན་རིང་བོ་ཡོད་པའི་མི་རིགས་ཡིན་པས་ན། རིག་གཞུང་ལོ་རྒྱུས་དང་འབྲེལ་འདྲིས་གྱི་ལག་ཆ་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་གཞུང་ལུགས་ཕུན་སུམ་ཚོགས་པོ་ཡོད་དེ། ལོ་རྒྱུས་ཐོག་བོད་ལ་ཐ་སྙད་བསྒྱུར་འདྲེན་མཛད་པ་ནི་ང་ཚོས་སྨྲོས་མ་དགོས་པར། ང་ཚོའི་མཐོང་ཡུལ་དུ་གྱུར་བའི་བཀའ་བསྟན་དང་བཟོ་གསོ། སྒྲ་ཚད་སོགས་ལས་ཤེས་ཐུབ་ལ། བོད་འགྱུར་གཞུང་དེ་དག་ལ་ཚད་ལྡན་གྱི་གཞུང་ལུགས་རྒྱབ་རྟེན་དུ་གྱུར་བ་སྒྲ་སྦྱོར་བམ་པོ་གཉིས་པ་དང་། བྱེ་བྲག་རྟོགས་བྱེད་ལྟ་བུའི་ལོ་ཙཱའི་རྩ་དོན་འཐུས་སྒོ་ཚང་བ་དང་། ཡང་ས་པཎ[6]གྱིས་ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུ་ཞེས་པ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེས[7]ལོ་ཙཱའི་ཚད་གཞིར་། ཚིག་གསལ་གོ་བདེ་བ་དོན་དང་ཡང་མི་འགལ་བ་བྱས་ཏེ་ལེགས་བསྒྱུར་ན་ཞེས་དུས་དང་བསྟུན་པའི་ལོ་ཙཱའི་ཚད་གཞི་བཏོན་ཡོད། བཅོས་སྒྱུར་སྒོ་འབྱེད་ཚུན་ཆད་ནས་ད་རག་བར་གྱི་མི་ལོ་སུམ་ཅུ་ནི་འཛམ་གླིང་མིའི་རིགས་སྤྱི་དང་སྒོས་སུ་རང་རེའི་ཀྲུང་གོའི་ཚན་རྩལ་ལག་རྩལ་དང་བཟོ་ཚོང་ལས་རིགས། འགྲུལ་འགྲིལ་དང་ཆ་འཕྲིན། ལུས་རྩལ་རྣམ་གྲངས་སོགས་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་གོང་དུ་འཕེལ་མགོ་ཚུགས་ཤིང་། དེ་དག་གི་བསྐྱེད་འབྲས་སུ་གྱུར་པའི་ཐོན་རྫས་དང་། ཚོང་རྫས། ལུས་རྩལ་མི་བརྡ་དག་ཆར་ཤུལ་གྱི་ཤ་མོ་བཞིན་དུ་ལ་ལུང་དུ་བརྡོལ་བ་དང་། གསར་བྱུང་གི་དངོས་པོ་དག་ལས་མིང་བརྡ་འགའ་ཞིག་བོད་སྐད་དུ་འགྱུར་ཐུབ་པ་དང་། འགའ་ཞིག་འགྱུར་ཐུབ་མེད།

ཁ་སང་དེ་རིང་རྒྱ་སྐད་ཀྱི་མིང་བརྡ་བོད་དུ་འགྱུར་བ་ལ་ཡོངས་ཁྱབ་ཀྱི་གནད་དོན་ཅིག་གནས་པ་ནི། བོད་འགྱུར་མིང་བརྡ་དེ་དག་ཡོངས་ཁྱབ་ཏུ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་པ་དེ་རེད། དེ་ནི་གཅིག་ནས་སྒྱུར་མཁན་གྱིས་ཡིག་སྐད་ལ་བརྟེན་དྲགས་པས་དམངས་ཁྲོད་གྱི་ཡིག་རྨོངས་བ་དག་གིས་གོ་བདེ་བོ་མ་བྱུང་བ་དང་། གཉིས་ནི་མིང་བརྡ་དེ་དག་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བ་ཆེན་པོ་མེད་ན་དང་དོད་བྱེད་ཀྱིན་མེད་པ། གསུམ་ནས་འབྲེལ་ཡོད་ལས་ཁུངས་ནས་དེ་ཁྱབ་བསྒྲགས་ལེགས་པོ་བྱ་ཐུབ་ཀྱིན་མེད་པའམ་ཁྱབ་བསྒྲགས་བྱེད་སྟངས་སྣ་གཅིག་ཡིན་པ་སོགས་ཀྱི་གནད་དོན་འགའ་གནས་པས་ཡིན། དེ་བཞིན་དུ་ལུས་རྩལ་གྱི་མིང་བརྡ་བོད་དུ་འགྱུར་བ་ནི་ཉིན་མོའི་སྐར་མ་ཙམ་དུ་སྲིད། ཡིན་ནའང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་ནས་དུས་ཐོག་ཆར་བཞིན༡༦༨༦ལོའི་ཟླ༤པར་མཚོ་སྔོན་གྱི་ལུས་རྩལ་དར་སྤེལ་གཏོང་བའི་ཁར། རྩལ་འགྲན་ལུས་རྩལ་དང་མི་རིགས་ལུས་རྩལ་གང་ཡིན་ཡང་གོང་དུ་སྤེལ་བ་དང་། རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱིས་དེང་རབས་ཀྱི་ལུས་རྩལ་འགུལ་བསྐྱོད་ཀྱི་ཤེས་བྱ་རྟོགས་པར་བྱེད་པའི་འདོད་པ་སྐོང་རྒྱུ་དང་། རྒྱ་བོད་བར་གྱི་ལུས་རྩལ་རིག་གནས་བརྗེ་རེས་བྱེད་པ། དེང་རབས་ལུས་རྩལ་འགུལ་བསྐྱོད་ཀྱི་རྣམ་གྲངས་སོ་སོའི་ཐབས་རྩལ། འགྲན་རྩལ། སྒྲིག་ལམ་སོགས་ཁྱབ་གདལ་དུ་གཏོང་བ། བོད་རིགས་སློབ་ཆུང་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་སྔ་མོ་ནས་དེང་རབས་འགུལ་བསྐྱོད་རྣམ་གྲངས་ཀྱི་རེ་འདོད་ལྟར་ལུས་རྩལ་འགུལ་སྐྱོད་སྣ་ཚོགས་སྤེལ་བར་སྐུལ་འདེད་གཏོང་བཅས་ལ་དམིགས་ཏེ«རྒྱ་བོད་ཤན་སྦྱར་ལུས་རྩལ་མིང་ཚིག་ཕྱོགས་བསྒྲིགས»ཞེས་པའི་དེབ་ཅིག་བསྒྲིགས་ཡོད་ལ། འདི་ནི་ཤིན་ཏུ་དགའ་འོས་པའི་གྲུབ་འབྲས་ཡིན་ནོ། །ཡིན་ཡང་དེབ་འདི་ཕལ་ཆེར་དེ་འདྲའི་རྒྱུགས་ཆེ་བ་ཞིག་མི་འདུག་སྟེ། དེ་ནི་ངས་གོང་དུ་སྨྲས་པ་ལྟར། གཅིག་ནས་ཤེས་ཡོན་པའི་སྡེ་ཡིས་དེ་ལ་དོ་སྣང་དང་ཁྱབ་སྤེལ་ལེགས་པོ་བྱ་མ་ཐུབ་པ་དང་། གཉིས་ནས་སྐབས་དེ་དུས་བོད་ལ་ཡོན་ཏན་པ་ཉུང་ཞིང་ཡིག་རྨོངས་བ་མང་བ། སླེ་གྲུག་དེ་འདྲའི་དར་ཁྱབ་མེད་པ་སོགས་ཀྱི་གནད་དོན་ཡིན་ལས་ཆེའོ་སྙམ། དེ་བས་བཀོལ་སྤྱོད་ཀྱི་རིན་ཐང་ཆེ་བའི་དེབ་འདི་འགྲོ་བའི་ཡིད་ཀྱི་མུན་པ་སེལ་བའི་ཉི་མའི་འོད་ཟེར་དུ་མ་གྱུར་བར་སློབ་གྲྭ་སོ་སོའི་དཔེ་ཁང་གི་གྲུ་ཟུར་དུ་ཞལ་ཁེབས་རྡུལ་གྱིས་མནན་ནས་བཞག་ཡོད། ཐ་ན་བོད་རང་ཉིད་ཀྱི་ལུས་རྩལ་ལོ་རྒྱུས་སོགས་རྒྱའི་ཡི་གེའི་ལམ་ནས་བྲིས་ཡོད་པ་ལས་བོད་ཡིག་རང་གིས་བྲིས་པ་ཧ་ཅང་དཀོན་པོ་འདུག

གཉིས། མིང་བརྡ་གསར་བཟོ་བྱེད་དཀའ་བ།

ང་ཚོས་ལུས་རྩལ་མིང་བརྡ་སྒྱུར་འདྲེན་བྱེད་སྐབས་དཀའ་ཁག་མང་དག་ཅིག་ལ་འཕྲད་ཡོང་སྟེ། དེ་ནི་གཅིག་ནས་ང་ཚོས་འབྲི་ཀློག་སྤྱོད་གསུམ་ཐུབ་པའི་སྐད་ཡིག་ལ་ཚད་ཡོད་ཅིང་། མིག་སྔར་ལུས་རྩལ་གྱི་མིང་བརྡ་དག་རྒྱ་ཡིག་ལས་བསྒྱུར་བ་གཙོ་བོ་ཡིན་དང་། དགེ་རྒན་གྱི་སྟོབས་ཤུགས་མི་འདང་བ་དང་ཆབས་ཅིག་ལུས་རྩལ་དང་རྒྱ་བོད་སྐད་རིགས་གཉིས་ལ་བྱང་ཆ་ལྡན་པའི་མི་སྣ་དཀོན་པ་རེད། ལུས་རྩལ་ཡིག་སྒྱུར་གྱི་ཆེད་ལས་སློབ་ཚན་དེ་སློབ་ཚན་བཀོད་སྒྲིག་བྱེད་སྐབས་མཐོང་ཆེན་མི་བྱེད་པ། སློབ་ཁྲིད་དང་ལག་ལེན་གཉིས་ཟུང་འབྲེལ་དམ་པོ་མེད་པར། བླ་མ་ཡོད་དུས་དད་པ་མེད། དད་པ་ཡོད་དུས་བླ་མ་མེད་ཞེས་པའི་དཔེ་ལྟར་གྱུར། ལུས་རྩལ་མིང་བརྡ་གསར་བཟོ་བྱ་དགོས་ཚེ། ཆེད་ལས་ཅན་གྱི་ལུས་རྩལ་ལོ་ཙྭའི་བ་མཁོ་བ་རེད། དེ་ལྟར་མ་བྱས་ཚེ་རྒྱ་མིང་ཐད་ཀར་སྤྱོད་པ་ལས་ཐབབས་མེད་པར་འགྱུར་རོ། །དཔེར་ན། རྒྱ་སྐད་ཀྱི投篮三不沾(ལྒང་ལི་འཕངས་པ་དེ་ལྒང་གཏན་དང་ལྒང་འཁོར། སླེ་དྲ་གསུམ་གང་ལའང་མ་ཐུག་པ།)དང一条龙上篮(རྒོལ་ཐེངས་གཅིག་ལ་རང་ཉིད་གཅིག་པུས་སླེ་གྲུག་ཁྱེར་ནས་འཇོག་འཇུག་བྱས་པ།)དང回头望月上篮(ལྒང་ལི་ཁྱེར་ཏེ་ཞབས་ཐིག་བརྟོལ་ནས་རྒྱུགས་སྐབས་མགོ་བོ་ཕྱིར་དགྱེ་བའི་འཕེན་སྟངས་ཤིག) 乌龙球(རང་གིས་འགྲན་ཡ་ལ་རོགས་བྱས་ཏེ་སྐར་མ་བླངས་བ) 黑(རུ་ཁག་སྟོབས་ཞན་གྱིས་མཇུག་མཐའི་རྒྱལ་ཁ་བླངས་པ།)སོགས་ལྟ་བུའི་མིང་བརྡ་མང་བོ་ཞིག་ལུས་རྩལ་ལོ་ཙཱ་ལ་བྱང་ཆ་མེད་ན་གོ་ལོག་ཏུ་འགྱུར་ཉེན་ཡོད་ལ། འདི་ལྟ་བུ་རྒྱ་མི་རིགས་ཀྱིས་དབྱིན་ཇིའི་སྐད་ཚུར་བསྒྱུར་འདྲེན་བྱེད་སྐབས་རང་གི་རིག་གནས་དང་འབྲེལ་ནས་བསྒྱུར་བ་ཡིན་པར་འདོད་ལ། ཁོ་བོ་དབྱིན་སྐད་ལ་བྱང་ཆ་མེད་པས་དེ་དག་གི་མ་ཡིག་ཇི་ལྟར་ཡིན་པ་རྟོགས་དཀའ་བ་རེད། མི་རིགས་སོ་སོའི་འཚོ་གནས་ཀྱི་ཁོར་ཡུག་དང་། རིག་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་གཅིག་པས། བྱ་དངོས་དག་གི་མིང་གི་གྲུབ་ཚུལ་དང་རང་བཞིན། ཁྱད་ཆོས། ངེས་སྲོལ་མི་གཅིག་པས། མིང་བརྡ་སྐོར་ཞིག་བསྒྱུར་དཀའ་བའི་གནས་སུ་ལྷུང་ཡོད།

གསུམ། ཡུལ་ལུང་སོ་སོའི་འགྱུར་མི་འདྲ་བ།

དེ་ཡང་སླེ་གྲུག་གི་མིང་བརྡ་དེ་དག་ཐོན་པ་དང་ལྷན་དུ་བོད་ཡུལ་ལུང་པ་སོ་སོ་ནས་རང་རང་གི་ཡུལ་སྐད་ཀྱི་རང་མོས་ལྟར་བསྒྱུར་བཞིན་ཡོད་ལ། བོད་ལ་སྤྱི་སྐད་ཅིག་མེད་པ་དང་། དབང་བཙན་པའི་སྐད་ཡིག་དོ་དམ་ལས་ཁུངས་ཤིག་ཀྱང་གཞི་མ་གྲུབ་པས་ན། ཡུལ་ལུང་སོ་སོས་རང་མོས་ཀྱིས་གདགས་གཞི་གཅིག་ལ་ཐ་དད་དུ་གྱུར་བའི་ཐ་སྙད་མང་པོ་སྒྱུར་འདྲེན་བྱེད་བཞིན་ཡོད་པ་དང་གཅིག དཔེར་ན། རྒྱའི་སྐད་ཀྱི篮球ལ། དབུས་ནས་སྤོ་ལོ་དང་། ཨ་མདོ་ནས་ལྒང་ལི་དང་ལག་རྩེད། གཞན་ཡང་ས་ཆ་འགར་གཟེབ་དྲུག དྲ་འཕེན་སྤོ་ལོ་སོགས་ཟེར་བ། 犯规ལ་དབུས་ནས་ཧྥན་ཀོས་དང་། ཨ་མདོ་ནས་འགྲིག་འགལ་དང་། ཁམས་ནས་སྒྲིག་འགལ། ཡང་རྒྱའི罚球དབུས་ནས་ཧྥ་ཆིག ཨ་མདོ་ནས་ཉིས་ཆ། ཁམས་ནས་ལག་ཕྱིན་ཞེས་པ་ལྟ་བུའོ། །

 ཡང་རྒྱ་སྐད་ཀྱི传球དབུས་ནས་སྤོ་ལོ་གཡུགས། ཨ་མདོ་ནས་བརྒྱུད་སྤྲོད་དང་། ཁམས་ནས་ལྒང་བྱིན་ཟེར་བ་སོགས་ནི། མདོ་དབུས་ཁམས་གསུམ་བར་ནམ་རྒྱུན་འབྲེལ་གཏུག་མི་བྱེད་པ་དང་། འཚོ་གནས་ཀྱི་ཡུལ་ཁོངས་སོགས་མི་འདྲ་བའི་རྒྱུ་མཚན་གྱིས་བསྒྱུར་བའི་ཐ་སྙད་ཀྱང་ཐ་དད་དུ་སོང་ཡོད་པས། བོད་ཀྱི་སྐད་གདངས་དང་ཐ་སྙད་གྲུབ་པའི་ངེས་སྲོལ་དང་ཀུན་ནས་མཐུན་པའི་ཡིག་སྐད་ཅིག་གྲུབ་པར་གེགས་རྐྱེན་བཟོ་བཞིན་ཡོད། ཡང་གཅིག་གྱུར་གྱི་ཡིག་སྐད་ལའང་གདགས་གཞི་གཅིག་ལ་ཐ་སྙད་མི་འདྲ་བ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་དང་གཉིས། དཔེར་ན། རྒྱའི་སྐད篮球ལ་སྤོ་ལོ་དང་། ལྒང་ལི། ལག་རྩེད། གཟེབ་དྲུག སླེ་གྲུག་ཟེར་བ་ལྟ་བུའོ། ། ཡང་རྒྱའི་སྐད掩护ལ་འགེབས་སྲུང་། རམ་འདེགས། གཞོགས་འདེགས། 运球ལ་ལྒང་ལི་རྡེབ་སྐྱེལ། ལྒང་འཁྱེར་ཟེར་བ་ལྟ་བུ་དག་ཡིན་ནོ། །བྱ་དངོས་ཀྱི་མིང་དུ་གྱུར་བའི་ཐ་སྙད་གང་དང་གང་ཡིན་ཡང་། ཚེག་བར་ཉུང་ལ་དོན་འདུས་ཤིང་ཁ་གསལ་བ་ཞིག་ཡིན་པ་ནི་གལ་ཆེ་བས། གོང་གསལ་དཔེར་བརྗོད་ལས་སླེ་གྲུག་དང་། འགེབས་སྲུང་། ལྒང་འཁྱེར་སོགས་སུ་བསྒྱུར་ན་དོན་དང་མཐུན་པ་ཡིན་ཡང་། མིག་སྔར་དེ་ལྟར་ཡོང་མ་ཐུབ་པ་ནི་བོད་སྐད་གཅིག་གྱུར་འབྱུང་བའི་གེགས་སོ། །

གསུམ་པ། ལུས་རྩལ་མིང་བརྡ་བོད་འགྱུར་དར་སྤེལ་སྐོར།

གཅིག དགེ་རྒན་དང་བསླབ་གཞི།

 ང་ཚོའི་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ལ་མཚོན་ནའང་། དགེ་རྒན་གྱི་སྟོབས་ཤུགས་མི་འདང་བ་དང་ཆབས་ཅིག་ལུས་རྩལ་དང་རྒྱ་ཡིག་བྱང་ཆུབ་པའི་མི་སྣ་དཀོན་པ་རེད། ལྷག་པར་དུ་གཅིག་གྱུར་གྱི་ལུས་རྩལ་སློབ་དེབ་ཡང་རྒྱ་ཡིག་ཡིན་པ་ལས་བོད་ཡིག་མིན་པ་རེད། ལུས་རྩལ་ཡིག་སྒྱུར་གྱི་ཆེད་ལས་སློབ་ཚན་དེ་དག་སློབ་ཚན་བཀོད་སྒྲིག་བྱེད་སྐབས་བཀོད་སྒྲིག་བྱེད་དཀའ། སློབ་ཁྲིད་དང་ལག་ལེན་གཉིས་ཟུང་འབྲེལ་དམ་པོ་མི་བྱེད་ཐུབ་པས། གཅིག་གྱུར་གྱི་བོད་འགྱུར་བསླབ་གཞི་ཞིག་བཟོ་བའམ་ཡང་ན་རང་གིས་སྒྲིག་སྒྱུར་བྱས་དགོས་ལ། བོད་མི་རིགས་ཀྱི་ལུས་རྩལ་ཆེད་ལས་ཅན་གྱི་དགེ་རྒན་གསོ་སྐྱོང་བྱ་དགོས། འདི་ནི་ལུས་རྩལ་མིང་བརྡ་བདེ་ལེགས་བོད་འགྱུར་ཐུབ་པའི་ཐབས་ལམ་ཨང་དང་པོ་དེ་ཡིན་པར་སེམས།

གཉིས། དྲ་ལམ་དང་བརྙན་ལམ།

དྲ་ལམ་ཟེར་བ་ནི་ང་ཚོའིའཚོ་བའི་ཁྲོད་དུས་རྒྱུན་བཀོལ་བའི་པོད་འཕྲིན微博དང་། སྐད་འཕྲིན微信དང་། འཕྲིན་སྟེགས།公众平台 གླེང་མོལ།QQ མགྱོགས་འཕྲིན།快手 འདར་གཡེང抖音སོགས་ལ་གོ་བ་ཡིན་ཏེ། འདི་དག་ང་ཚོ་འབྲོག་པ་དམངས་ཚོགས་དང་དགོན་པའི་གྲྭ་བ། བྱེད་ལས་པ། སློབ་མ་བཅས་གང་ཡིན་ཡང་རྒྱུན་པར་བེད་སྤྱོད་བྱེད་ཀྱིན་པའི་དྲ་ལམ་མཉེན་ཆས་ཡིན་ལ། འཛམ་གླིང་གི་སླེ་གྲུག་གྱི་གནས་ཚུལ་གསར་བ་ངོ་སྤྲོད་དང་། སླེ་གྲུག་ལུས་རྩལ་པ་གྲགས་ཅན་མཚམས་སྦྱོར་བཅས་ལ་གཞི་བཅོལ་ནས་བོད་འགྱུར་མིང་བརྡ་དག་ཁྱབ་སྤེལ་གཏོང་དགོས་པ་རེད། བརྙན་ལམ་ནི་ངས་གོང་དུ་བརྗོད་པ་ལྟར། ཨ་མདོའི་བརྙན་འཕྲིན་ཁང་ནས་འཛམ་གླིང་གི་སླེ་གྲུག་འགྲན་སྡུར་གྱི་གསར་འགྱུར་ངོ་སྤྲོད་དང་། དེའི་བརྙན་ཐུང་སྐོར་ཞིག་བོད་སྐད་ཀྱིས་སྐད་སྦྱོར་བྱས་ཏེ་གཏོང་བ་ལྟ་བུའོ། །

གསུམ། ཚགས་པར་དང་དུས་དེབ།

ད་ལྟའི་སྤྱི་ཚོགས་སུ་དུས་དེབ་དང་ཚགས་པར་ཡང་ཧ་ཅང་རྒྱུག་ཆེ་བའི་ཆ་འཕྲིན་བརྡ་གཏོང་ལག་ཆ་ཡག་ཤོས་ཤིག་ཡིན་ལ། འདི་ལ་གཅིག་དུས་ཐོག་ཏུ་ཐོན་པའི་རང་བཞིན་དང་། གཉིས་ནས་ནང་དོན་གསར་བ་ཡིན་པས་མི་མང་པོས་དགའ་བསུ་ཐོབ་ཡོད། དེ་ན་ང་ཚོས་རང་ཉིད་ཀྱི་ལུས་རྩལ་གསར་འགྱུར་གྱི་ཚགས་པར་དང་དུས་དེབ་གཙོ་སྒྲིག་བྱས་པ་དེར། སླེ་གྲུག་གི་གསར་འགྱུར་སྣ་ཚོགས་བརྗོད་དགོས་ཤིང་། ཞོར་དུ་བོད་འགྱུར་མིང་བརྡ་དག་ཁྱབ་གདལ་གཏོང་དགོས་པར་འདོད་དེ། སློབ་གྲྭ་སོ་སོའི་སྒེར་གཉེར་དང་སྤྱི་གཉེར་དུས་དེབ་དང་ཚགས་པར་སོགས་སུ་ཡང་ལུས་རྩལ་ཀྱི་བརྡ་ཆད་གསར་བ་རྒྱུན་མ་ཆད་པར་སྤེལ་བ། དཔེར་ན། རྒྱའི་ཀློག་པ་པོ་ཞེས་པའི་དུས་དེབ་དེ་བོད་འགྱུར་བྱས་པ་ཡོད་ལྟར། རྒྱའི་ལུས་རྩལ་གསར་འགྱུར་གྱི་ཚགས་པར་དང་དུས་དེབ་སོགས་ཀྱང་བོད་སྐད་ལ་འགྱུར་བར་འབད་དགོས་སོ། །

བཞི། ཁོར་ཡུག་ཐུན་མོང་བ་ནས་ཁྱབ་གདལ་གཏོང་བ།

འདིར་ཁོར་ཡུག་ཐུན་མོང་བ་ནི་ལུས་རྩལ་རྭ་བའམ་ཡང་ན་མང་ཚོགས་ཀྱི་འདུ་འཛི་མང་སར་གོ་བ་ཡིན་ཏེ། ང་ཚོས་བོད་སྐད་ལ་བསྒྱུར་ཟིན་པའི་མིང་བརྡ་དག་ཤོག་ངོས་སུ་ཕབ་ནས་གཞི་རྒྱ་ཆེ་ཆུང་གང་ཡིན་གྱི་འགྲན་སྡུར་སྐབས་བརྒྱུད་སྒྲོག་དང་ཁྱབ་སྤེལ་བྱེད་པ་དང་། ཞོར་དུ་དེ་བརྒྱུད་བསྒྲགས་བྱེད་པའི་དགེ་བ་ལྟད་མོ་བར་ངོ་སྤྲོད་བྱེད་པ། ཡང་འགྲན་སྡུར་སྔོན་གྱི་བརྡ་ཁྱབ་སྟེང་འགོད་པར་མ་ཟད།འགྲན་བསྡུར་ཡུལ་དངོས་ཀྱི་དྲ་ལམ་ཐད་གཏོང་དུ་ཁྱབ་སྤེལ་གཏོང་རྒྱུ་ནི་དེང་སྐབས་རྒྱུ་ཆེ་ཞིང་། འབྲོག་པ་མང་ཚོགས་དང་ཤེས་ཡོན་པས་མཉམ་དུ་སློབ་སྦྱོང་བྱེད་ཐུབ་པའི་གོ་ལེགས་ཤོས་ཡིན་པ་རེད།

མཇུག་བསྡུ་བའི་གཏམ།

“ལོ་ཙཱ་ནི་མི་རིགས་ཕན་ཚུན་བར་མེད་དུ་མི་རུང་བའི་འབྲེལ་འདྲིས་ཀྱི་ལག་ཆའམ་བརྡ་སྤྲོད་བྱེད་ཅིག་ཡིན་ལ། ལོ་ཙཱ་བའི་འོས་འགན་ནི་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་པའི་ཆ་རྣམས་རང་ཉིད་ཀྱི་སྐད་ཡིག་ལ་བསྒྱུར་ནས། མི་རིགས་རང་གི་སྐད་ཡིག་གོང་འཕེལ་དང་ཡར་རྒྱས་སུ་འགྲོ་བར་སྟོབས་ཤུགས་འབུལ་མཁན་ཡིན།”[8] ང་ཚོའི་བོད་མི་རིགས་ལ་མཚོན་ནའང་བཙན་པོའི་རྒྱལ་རབས་ནས་བཟུང་།ཕྱིའི་རིག་གནས་ཀྱི་ལེགས་ཆ་ལེན་པར་དགའ་ཞིང་། དེ་ལས་རླབས་ཆེ་བའི་སྐྱེས་ཆེན་དམ་པ་མང་བོ་ཞིག་གིས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསལ་ནས་ཕྱོགས་བཞིའི་རྒྱལ་ཁབ་དག་ལས་ནང་ཆོས་དང་སྐར་རྩིས། བཟོ་གསོ་སོགས་རིག་གཞུང་གྲངས་མེད་ཅིག་བོད་སྐད་དུ་བསྒྱུར་ནས། བོད་ལ་མེད་པའི་རིག་གནས་དག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཐུས་ཚང་དུ་བཏང་སྟེ་འཛམ་གླིང་དུ་སྙན་གྲགས་རྒྱས་པར་གྱུར། ད་ལྟའང་ང་ཚོས་སྔོན་བྱོན་སྐྱེས་བུ་དམ་པ་དག་གི་སྐུ་དྲིན་དྲན་པ་དང་། སྲོལ་རྒྱུན་མི་ཉམས་གོང་འཕེལ་བཏང་ནས་རང་གི་རིག་གནས་སྲུང་སྐྱོབ་དང་ཁ་གསབ། དར་སྤེལ་བྱེད་དགོས་ལ། དེའང་མཛུབ་མོ་གཅིག་གིས་གནམ་མི་ཐེག་པའི་དཔེ་བཞིན་དུ་རིག་གཞུང་སྣ་གཅིག་ཁོ་ནར་འཇུས་ནས་མི་འདུག་པར། གཅིག་ནས་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་དམིགས་ནས་གང་མཁོ་གང་འདྲེན་དང་། གཉིས་ནས་ཆད་ལྷག་ཁ་སྐོང་བྱེད་དགོས། ལུས་རྩལ་ནི་བོད་ཁམས་ཡོངས་ལ་ཁྱབ་གདལ་དུ་འགྲོ་བའི་སྐབས་ཡིན་མོད། ལུས་རྩལ་གྱི་མིང་ཚིག་མང་པོ་ཞིག་འགྱུར་བ་ཉུང་བའམ། མེད་པས་རྒྱ་སྐད་སྤྱོད་ཀྱིན་ཡོད་རྐྱེན། བོད་སྐད་སྲུང་སྐྱོབ་དང་བོད་ཁུལ་ལུས་རྩལ་དར་སྤེལ་གཏོང་བར་དམིགས་ནས། ཁོ་བོས་འདིར་ལུས་རྩལ་གྱི་རྒྱུན་སྤྱོད་མིང་ཚིག་འགའ་རང་གིས་བསྒྱུར་བ་དེ་ཉིད་སྔར་འགྱུར་བ་དག་དང་དང་ཞིབ་བསྡུར་གྱིས་བཀོད་ཡོད་པས། འགྱུར་སྐྱོན་མཆིས་ན་མཛུབ་སྟོན་གནང་བའི་རེ་བ་སྙིང་ནས་ཞུའོ། །(རྩོམ་པ་པོ། རྡོ་རྗེ་རྣམ་རྒྱལ།)

མཆན་འགྲེལ།

[1] «སྨོན་ལམ་ཚིག་མཛོད»ནི་བོད་ཀྱི་ཐ་སྙད་འགྲེལ་བཤད་ཀྱི་ཚིག་མཛོད་གྲགས་ཅན་ཞིག་ཡིན་ལ།  དེང་སང་ཁ་པར་དུ་ཕབ་ལེན་བྱས་ཆོག་པས་ཤིན་ཏུ་སྟབས་བདེ་བ་རེད།

[2][3] «རྒྱ་བོད་ལོ་ཙཱའི་རིགས་གཞུང་དང་ལག་ལེན» རིག་འཛིན། པད་མ་དོན་གྲུབ། ལྕགས་མོ་མཚོ་སོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 2013ལོར། P51 P46

[4] <<翻译技法详论>>  丁树德主编,天津大学出版社,2005年版,P30

[5] སྤྱི་ལོའི་དུས་རབས་བརྒྱད་པ་ནས་དགུ་བར་བྱུང་བའི་བོད་ཀྱི་ལོ་ཙཱའི་ཚད་གཞིའི་སྐོར་གྱི་གཞུང་ཞིག

[6] ས་སྐྱ་ཀུན་དགའ་རྒྱལ་མཚན་ནི་བོད་ཀྱི་པཎྡི་ཏ་ཐོག་མ་ཡིན་ཞིང་། གསུང་རྩོམ་ལ«མཁས་འཇུག»དང«ཚད་མ་རིགས་གཏེར»སོགས་མང་དུ་ཡོད།

[7] ལྕང་སྐྱ་རོལ་བའི་རྡོ་རྗེ་ནི(1717-1786)བོད་ཀྱི་མིང་དུ་གྲགས་པའི་མཁས་པ་ཡིན་ལ། གོང་མ་ཆན་ལུང་གི་དབུ་བླ་མཛད། སྔ་རྗེས་སུ་བཀའ་འགྱུར་དང་བསྟན་འགྱུར་མན་ཇུ་སྐད་དང་སོག་པོའི་སྐད་སོ་སོར་བསྒྱུར་བ་སོགས་ཕྱག་རྗེས་མང་དུ་བཞག

[8] <<藏汉互译教程>> 周季文傅同和著,民族出版社,2005年版,P7

ཟུར་ལྟའི་དཔྱད་གཞི།

[1] 刘国永 、杨桦主编.群众体育蓝皮书 【M】社会科学文献出版社.2014版

[2] 周季文、傅同和著 .藏汉互译教程【M】民族出版社.2005年版

[3] 丁树德主编  翻译技法详论【M】天津,天津大学出版社.2005年版

[4] 邵生林主编  .西藏体育史 【M】西藏.西藏人民出版社.2008年12月版

[5] 中国翻译【J】中国翻译杂志社.第39卷.总252期.2018年6月版

[6] 陈宝军主编. 汉藏对照体育词汇汇编【M】青海青海体育科学研究所.1989年版,

[7] 丁玲辉著 . 西藏的民族传统体育【M】西藏人民出版社.2006年6月版

[8] དཔའ་རིས་སངས་རྒྱས་ཀྱིས་བརྩམས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།【M】ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017ལོར།

[9] རིག་འཛིན། པད་མ་དོན་གྲུབ། ལྕགས་མོ་མཚོ་སོགས་ཀྱིས་བརྩམས། རྒྱ་བོད་ལོ་ཙཱའི་རིགས་གཞུང་དང་ལག་ལེན།【M】མི་རིགས་དཔེ་སྐྲུན་ཁང་། 2013ལོར།

[10] མདོ་སྨད་ཞིབ་འཇུག【J】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ12པ།


མཉམ་སྤྱོད།