དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་ཏུ་འཁོད་པའི་ཆིང་གིས་སི་རྒྱལ་པོ་ནས་ཐོ་ཀོན་ཐེ་མུར་རྒྱལ་པོ་བར་གྱི་སོག་རྒྱལ་རིམ་བྱོན་དག་གི་མཚན་གྱི་བསྒྱུར་ལུགས་ལ་དཔྱད་པ།

2025-10-13 16:36:05   |   81

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  རྨ་ལྷོའི་སོག་ཤོག་འཕྲིན་སྟེགས།    བཤེར་འབེབས།    རིན་ཆེན་ཚེ་རིང་།



0005.jpg

 སྐལ་བཟང་དར་རྒྱས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་གི་མི། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ།  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་སོག་འབྲེལ་བའི་ལོ་རྒྱུས་སྐོར་ཡིན།

 སྤྱིར་མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་བྱེད་པའི་ཁྲོད་དུ་ལོ་རྒྱུས་མི་སྣ་དག་གི་མཚན་གྱི་སྒྲ་བསྒྱུར་བྱེད་སྟངས་དེས་ལྟོས་བཅས་ཀྱིས་གལ་འགངས་ཆེ་བའི་གོ་གནས་ངེས་ཅན་ཞིག་ཟིན་ཡོད་མོད། འོན་ཀྱང་དེ་ལ་མཐོང་ཆེན་མ་བྱས་པར་བསྒྱུར་ཚུལ་གནད་དུ་ཞོག་མེད་པ་ནི་རྒྱུན་པར་མིག་མཐོང་ལག་ཟིན་ནུས་པའི་གནད་དོན་ཅིག་ཏུ་འཁུམས་ཤིང་། ལྷག་དོན་དུ་བོད་སོག་མི་རིགས་གཉིས་ལ་མཚོན་ན་འབྲེལ་འདྲིས་ཀྱི་ཚུལ་དེ་ནི་མི་རིགས་གཞན་དང་བསྡུར་ན་དེ་བས་ཀྱང་འོ་ཆུའི་ངང་ཚུལ་དུ་གནས་པ་དེ་ལའང་། ཐོག་མའི་འབྲེལ་འདྲིས་གནང་བ་ནས་བར་སྐབས་འབྲེལ་ཐག་ཆད་པ་དང་། རྗེས་སུ་སླར་ཡང་འབྲེལ་འདྲིས་གནང་བ་བཅས་པའི་ཀྱག་ཀྱོག་གི་ལམ་ཀ་མང་པོ་ཞིག་བརྒྱུད་ནས་འོང་བ་དེ་བཞིན་དུ། བོད་ཀྱི་ལོ་རྒྱུས་དེབ་ཐེར་རིམ་བྱུང་ཁག་ཏུ་སོག་རྒྱལ་ན་རིམ་པའི་མཚན་གྱི་བསྒྱུར་སྟངས་ཀྱི་ཆ་ནས་ཀྱང་ཀྱག་ཀྱོག་གི་བསྒྱུར་ལུགས་མང་པོ་ཞིག་བརྒྱུད་དེ་འཁོད་སྟངས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད། རྒྱུ་མཚན་དེ་ལ་གཞིགས་ཚེ་སོག་རྒྱལ་དག་གི་མཚན་གྱི་བོད་འགྱུར་མའི་བསྒྱུར་ཚུལ་དེ་དག་གཅིག་གྱུར་དུ་གཏོང་བ་ནི་ཧ་ཅང་གལ་འགངས་ཆེ་བའི་དོན་བྱ་ཞིག་ཏུ་འཁུམས་པ་རེད། སོག་རྒྱལ་དེ་དག་གི་མཚན་རེ་ཟུང་ནི་ལེགས་སྦྱར་སྐད་དང་། རེ་ཟུང་ནི་བོད་སྐད་ཡིན་པ་ལས། ཕལ་ཆེ་བ་ནི་སོག་སྐད་ཡིན་རྐྱེན། བསྒྱུར་འབྲས་ཀྱི་ཆ་ནས་མ་གཞིའི་སྐད་གང་ཡིན་དེ་ཉིད་གཞི་རྐང་དུ་བྱ་བ་སྨྲས་ཅི་འཚལ། དེ་བས་སོག་སྐད་ཀྱི་ཆ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སོག་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་བོད་སོག་འབྲེལ་བར་ཞིབ་འཇུག་བྱེད་མཁན་དགེ་རྒན་ཨུལ་ཅི་པཱ་ཡེར་དང་། ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་གི་མི་རིགས་ཞིབ་འཇུག་སོའོ་ཡི་སོག་པོའི་སྐད་ཀྱི་ཞིབ་འཇུག་པ་ཆེན་མོ་པཱ་ཐུར། པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་གི་གྲྭ་བཙུན་སོམ་ཡཱ་ལགས་བཅས་པའི་བཀའ་དྲིན་ལ་བརྟེན་ནས་དཔྱད་ཁུལ་གྱི་ལས་ལ་ཞུགས་པར་བྱ་བ་ལ།

གཅིག སོག་རྒྱལ་རིམ་བྱོན་གྱི་མཚན་གྱི་བསྒྱུར་ལུགས་རིམ་པ་བཞིན་དུ་འགོད་པ།

 དེ་ལ་ཐོག་མར་བོད་ཡིག་གི་ལོ་རྒྱུས་དེབ་ཐེར་ཁག་ཏུ་ཆིང་གིས་སི་རྒྱལ་པོ་ནས་ཐོ་ཀོན་ཐེ་མུར་རྒྱལ་པོའི་བར་གྱི་སོག་རྒྱལ་རིམ་བྱོན་གྱི་མཚན་གྱི་བསྒྱུར་སྟངས་དག་རེ་རེ་འགོད་པ་ལ། དེ་ཡང་《དེབ་དམར》དུ། ཇིང་གི་རྒྱལ་པོ། ཨོ་གོ་ཏའི་རྒྱལ་པོ། གོ་ཡུག་རྒྱལ་པོ། མོང་གོལ་གན།(ཡང་ཤོག་ངོས་92པར་“མོང་ཁ་གན་”ཞེས་སུའང་འཁོད་འདུག)གོ་པེ་ལ་ཤི་ཛུ་སེ་ཆེན་གན། ཐེ་མུར་ཨོལ་ཇ་དུ་རྒྱལ་པོ། ཧའི་ཤན་གུ་ལུག་རྒྱལ་པོ། ཨ་ཡུ་པར་པ་ཏ་བུ་ཡིན་དུ་རྒྱལ་པོ། སི་ཏི་ཕ་ལ་གཡིང་ཛུང་གི་གན་རྒྱལ་པོ། ཡེ་སུན་ཐི་མུར་ཙིང་དབང་། ར་ཁྱི་ཕག  །ཀུ་ཤ་ལ་གུ་ཐུག་རྒྱལ་པོ། ཐོག་ཐི་མུར་འཇའ་ཡ་དུ་རྒྱལ་པོ། རིན་ཆེན་དཔལ། རྒྱལ་པོ་ཐོ་གན་ཐི་མུར། (1)

 《ཡར་ལུང་ཇོ་བོའི་ཆོས་འབྱུང》དུ། ཇིང་གི་རྒྱལ་པོ། ཨོ་གོ་ཏ་རྒྱལ་པོ། ཨོ་གོ་ཏ་རྒྱལ་པོའི་སྲས་ཆེ་བ་གོ་ཡུག་རྒྱལ་པོ། དམོང་ཁེ་རྒྱལ་པོ། གོ་པེ་ལ་ཤི་ཛུ་(世祖)རྒྱལ་སར་བཏོན་ནས་གནམ་དུ་སོང་པའི་མཚན་ལ་སེ་ཆེན་གན་དུ་གསོལ། ཐི་མུར་རྒྱལ་སར་བཏོན་ནས་གནམ་དུ་སོང་བ་ལ་ཨོལ་ཇ་དུ་རྒྱལ་པོར་མཚན་གསོལ། ཧའི་ཤན་རྒྱལ་སར་བཏོན་ནས་གནམ་དུ་སོང་བ་ལ་གུ་ལུག་རྒྱལ་པོར་མཚན་གསོལ། ཨ་ཡུ་པར་པ་ཏ་རྒྱལ་སར་བཏོན་ནས་གནམ་དུ་སོང་བ་ལ་བུ་ཡན་དུ་རྒྱལ་པོར་མཚན་གསོལ། སིངྷི་ཕ་ལ་གཡིང་ཛུང་རྒྱལ་སར་བཞུགས་ནས་གནམ་དུ་སོང་བ་ལ་གེ་གན་རྒྱལ་པོར་མཚན་གསོལ། ཡེ་སུན་ཐི་མུར། ར་ཁྱི་ཕག ཀུ་ཤ་ལ་རྒྱལ་སར་བཏོན་ནས་གནམ་དུ་གཤེགས་པ་ལ་གུ་གུ་ཐུག་རྒྱལ་པོར་མཚན་གསོལ། ཐོག་ཐི་མུར་རྒྱལ་སར་བཞུགས་ནས་གནམ་དུ་སོང་བ་ལ་འཇའ་ཡན་དུ་རྒྱལ་པོར་མཚན་གསོལ། རིན་ཆེན་དཔལ། ཐོ་གོན་ཐི་མུར། (ཀུ་ཤ་ལ་རྒྱལ་པོའི་སྲས་ཆེ་བ། )(2)

 《རྒྱལ་རབས་གསལ་བའི་མེ་ལོང》དུ། ཧོར་ཇིང་གིན་གན་གྱི་རྒྱལ་པོའམ་ཇི་གིན་གན་ཀྱི་རྒྱལ་པོ། ཨོ་གུ་ཏའི་རྒྱལ་པོ། གོ་ཡུག་རྒྱལ་པོ། མོན་ཁ་གན་གྱི་རྒྱལ་པོ། གུ་བེ་ལྷ་སེ་ཆེན་གན་གྱི་རྒྱལ་པོ། ཨོལ་བྱ་ཐུལ་རྒྱལ་པོ། གོ་ལུག་རྒྱལ་པོ། ཨ་སུ་ཏ་བུ་ཡན་རྒྱལ་པོ། སིངྔྷི་ཕ་ལ་རྒྱལ་པོ། ཡེ་སུན་ཐེ་མུར་ཙི་དབང་རྒྱལ་པོ། ར་ཁྱི་ཕག་རྒྱལ་པོ། ཀུ་ཤ་ལ་རྒྱལ་པོ། རཏྣ་ཤྲི་རྒྱལ་པོ། ཐོ་གོན་ཐི་མུར་རམ་ཐོ་གན་ཐི་མུར་ལྗ་དུ་ཏ་རྒྱལ་པོ། །(3)

 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》རུ། ཇིང་གིར་རྒྱལ་པོ། (ཡང་ངོས་446པར་“ཧོར་རྒྱལ་སྔ་བ་ཇིང་ཁྱིམ་” ཞེས་པ་དང་། ཤོག་ངོས་447པར་“ཧོར་རྒྱལ་ཐོག་མ་ཇིང་གྱིན་རྒྱལ་པོ”ཞེས་སུ་འཁོད་འདུག) ཨོ་ཀོ་ཏ་རྒྱལ་པོ། གུ་ཡུག་རྒྱལ་པོ།(ཤོག་ངོས་446པར་“གོ་ཡུག”ཏུ་འཁོད་འདུག) མོང་འགོར་རྒྱལ་པོ། (ཤོག་ངོས་448པར་“མོན་གོར”དུ་འཁོད་འདུག)   སེ་ཆེན་རྒྱལ་པོ། (ཤོག་ངོས་449པར་“གོ་པེ་ལ”རུ་འཁོད་འདུག ། (4)

《རྒྱ་བོད་ཡིག་ཚང་ཆེན་མོ》རུ། ཐའི་ཛུང་ཇིང་གིར་རྒྱལ་པོ། ངོས་255པར་ཨོ་ཀོ་ཏའི།(ངོས་255དེ་རུ་ད་དུང་ཨོ་ཀོ་དྭ་ཞེས་སུ་འཁོད། )གོ་ཡུག་རྒྱལ་པོ། མོང་གོར་གན། གོ་པེ་ལ་ཤི་ཛུང་སེ་ཆེན་གན། (ཤོག་ངོས་277པར་“སེ་ཆེན་གོ་དཔེ་ལའི”ཞེས་སུ་འཁོད་འདུག)   ཨོལ་ཇ་དུ་ཐི་མུར། ཧའི་ཤན་ནམ་གོ་ལོག་རྒྱལ་པོ་(ངོས་257གོ་ལུག་རྒྱལ་པོ་ཞེས་སུ་འཁོད)ཡང་ཟེར། ཨ་ཡུ་པར་པ་ཏའི་འམ་བུ་ཡན་དུ་རྒྱལ་པོའང་ཟེར། ཡེ་སུན་ཐེ་མུར། སི་ཏི་ཕ་ལ་གཡིང་ཁྱུང་གེ་གན་རྒྱལ་པོ། ཡེ་སུན་ཐི་མུར། ར་ཁྱི་ཕག །ཀུ་ཤ་ལས་སམ་གོ་ཐུག་རྒྱལ་པོ། ཐོག་ཐེ་མུར་རམ་འཇའ་ཡན་དུ་རྒྱལ་པོའང་ཟེར། རིན་ཆེན་དཔལ་རྒྱལ་པོ། ཐོ་གོན་ཐི་མུར། (5)

 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ། ཐའི་ཛུང་བྱིང་གའི་རྒྱལ་པོ། ཨོ་ཀོ་ཏ་རྒྱལ་པོ། གོ་ཡུལ་རྒྱལ་པོ། མོན་གོར་གན། གོ་པེ་ལ་ཤི་ཛུང་སེ་ཆེན་གན། ཨ་ཇ་དུར་ཏི་མུར་རྒྱལ་པོ། ཧི་ཤན་ནམ་མིང་གོ་ལུག་རྒྱལ་པོ་ཡང་ཟེར་རོ། །ཨར་ཡུ་པར་པ་ཏ་འམ་མིང་བུ་ཡན་དུ་རྒྱལ་པོའང་ཟེར་རོ། །སི་ཏྭའི་ཕྲ་ལ་གཡིང་ཁྱུང་གེ་གན་རྒྱལ་པོའམ་གོ་དན་རྒྱལ་པོའང་ཟེར་རོ། །ཡེ་སུན་ཐེ་མུར། ར་ཁྱི་ཕག །ཀུ་ཤ་ལ་འམ་གོ་ཐུག་རྒྱལ་པོ། ཐོག་ཐི་མུར་རམ་ཛྭ་ཡན་དུ་རྒྱལ་པོའང་ཟེར། རིན་ཆེན་དཔལ། ངོས་140པར་ཐོ་གོན་ཐི་མུར་དང་། ངོས་141པར་ཐོ་ཁོན་ཐི་མུར་ཞེས་སུའང་འཁོད་ཡོད། (6)

 《དེབ་ཐེར་སྔོན་པོ》རུ། ཇིང་གིན་རྒྱལ་པོ་འདི་ལ་ཐའི་ཛུང་ཡང་ཟེར། ངོས་83ན་ཧོར་གྱི་རྒྱལ་པོ་བྱིང་གིན་ཞེས་ཀྱང་འཁོད། ཨོ་གོ་ཏ། གོ་ལུག་རྒྱལ་པོ། མོང་གོལ་གན། སེ་ཆེན་གན། ཨོལ་ཇ་དུ། གོ་ཡུག་རྒྱལ་པོ། ཨ་ཡུ་པར་པ་ཏ་བུ་ཡན་དུ། སིདྡྷི་ཕ་ལ་གཡིང་ཛུང་། ཡེ་སུན་ཐེ་མུར་ཅིང་དབང་། ར་ཁྱི་ཕག ཀུ་ཤ་ལ་གོ་ཐུག་རྒྱལ་པོ། ཐོག་ཐི་མུར་འཇའ་ཡ་དུ་རྒྱལ་པོ། རིན་ཆེན་དཔལ། ཐོ་གན་ཐི་མུར་རྒྱལ་པོ།(7)

 《དེབ་དམར་གསར་མ》རུ། ཧོར་ཛིང་གིན་རྒྱལ་པོ། ཛིང་གིན་རྒྱལ་པོའི་སྲས་གོ་ཏན། གོ་ཡུག་རྒྱལ་པོ། མོང་གོལ་རྒྱལ་པོ། རྒྱལ་པོ་གུ་བེ་ལ་ཡང་སེ་ཆེན། རྒྱལ་པོ་ཨོལ་བྱ་ཐུལ། གོ་ལུག་རྒྱལ་པོ། ཨ་སུ་ཏ་བུར་ཡན་རྒྱལ་པོ། སི་ཏིང་ཕ་ལ། ཐེ་མུར་ཙི་དབང་། ར་ཁྱི་ཕག ཀུ་ཤ་ལ་རྒྱལ་པོ། ཐོག་ཐེ་མུར་རྒྱལ་པོ། རིན་ཆེན་དཔལ་རྒྱལ་པོ། རྒྱལ་པོ་ཐོ་གན་ཐེ་མུར།(8)

 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། (ཤོག་ངོས་935པར་“ཆིང་གི”ཞེས་སུ་འཁོད་འདུག)ཐའི་ཛུ་ཇིང་གི་རྒྱལ་པོ། ཨོ་གོ་ཏའི། གོ་ཡུལ། མོང་གོར་གན། གོ་བེ་ལའམ་གོ་བེ་ལ་ནི་སེ་ཆེན་རྒྱལ་པོ། ཨོ་ལ་ཇ་དུ། ཧྭོའི་ཞན་ཕུ་ལུག་རྒྱལ་པོ། ཨ་གུ་པརྤ་ཏ་བུ་ཡནྟུ་རྒྱལ་པོ། བུ་ལན་དུ་ལ་སྲས་ཆེ་སངྔྷི་ཕ་ལ། གཉིས་པ་གེ་གན་རྒྱལ་པོ། ཡེ་སུན་ཐི་མུར་ཙིང་དབང་། ར་ཁྱི་ཕག །ཀུ་ཤས་གུ་ཐུག་རྒྱལ་པོ། ཐོག་ཐེ་མུར་འཇའ་ཡ་དུ་རྒྱལ་པོ། རིན་ཆེན་དཔལ་རྒྱལ་པོ། ཐོག་ན་ཐ་མུར།(9)

 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ། ཧོར་ཇིང་གིར་རྒྱལ་པོ། གོ་ཡུག་གན། སེ་ཆེན་རྒྱལ་པོའམ་སེ་ཆེན་གན། མོན་གོར་རྒྱལ་པོ། བུ་ཡན་རྒྱལ་པོ། གི་གན་རྒྱལ་པོ། ཡེ་སུན་ཐེ་མུར། རཏྣ་ཤྲ། ཐོ་གན་ཐི་མུར།(10)

《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》དུ། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇིང་གིར་གན་དང་།(ངོས་118)    ཇིམ་གིར་རྒྱལ་པོ།(ངོས་160)ཇིང་གིར་རྒྱལ་པོ།(ངོས་164) ཆོས་ཀྱི་རྒྱལ་པོ་སེ་ཆེན་གན།(ངོས་123པར། )མོང་གོར་རྒྱལ་པོ།(ངོས་165)    རྒྱལ་པོ་ཡུ་བ་ཏ།(ངོས་249) རྒྱལ་པོ་གེ་གན།(ངོས་251) ཀུ་ཤ་ལ་གོ་ཐུག་རྒྱལ་པོ།(ངོས་254)(11)

《ཆོས་འབྱུང་དཔག་བསམ་ལྗོན་བཟང》དུ། ཆིང་གེས་རྒྱལ་པོ།(ངོས་963)ཆིང་གྭེས་རྒྱལ་པོ།(ངོས་967)ཨོ་ཁེ་ཏའི། གུ་ཡུག  ། མུང་ཁེ། ཧུ་པི་ལའི་སེ་ཆེན། ཨུལ་ཅི་ཐུའམ་ཐུ་བོ་ཐེ་མུར། ཁུ་ལུག །པ་ཡན་ཐུ། གེ་གེན། ཅེ་པ་ཐུ། ཡེ་སུན་ཐེ་མུར། རིན་ཆེན་འཕགས། ཀོ་ས་ལི། ཤོག་ངོས་970ན་ཀཽ་ས་ལ། ཅེ་ཡ་ཐུའམ་ཐུག་ཐེ་མུར། རིན་ཆེན་དཔལ། ཐོ་གྭན་ཐེ་མུར།(12)

 《ཧོར་གྱི་ཆོས་འབྱུང་བཞུགས་སོ》རུ། པོག་ཏ་ཆིང་གིསྲ།(ངོས་12)པོག་ཏ་རྒྱལ་པོ་འདི་ནི་(ངོས་13)ཨུ་གེ་ཏེའི། གུ་ཡུག  །མུང་ཁེ། ཧྭོ་པི་ལའི།(ངོས་26)སེ་ཆེན་རྒྱལ་པོ།(ངོས་29)ཧོ་པི་ལའི་སེ་ཆེན་རྒྱལ་པོ།(ངོས་167)ཐུ་བུ་ཐེ་མུར་རྒྱལ་སར་བཞུགས་ནས་ཨུལ་ཇེའི་ཐུ་ཧ་ཀན་ཞེས་མཚན་བཏགས། ཧའི་སང་རྒྱལ་སར་བཞུགས་པ་ལ་ཁུ་ལུག་ཧ་ཀན་ཞེས་མཚན་བཏགས། ཨ་ཡུར་པར་པ་ཏ་རྒྱལ་སར་བཞུགས་པ་ལ་པ་ཡན་ཐྭོ་རྒྱལ་པོ་ཞེས་པའི་མཚན་ཕུལ། ཤུདྡྷེ་རྒྱལ་སར་འཁོད་པ་ལ་གེ་གེན་རྒྱལ་པོ་བཏགས། ཡ་སུ་ཐེ་མུར་མཚན་ཅན་ཐའི་ཏིང་(泰定)རྒྱལ་པོ། རིན་ཆེན་འཕགས། ཀོ་ས་ཁའི་མཚན་ཅན་མང་ཙུང་རྒྱལ་པོ། ཐུག་ཐེ་མུར། མཚན་ཅན་ཇ་ཡ་ག་ཐྭོ་རྒྱལ་པོ། རིན་ཆེན་དཔལ། ཐོ་གན་ཐེ་མུར་རྒྱལ་སར་བཞུགས་པའི་མིང་ཤུན་ངྷིའམ་(顺帝)ཨ་ཧ་ཀ་ཐྭོ་ཧ་ཀར་ཞེས་པ།(13)

དབལ་མང་པཎྜི་ཏས་བརྩམས་པའི་《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》ཞེས་པ་རུ། ཆིང་གི་སེ་རྒྱལ་པོ། ཡོ་གེ་ཏའི། གོ་ཡུག །མུང་ཁེ། ཧུ་བི་ལི་ཞེས་གྲགས་པ་སེ་ཆེན་རྒྱལ་པོ། སེ་ཆེན་གྱི་རྗེས་སུ་ཐེ་མུར་རྒྱལ་པོ། དེའི་རྗེས་སུ་ཁུ་ལུག་རྒྱལ་པོ། དེའི་རྗེས་སུ་པོ་ཡན་ཐུ་རྒྱལ་པོ། དེའི་རྗེས་གེ་གིན་རྒྱལ་པོ། དེའི་རྗེས་ཡེ་སུན་ཐེ་མུར། དེའི་རྗེས་པོ་ཡན་ཐུའི་སྲས་ཅེ་ཡ་ཐུའམ། ཐུག་ཐེ་མུར། དེའི་རྗེས་ཐོ་གྭན་ཐེ་མུར།(14)བཅས་པའོ། །

གཉིས། སོག་རྒྱལ་རིམ་བྱོན་གྱི་མཚན་གྱི་བསྒྱུར་སྟངས་གོ་བསྡུར་ནས་གཅིག་གྱུར་དུ་གཏོང་བ།

 དང་པོ། ཆིང་གིས་སི་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་གསུམ་ལས་ཆིང་གིས་སི་རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཐད་ལ་ཇིང་གི་རྒྱལ་པོ་དང་། ཇིང་གིན་རྒྱལ་པོ། ཇིང་གིར་རྒྱལ་པོ། བྱིང་གའི་རྒྱལ་པོ། བྱིང་གིན་རྒྱལ་པོ། ཛིང་གིན་རྒྱལ་པོ། ཇིམ་གིར་རྒྱལ་པོ། ཆིང་གེས་རྒྱལ་པོ། ཆིང་གྭེས་རྒྱལ་པོ། ཆིང་གིསྲ་རྒྱལ་པོ། ཆིང་གི་སེ་རྒྱལ་པོ་ཞེས་བསྒྱུར་སྟངས་མི་འདྲ་བ་བཅུ་གཅིག་འཁོད་འདུག་པ་རེད། དེ་དག་དང་མི་མཐུན་པར་འགོད་ཚུལ་གཞན་ཞིག་ལ་ཐའི་ཛུང་བྱིང་གའི་རྒྱལ་པོ་དང་། ཐའི་ཛུ་ཇིང་གི་རྒྱལ་པོ། པོག་ཏ་ཆིང་གིསྲ་བཅས་པ་འདི་ཡིན། སོག་པོའི་སྐད་དུ་རྒྱལ་པོ་འདི་ལ་Cinggis  qaɣn(ཆིང་གིས་སི་ཧན)དུ་འབོད་པས། གོང་འཕྲོས་དག་ལས་《དེབ་དམར》དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》དུ་ཐོག་མར་ཇིང་གི་རྒྱལ་པོ་ཞེས་སུ་འཁོད་པ་ལ། རྗེས་སུ་གོང་འཕྲོས་ཇིང་གི་ཞེས་པའི་རྨང་གཞི་འདི་ལས་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》དང་། 《རྒྱ་བོད་ཡིག་ཚང་ཆེན་མོ》《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》བཅས་སུ་ཇིང་གིར་རྒྱལ་པོ་རུ་འཁོད་པས། འདི་ནི་མ་གཞིའི་སོག་པོའི་སྒྲ་ལྟར་སོང་ཚེ་དག་པར་མ་ཐོན་ཡང་། བོད་ཀྱི་ལོ་རྒྱུས་སྨྲ་བ་མང་ཤོས་ཀྱིས་དེ་ལྟར་འཁོད་འདུག་པས་མ་དག་རྒྱུན་འབྱམས་ཀྱི་ཚུལ་དུ་སོང་བའི་སྣང་ཚུལ་ཞིག་ཀྱང་མངོན། དེ་ནས་《རྒྱལ་རབས་གསལ་བའི་མེ་ལོང》དུ་ཇིང་གིན་རྒྱལ་པོའམ་ཇི་གིན་རྒྱལ་པོ། དེ་མིན་《དེབ་ཐེར་སྔོན་པོ》རུ། ངོས་82པར་ཇིང་གིན་རྒྱལ་པོ་དང་། ངོས་83པར་ཧོར་གྱི་རྒྱལ་པོ་བྱིང་གིན། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ་བྱིང་གའི་རྒྱལ་པོ་བཅས་སུ་བསྒྱུར་བ་དག་ནི་གོང་འཕྲོས་ཇིང་གི་དང་ཇིང་གིར་གཉིས་ལས་མཆེད་འོང་བའི་མ་དག་པའི་འཁོད་ཚུལ་འདྲ་མིན་ཆགས་པ་ལས་མ་འདས་པ་ཞིག་རེད། སྤྱིར་ཇིང་གི་རྒྱལ་པོ་དང་། ཇིང་གིན་རྒྱལ་པོ། ཇིང་གིར་རྒྱལ་པོ། བྱང་གའི་རྒྱལ་པོ། བྱིང་གིན་རྒྱལ་པོ་བཅས་པ་ལྟ་བུར་མཚོན་ན། བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཆ་ནས་སྨྲས་ཚེ་ཇ་དང་། བྱ། ཆ་བཅས་པའི་ཀློག་སྟངས་ཕལ་ཆེར་འདྲ་བར་སྣང་བ་ལྟ་བུའི་དབུས་གཙང་གི་སྐད་ཀྱི་འགྲོས་ལྟར་བསྒྱུར་བ་མངོན་པར་གསལ་ལ། དེ་ལྟར་དབུས་གཙང་གི་ཡུལ་སྐད་ལྟར་ན་གོང་འཕྲོས་འདི་དག་ནི་སོག་པོའི་མ་གཞིའི་ཆིང་གི་ཞེས་པའི་སྒྲ་སྤྱིའི་ཆ་ནས་ཐོན་འདུག་མོད། འོན་ཀྱང་ཆིང་གི་སི་ཡི་“གི་སི་”ཡི་སྒྲ་དག་པར་མ་ཐོན་པར་གི་དང་། གིན། གིར་བཅས་སུ་བསྒྱུར་བ་ནི་མ་དག་པར་གསལ། གོང་འཕྲོས་དག་ལས་སོག་སྐད་ཀྱི་སྒྲ་དང་ཉེ་བར་བསྒྱུར་བའི་ཆ་ནས་《ཆོས་འབྱུང་དཔག་བསམ་ལྗོན་བཟང》གི་ངོས་163པར་ཆིང་གེས་རྒྱལ་པོ་ཞེས་པ་དང་། ངོས་967དུ་ཆིང་གྭེས་རྒྱལ་པོ་ཞེས་སུ་འཁོད་པ་འདི་དང་། 《ཧོར་གྱི་ཆོས་འབྱུང་བཞུགས་སོ》ཡི་ངོས་12པར་པོག་ཏ་ཆིང་གིསྲ་ཞེས་པའི་ཆིང་གིསྲ་ཅེས་པ་འདི་དག་ནི་ལྟོས་བཅས་ཀྱིས་སོག་སྐད་དང་ཉེ་བར་བསྒྱུར་བར་མངོན་འདུག་མོད། འོན་ཀྱང་ཆིང་གི་སི་ཞེས་པའི་“སི་”ཡི་སྒྲ་ཐོན་མི་འདུག་པས། གོང་འཕྲོས་དག་ལས་སྒྲ་བསྒྱུར་བྱས་པ་གནད་ལ་འཁེལ་བ་ནི།《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》རུ་འཁོད་པའི་ཆིང་གི་སི་རྒྱལ་པོ་འདི་ཡིན་པ་མངོན་པར་གསལ། སོག་སྐད་དང་དེ་བས་ཀྱང་ཉེ་བར་འཁོད་ན་“ཆིང་གིས་སི་”ཞེས་སུ་བསྒྱུར་ཚེ་གཅིག་ནས་སོག་པོའི་མ་སྐད་ཀྱི་སྒྲ་ཐོན་ཡོད་པ་དང་། གཉིས་ནས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གང་ལའང་སྤྱི་ལྡོག་གི་ཆ་ནས་མི་མཐུན་པ་མེད་པའོ། །ཡང་“ཇིང་གིར་རྒྱལ་པོ་”ཞེས་པའི་བསྒྱུར་སྟངས་འདི་ཉིད་ནི་བོད་ཀྱི་ལོ་རྒྱུས་སྔོན་མ་དག་ཏུ་འཁོད་པ་དང་། ལྷག་དོན་དུ་ད་ལྟ་རྒྱུན་འབྱམས་སུ་སོང་ཡོད་པ་ལ་གཞིགས་ན་དེ་ལྟར་དུ་ཕྱིན་ནའང་མི་ཆོག་པ་མེད་སྙམ། གོང་འཕྲོས་ཀྱི་《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》དང་《དེབ་ཐེར་སྔོན་པོ》རུ་འཁོད་པའི་“ཐའི་ཛུང”འདི་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འཁོད་པའི་“ཐའི་ཛུ”བཅས་པ་འདི་ནི། སྤྱི་ལོ་1265ལོར་སེ་ཆེན་རྒྱལ་པོས་ཆིང་གིས་སི་རྒྱལ་པོ་གཤེགས་པའི་རྗེས་སུ་ངོ་སོ་བགྱི་བའི་མཚན་ཏེ་རྒྱའི་“太祖”ཞེས་པ་འདི་ཡིན་རྐྱེན། འདི་ལ་“ཐའེ་ཙུའུ”ཞེས་སུ་བསྒྱུར་ནས་གཅིག་གྱུར་དུ་བཏང་ཚེ་དེ་བས་ཀྱང་གནད་ལ་འཁེལ་བར་སྙམ། ཡང་གོང་འཕྲོས་“པོག་ཏ་ཆིང་གིསྲ”ཞེས་པའི་“པོག་ཏ”ནི་སོག་སྐད་དུ་བླ་ན་མེད་པའི་དོན་ཡིན་ལ། དེང་དུས་སུ་ཆེས་མཐོའི་བླ་ཆེན་རིགས་ལ་མ་གཏོགས་མི་བཀོད་པར་བརྗོད། “གིསྲ”ཞེས་པའི་ས་ཡི་འོག་གི་“ར་བཏགས་”དེ་ནི་དོན་གྱིས་“སྲོག་བྱིན”ཏེ་སྒྲ་ཡངས་མོ་ཀློག་དགོས་པའི་དོན་དེ་ཡིན་ནོ། །དེ་ནས་《རྒྱལ་རབས་གསལ་བའི་མེ་ལོང》དུ་འཁོད་པའི་ཧོར་ཇིང་གིན་གན་གྱི་རྒྱལ་པོ་ཞེས་པའི་“གན”དང་། 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇིང་གིར་གན་ཞེས་པའི་“གན”ནི་སོག་པོའི་སྐད་དུ་“ཧན”ནམ་“ཁན”དུ་བརྗོད་པར་བྱ་བ་རྒྱལ་པོའི་དོན་ལ་འཇུག་པས་རྒྱལ་པོ་ཞེས་འགོད་པའི་སྐབས་ལ་རྗེས་ཀྱི་“གན”ནི་མ་བསྒྱུར་ཀྱང་འཐུས་པར་སེམས།

 གཉིས་པ། ཨོ་ཀོ་ཏའི་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་གཅིག་ལས། རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཀྱི་ཐད་ནས་ཨོ་གོ་ཏའི་རྒྱལ་པོ། ཨོ་གོ་ཏ་རྒྱལ་པོ། ཨོ་གུ་ཏའི་རྒྱལ་པོ། ཨོ་ཀོ་ཏ་རྒྱལ་པོ། ཛིང་གིན་རྒྱལ་པོའི་སྲས་གོ་ཏན། ཨོ་གོ་ཏའི། ཨོ་ཁེ་ཏའི། ཨོ་ཀོ་ཏིའི། ཨུ་གེ་ཏེའི། ཡོ་གེ་ཏའི་བཅས་བསྒྱུར་ཚུལ་མི་འདྲ་བ་བཅུ་བྱུང་འདུག་པ་རེད། སོག་པོའི་སྐད་ཀྱིས་རྒྱལ་པོ་འདི་ལ་ögödei qaɣn(ཨོ་ཀོ་ཏའི་ཧན་དང་ཨོ་ཁོ་ཏའི་ཧན)དུ་འབོད་པས། གོང་འཕྲོས་ལས་《དེབ་དམར་གསར་མ》རུ་ཛིང་གིན་རྒྱལ་པོའི་སྲས་གོ་ཏན་ཞེས་སུ་འཁོད་པ་ནི་རྒྱལ་པོ་གང་དེའི་མཚན་རྩ་བ་ནས་བསྒྱུར་ཐུབ་མེད་པར་གོ་ནོར་ཐེབས་པ་མངོན་པར་གསལ་བ་དང་། དེ་ནས་རྒྱལ་པོ་འདིའི་མཚན་གྱི་ཡིག་འབྲུ་དང་པོ་ནི་སོག་སྐད་དུ་“ཨོ”ཡིན་པ་ལ་གཞི་བཅོལ་ཚེ། གོང་འཕྲོས་ཀྱི་《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》རུ་འཁོད་པའི་ཡོ་གེ་ཏའི་ཞེས་པའི་“ཡོ”ནི་“ཨོ”ཡིན་པ་དང་། 《ཧོར་གྱི་ཆོས་འབྱུང་བཞུགས་སོ》རུ་ཨུ་གེ་ཏའི་ཞེས་པའི་“ཨུ”ནི་“ཨོ”ཡིན་དགོས་པར་སྣང་། དེ་ནས་《ཡར་ལུང་ཇོ་བོའི་ཆོས་འབྱུང》དང་《དེབ་ཐེར་སྔོན་པོ》རུ་ཨོ་གོ་ཏ་ཞེས་པ་དང་། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》དང་《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ་ཨོ་ཀོ་ཏ་རྒྱལ་པོ་བཅས་ནི་གོང་གི་སོག་སྐད་ཀྱི་ཨོ་ཀོ་ཏའི་དང་བསྡུར་ན། རྒྱལ་པོ་གང་དེའི་མཚན་གྱི་ཡིག་འབྲུ་གཉིས་པ་“གོ”དང་“ཀོ”གཉིས་ནི་དབུས་གཙང་གི་སྐད་ལྟར་ཕྱིན་ཚེ་དེ་གཉིས་གང་རུང་དུ་བྱས་ཀྱང་ཆོག །ཡང་སྤྱིར་སོག་པོའི་ཡུལ་སྐད་ལྟར་དུ་སོང་ཚེ་འདི་ལ་ཕྱི་སོག་དང་ནང་སོག་གིས་“ཀོས”དང་ཤིན་ཅང་ཨོ་རོལ་ཚོ་བཞི་དང་མཚོ་སྔོན་རྒྱུད་ཀྱི་སོག་པོ་དག་གིས་“ཁོས”སུ་བརྗོད་པ་གཉིས་སུ་སྣང་བ་ལ། བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ལ་མཚོན་ཡང་འདི་གཉིས་གང་རུང་ཞིག་བཀོད་ཀྱང་མི་ཆོག་པ་མེད་མོད། སྤྱིའི་ཆ་ནས་“ཀོས”འདི་ནི་དེ་བས་ཀྱང་གནད་དུ་འཁེལ་བར་སྙམ། དེ་ནས་མཚན་གྱི་ཡིག་འབྲུ་གསུམ་པ་“ཏའི”འདི་ལ་མཚོན་ན་《དེབ་དམར》དང་《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཨོ་གོ་ཏའི་རྒྱལ་པོ་ཞེས་པ་དང་།《རྒྱ་བོད་ཡིག་ཚང་ཆེན་མོ》རུ། ངོས་255པར་ཨོ་ཀོ་ཏའི། (ངོས་255དེ་རུ་ད་དུང་ཨོ་ཀོ་དྭ་ཞེས་སུ་འཁོད། )《རྒྱལ་རབས་གསལ་བའི་མེ་ལོང》དུ། ཨོ་གུ་ཏའི།《ཆོས་འབྱུང་དཔག་བསམ་ལྗོན་བཟང》གི་ངོས་967པར་ཨོ་ཁེ་ཏའི་དང་། ངོས་983པར་ཨོ་ཀོ་ཏིའི་ཞེས་པ་བཞིན། “ཏའི”དང་“ཏིའི”ཞེས་“འི”སྒྲ་ཅན་ཐོན་ཡོད་པ་འདི་ནི་མ་གཞིའི་སོག་སྐད་དང་མཐུན་པར་འཁོད་འདུག །མདོར་ན་གོང་འཕྲོས་དེ་དག་ལས་རྒྱལ་པོ་གང་དེའི་མཚན་ཡོངས་ཀྱི་ཆ་ནས་“ཨོ་ཁོ་ཏིའི”དང་“ཨོ་ཀོ་ཏའི”ཞེས་སུ་བསྒྱུར་ན་གཅིག་ནས་སོག་སྐད་ཀྱི་སྒྲ་གདངས་དག་པར་ཐོན་འདུག་ལ། གཉིས་ནས་བོད་ཀྱི་ཡུལ་སྐད་གང་རུང་ཞིག་གི་ཤུགས་སུ་མ་ཁྱེར་བའི་དགེ་མཚན་དུའང་འགྲོ་བར་སྙམ།

  གསུམ་པ། ཀོས་ཡུག་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་གཉིས་ལས། རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཀྱི་ཐད་ནས། གོ་ཡུག་དང་། གུ་ཡུག །གོ་ཡུལ། གོ་ལུག །ཧུ་ཡུག་བཅས་རིགས་མི་འདྲ་བ་ལྔ་ཡོད་པ་རེད། སོག་པོའི་སྐད་ཀྱིས་རྒྱལ་པོ་འདི་ལ་Güyü qaɣn(ཀོས་ཡུག་ཧན)དུ་འབོད་པས། གོང་འཕྲོས་ལས་《དེབ་དམར》དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》  《རྒྱལ་རབས་གསལ་བའི་མེ་ལོང》  《རྒྱ་བོད་ཡིག་ཚང་ཆེན་མོ》  《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》  《དེབ་དམར་གསར་མ》  《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》བཅས་བོད་ཀྱི་ལོ་རྒྱུས་ཡིག་ཆ་སྔོན་མ་མང་ཆེ་བར་གོ་ཡུག་རྒྱལ་པོ་ཞེས་སུ་འཁོད་པ་འདི་ཉིད་ཤུགས་ཆེ་ལ།《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》དང་《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འཁོད་པའི་གོ་ཡུལ་རྒྱལ་པོ། ད་དུང་《དེབ་ཐེར་སྔོན་པོ》རུ་འཁོད་པའི་གོ་ལུག་རྒྱལ་པོ་ཞེས་པའི་“ཡུལ”དང་“ལུག”ཅེས་པ་ནི་“ཡུག”ཡིན་པར་མངོན་པས་དཔར་སྐྱོན་སོགས་གང་རུང་ཞིག་གིས་རྐྱེན་དུ་བྱས་ཡོད་སྲིད། ཡང་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》དང་《ཆོས་འབྱུང་དཔག་བསམ་ལྗོན་བཟང》(ངོས་984པར་ཧུ་ཡུག)《ཧོར་གྱི་ཆོས་འབྱུང་བཞུགས་སོ》བཅས་སུ་གུ་ཡུག་རྒྱལ་པོ་ཞེས་པ་ལ། གོང་འཕྲོས་དེབ་ཐེར་ཁག་སྔ་གཞུག་ཏུ་རྒྱལ་པོ་གང་དེའི་མཚན་གྱི་འཁོད་སྟངས་སྤྱི་ལྡོག་གི་ཆ་ནས་གཙོ་བོ་གོ་ཡུག་དང་གུ་ཡུག་ཅེས་པ་འདི་གཉིས་སུ་འདུ་ཞིང་། དེ་ལས་ཀྱང་གཙོ་བོ་“གོ་”དང་“གུ་”ཡི་བར་དུ་ཁྱད་པར་ཡོད་པ་འདི་ཡིན་པས། དེ་ལ་གོང་འཕྲོས་བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་རིགས་ཁོ་ན་ལས་གཞིགས་ཚེ་གུ་ཡུག་ཅེས་པ་འདིའང་ལྟོས་བཅས་ཀྱི་བསྒྱུར་འབྲས་ཅུང་ཙམ་གནད་དུ་འཁེལ་བ་ཞིག་ཏུ་འཁུམས་མོད། འོན་ཀྱང་“ཀོས་ཡུག་”ཅེས་སུ་བསྒྱུར་ན་གཅིག་ནས་མ་གཞིའི་སོག་སྐད་ཀྱི་སྒྲ་གདངས་གང་དག་པར་ཐོན་འདུག་ལ། གཉིས་ནས་ཡུལ་སྐད་ཆེན་པོ་གསུམ་པོ་གང་རུང་གི་ཤུགས་སུ་མ་ཁྱེར་བའི་དགེ་མཚན་དུའང་འགྲོ་བའོ། །ཡང་《ཆོས་འབྱུང་དཔག་བསམ་ལྗོན་བཟང》གི་ངོས་967པར་གུ་ཡུག་དང་། ངོས་984པར་ཧུ་ཡུག་ཅེས་སུ་འཁོད་པའི་“ཧུ”ནི་གཅིག་བྱས་ན་གོང་འཕྲོས་ལྟར་མ་གཞི་“གུ་”ཡིན་པ་དེ་ལ་“ཧུ”ཡི་དཔར་སྐྱོན་ཐེབས་པ་ཨེ་ཡིན་སྙམ་ལ། ཡང་གཅིག་བྱས་ན་སོག་ཡུལ་གྱི་ཡུལ་སྐད་ལྟར་ན་འདི་ལྟ་བུ་ལ་དེང་གི་ཕྱི་སོག་དང་ནང་སོག་གིས་ནི་“ཧྭོས”ཀྱི་སྒྲ་འབྱིན་ལ། ཤིན་ཅང་ཨོ་རོལ་སོག་པོ་དང་མཚོ་སྔོན་སོག་པོ་དག་གིས་“ཀོས”ཀྱི་སྒྲ་བཀོད་ཀྱང་ཆོག

 བཞི་པ། མོང་ཁེ་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་གཉིས་ལས། རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཀྱི་ཐད་ནས། མོང་གོལ་གན་དང་། དམོང་ཁེ་རྒྱལ་པོ། མོན་ཁ་གན་གྱི་རྒྱལ་པོ། མོང་འགོར་རྒྱལ་པོ། མོང་གོལ་རྒྱལ་པོ། མོང་གོར་རྒྱལ་པོ། མོན་གོར་རྒྱལ་པོ། མུང་ཁེ་རྒྱལ་པོ་བཅས་བསྒྱུར་ཚུལ་མི་འདྲ་བ་བརྒྱད་མངོན་པ་རེད། སོག་པོའི་སྐད་ཀྱིས་རྒྱལ་པོ་འདི་ལ་Möngke qaɣn(མོང་ཁེ་ཧན་ནམ་མོང་ཀེ་ཧན)དུ་བྱ་བ་ལ། ཡང་སོག་པོའི་ཡུལ་སྐད་ཀྱི་དབང་དུ་བྱས་ན་ཤར་ཕྱོགས་ཀྱི་ཤིན་ཅང་ཨོ་རོལ་སོག་པོས་ནི་“མོང་ཁེ”དང་ “མོང་ཧྭེ”ཞེས་པ་དང་། ནུབ་ཀྱི་ནང་སོག་དང་ཕྱི་སོག་གི་ཁ་སྐད་དུ་“མོང་ཀི་”རུ་འབོད་པ་འདི་ལ་གཞི་བྱས་ཏེ་གཞིགས་ཚེ།《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》དང་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་མོན་གོར་དུ་འཁོད་པ་འདི་དང་། 《རྒྱལ་རབས་གསལ་བའི་མེ་ལོང》དུ་མོན་ཁ་རུ་འཁོད་པ་འདི་དག་ནི་རྒྱལ་པོ་གང་དེའི་མཚན་གྱི་ཚིག་གི་མགོ་སྔ་གང་ལ་གཞིགས་ཀྱང་གོ་འཛོལ་ཐེབས་འདུག་པར་མངོན་ལ།《དེབ་དམར》དང་《དེབ་ཐེར་སྔོན་པོ》  《དེབ་དམར་གསར་མ》བཅས་སུ་མོང་གོལ་དུ་འཁོད་པ་འདི་དང་། 《རྒྱ་བོད་ཡིག་ཚང་ཆེན་མོ》དང་《ཆོས་འབྱུང་མཁས་པའི་དགའ་སྟོན》གཉིས་སུ་མོང་གོར་དུ་འཁོད་པ།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》རུ་མོང་འགོར་དུ་འཁོད་པ་འདི་དག་ལས་ནི་རྒྱལ་པོ་གང་དེའི་མཚན་གྱི་ཡིག་འབྲུ་དང་པོ་“མོང”ཞེས་པ་འདི་ནི་ཧ་ཅང་དག་པར་ཐོན་འདུག་མོད། འོན་ཀྱང་དེ་རྗེས་ཀྱི་“གོལ”དང་“གོར”“འགོར”བཅས་པ་ནི་མ་གཞིའི་སོག་སྐད་ཀྱི་སྒྲ་གང་གི་གནད་དུ་ཞོག་མེད་པ་མངོན་པར་གསལ་བ་རེད། དེ་ལ་རྒྱལ་པོ་གང་དེའི་མཚན་ཧྲིལ་པོའི་ཆ་ནས་《ཆོས་འབྱུང་དཔག་བསམ་ལྗོན་བཟང》དང་། 《ཧོར་གྱི་ཆོས་འབྱུང་བཞུགས་སོ》  《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》བཅས་སུ་མུང་ཁེ་ཞེས་པ་འདི་དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》དུ་དམོང་ཁེ་རྒྱལ་པོ་བཅས་སུ་འཁོད་པ་འདི་དག་ནི་ལྟོས་བཅས་ཀྱིས་གནད་དུ་འཁེལ་ཡོད་པར་ངེས་མོད། འོན་ཀྱང་“མོང་ཁེ”འམ་“མོང་ཀེ”རྒྱལ་པོ་གང་རུང་དུ་བསྒྱུར་ཀྱང་། འདི་ནི་གཅིག་ཏུ་ན་མ་གཞིའི་སོག་སྐད་ཀྱི་སྒྲ་གདངས་དག་པར་ཐོན་འདུག་ལ། གཉིས་སུ་ན་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གང་རུང་ཞིག་གི་ཤུགས་སུ་མ་ཁྱེར་བའི་དགེ་མཚན་དུའང་འགྲོ་བར་སྙམ་མོ། །

 ལྔ་པ། ཧུ་པི་ལའི་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་གཉིས་ལས། རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཀྱི་ཐད་ནས། གོ་པེ་ལ་ཤི་ཛུ་སེ་ཆེན་གན་དང་། གུ་བེ་ལྷ་སེ་ཆེན་གན་གྱི་རྒྱལ་པོ། སེ་ཆེན་རྒྱལ་པོ། གོ་པེ་ལ་ཤི་ཛུང་སེ་ཆེན་གན། གོ་བེ་ལ། ཧུ་པི་ལའི་སེ་ཆེན། ཧོ་པི་ལའི་བཅས་རིགས་མི་འདྲ་བ་བདུན་བྱུང་འདུག་པ་རེད། སོག་པོའི་སྐད་ཀྱིས་རྒྱལ་པོ་འདི་ལ་Qubilai qaɣn(ཧུ་པི་ལའི་ཧན་ནམ་ཁུ་པི་ལའི་ཧན)དུ་འབོད་པ་དང་། སོག་པོར་མཚོན་ན་འདི་ལའང་སྤྱིར་བཏང་དུ་“ཧུ་པི་ལའི” དང་། ཡང་སྐབས་སྐབས་སུ་“ཁུ་པི་ལའི”ཡི་འཁོད་ཚུལ་རིགས་གཉིས་སུ་སྣང་། གོང་འཕྲོས་《དེབ་དམར》དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》《རྒྱ་བོད་ཡིག་ཚང་ཆེན་མོ》  《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》བཅས་སུ་གོ་པེ་ལ་རུ་འཁོད་པ་འདི་ནི་བོད་ཀྱི་ཡིག་ཆ་དག་ལས་ཤུགས་ཆེ་བར་མངོན་པས། འདི་ལ་རྨང་བྱས་ཏེ་《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གོ་བེ་ལ་ཞེས་པ་དང་། 《རྒྱལ་རབས་གསལ་བའི་མེ་ལོང》དུ་གུ་བེ་ལྷ། 《དེབ་དམར་གསར་མ》རུ་གུ་བེ་ལ་ཞེས་པ་འདི་དག་བྱུང་བར་མངོན། ཡང་འཁོད་ཚུལ་འདི་དག་ནི་དབུས་གཙང་གི་སྐད་ལས་གཞིགས་ཚེ་སོག་སྐད་ཀྱི་མ་གཞིའི་སྒྲ་དང་ཅུང་ཉེ་བར་བསྒྱུར་བའི་སྣང་བ་རེ་སྟེར་མོད། སོག་བོད་སྐད་སྤྱིའི་ཆ་ལ་གཞིགས་ཚེ་“ཁུ་པི་ལའི”ཞེས་སུ་བསྒྱུར་ན་འཐུས་པར་སྙམ། ཡང་《ཆོས་འབྱུང་དཔག་བསམ་ལྗོན་བཟང》དུ་ཧུ་པི་ལའི་ཞེས་པ་དང་།《ཧོར་གྱི་ཆོས་འབྱུང་བཞུགས་སོ》ཡི་ངོས་26པར་ཧྭོ་པི་ལའི། ངོས་106པར་རྒྱལ་པོ་ཧོ་པི་ལའི། 《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》ཞེས་པར་ཧུ་བི་ལི་རྒྱལ་པོ་བཅས་པ་ནི་མ་གཞིའི་སོག་སྐད་ཀྱི་སྒྲ་དང་ཅུང་ཉེ་བར་མངོན་པ་ལ། དེ་དག་ལས་ཀྱང་《ཧོར་གྱི་ཆོས་འབྱུང》ལྟར་“ཧུ་པི་ལའི”ཞེས་པར་བསྒྱུར་ན་གཅིག་ནས་སོག་སྐད་ཀྱི་མ་གཞིའི་སྒྲ་གདངས་དེ་ཉིད་དག་པར་ཐོན་འདུག་ལ། གཉིས་ནས་བོད་ཀྱི་ཡུལ་སྐད་གང་རུང་བ་ཞིག་གི་ཤུགས་སུ་མ་ཁྱེར་བར་སྤྱི་ལ་ཁྱབ་པའི་ཕྱོགས་སུའང་འགྲོ་བའོ། །ཡང་ཧུ་པི་ལའི་རྒྱལ་སར་བཏོན་ནས་གནམ་དུ་གཤེགས་པའི་མཚན་ལ་སོག་པོའི་སྐད་ཀྱི་སེ་ཆེན་རྒྱལ་པོ་བྱ་བའི་སེ་ཆེན་འདི་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ཏུ་བེད་སྤྱོད་གནང་བ་མང་བར་གཞིགས་ནས་སེ་ཆེན་རྒྱལ་པོ་ཞེས་པ་འདི་བཀོད་ཀྱང་འགལ་བ་མེད་སྙམ། དེ་ནས་གོང་འཕྲོས་《དེབ་དམར》དང་《ཡར་ལུང་ཇོ་བོའི་ཆོས་འབྱུང》དུ་འཁོད་པའི་ཤི་ཛུ་ཞེས་པ་འདི་དང་། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ་འཁོད་པའི་ཤི་ཛུང་ཞེས་པའི་ཤི་ཛུ་དང་ཤི་ཛུང་ཞེས་པ་འདི་ནི་རྒྱའི་“世祖”ཞེས་པ་འདི་ཡིན་ལ། བོད་སྐད་དུ་ཧྲི་ཙུའུ་ཞེས་སུ་བསྒྱུར་ནས་གཅིག་གྱུར་དུ་བཏང་ན་བཟང་བར་སྙམ་པའོ། །

 དྲུག་པ། ཐེ་མུར་ཨུལ་ཅིའི་ཐུ་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་ལས། རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཀྱི་ཐད་ནས། ཐེ་མུར་ཨོལ་ཇ་དུ་རྒྱལ་པོ་དང་། ཐི་མུར་ཨོལ་ཇ་དུ་རྒྱལ་པོ། ཨོལ་བྱ་ཐུལ་རྒྱལ་པོ། ཨལ་ཇ་དུར་ཏི་མུར་རྒྱལ་པོ། ཨོ་ལ་ཇ་དུ། ཨུལ་ཅི་ཐུའམ་ཐུ་བོ་ཐེ་མུར། ཐུ་བུ་ཐེ་མུར་ཨུལ་ཇེའི་ཐུ་ཧ་ཀན། ཐེ་མུར་རྒྱལ་པོ། ཨོལ་ཅི་ཐུ་བཅས་བསྒྱུར་ཚུལ་མི་འདྲ་བ་དགུ་བྱུང་བ་རེད། སོག་པོའི་སྐད་ཀྱིས་རྒྱལ་པོ་འདི་ལ་Temüröljeyitü Qaɣn(ཐེ་མུར་ཨུལ་ཅིའི་ཐུ་ཧན)དུ་བརྗོད་ལ། ཡང་སོག་པོ་རང་གི་ཡུལ་སྐད་ཀྱི་ཆ་ནས་རྒྱལ་པོ་འདི་ཡི་ཐོག་མའི་མཚན་ལ་ཤར་གྱི་སོག་པོ་ཤིན་ཅང་དང་མཚོ་སྔོན་ཕྱོགས་ནས་“ཐེ་མུར་”དང་། ནུབ་ཀྱི་ནང་སོག་དང་ཕྱི་སོག་ནས་“ཐི་མུར་”ཞེས་བརྗོད་སྟངས་གཉིས་སུ་སྣང་། འདི་གཞིགས་ཚེ་རྒྱལ་པོ་འདིའི་ཐོག་མའི་མཚན་གྱི་ཆ་ནས།《དེབ་དམར》དང་། 《ཆོས་འབྱུང་དཔག་བསམ་ལྗོན་བཟང》《ཧོར་གྱི་ཆོས་འབྱུང་བཞུགས་སོ》《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》བཅས་སུ་ཐེ་མུར་དུ་འཁོད་ལ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》དང་《རྒྱ་བོད་ཡིག་ཚང་ཆེན་མོ》རུ་ཐི་མུར་དུ་འཁོད་པས། “ཐེ་མུར”དང་“ཐི་མུར”ཞེས་གཙོ་བོ་བསྒྱུར་ལུགས་འདི་གཉིས་སུ་འདུ། ལུགས་འདི་གཉིས་པོ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ཏུའང་སོག་པོའི་ཤར་ནུབ་ཕྱོགས་གཉིས་པོའི་ཡུལ་སྐད་ཀྱིས་ཤུགས་རྐྱེན་ཐེབས་ཡོད་ཅེ་ནའང་འདྲ། ཡང་ན་བོད་ཡིག་གི་ཡིག་ཆར་ཡུལ་དེ་གཉིས་པོའི་འདོན་སྟངས་ནང་དུ་འདུས་པར་བསྒྱུར་ཡོད་ཅེ་ནའང་འདྲ། སྤྱིར་“ཐེ་མུར་”དང་“ཐི་མུར་”གང་རུང་དུ་བསྒྱུར་ཀྱང་མ་ཆོག་པ་མེད་སྙམ་མོད། བོད་སྐད་སྤྱིའི་ཆ་ནས་སྨྲས་ཚེ་“ཐེ་མུར་”ཞེས་བསྒྱུར་ཚེ་སྤྱི་ལ་ཁྱབ་པའི་དགེ་མཚན་མངོན་པར་སེམས། ཡང་《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ། “ཏི་མུར”ཞེས་པའི་“ཏི་”འདི་ལྟར་འཁོད་པ་ནི་སྤྱི་ལྡོག་ནས་བོད་སོག་སྐད་གང་གི་ཆ་ལ་གཞིགས་ཀྱང་གོ་འཛོལ་ཐེབས་ཡོད་པ་གསལ། དེ་ནས་ཐེ་མུར་རྒྱལ་པོ་འདི་གནམ་དུ་གཤེགས་རྗེས་སུ་གང་ཉིད་མངོན་པར་བསྟོད་པའི་མཚན་ལ་མཚོན་ན། གོང་འཕྲོས་ཀྱི་《དེབ་དམར》དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》  《རྒྱ་བོད་ཡིག་ཚང་ཆེན་མོ》  《དེབ་ཐེར་སྔོན་པོ》བཅས་སུ་གཅིག་མཐུན་གྱིས་ཨོལ་ཇ་དུ་རུ་འཁོད། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཨོ་ལ་ཇ་དུ་ཞེས་པ་ནི་དཔར་སྐྱོན་ཏེ་དོན་གྱིས་ཨོལ་ཇ་དུ་རུ་བྱ་བ་དེ་ཡིན་པར་མངོན་ལ།《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ། ཨལ་ཇ་དུར་རྒྱལ་པོ་ཞེས་པའང་གོང་འཕྲོས་དག་གི་གཞི་ལས་མཆེད་པའི་འཁོད་ཚུལ་ཞིག་གམ་ཡང་ན་“ཨོལ”ཡིན་པ་དེ་ལ་“ཨལ་”དུ་བྱས་པའི་དཔར་སྐྱོན་ཐེབས་པ་གང་རུང་ཞིག་ཏུ་ངེས་པར་སྣང་།《རྒྱལ་རབས་གསལ་བའི་མེ་ལོང》དང་《དེབ་དམར་གསར་མ》རུ་ཨོལ་བྱ་ཐུལ་ཞེས་པ་ལ། དབུས་གཙང་གི་ཡུལ་སྐད་ལྟར་སོང་ཚེ་འདི་ནི་གོང་འཕྲོས་ཀྱི་“ཨོལ་ཇ་དུ”ཞེས་པ་གང་རྨང་གཞི་བྱས་ནས་ཡོང་བ་ཞིག་ཏུ་འཁུམས། རྗེས་ཀྱི་སོག་པོ་དགེ་བཤེས་དག་གིས་བརྩམས་གནང་བའི་ཆོས་འབྱུང་སྟེ་《ཧོར་གྱི་ཆོས་འབྱུང་བཞུགས་སོ》རུ། ཨུལ་ཇེའི་ཐུ་དང་ཨུལ་ཇི་ཐུ་ཞེས་གོང་འཕྲོས་དག་གི་སྒྲ་བསྒྱུར་ཚུལ་དང་ཅུང་ཉེ་ལ་སོག་པོའི་སྒྲ་གདངས་དང་ཡང་ཅུང་མཐུན་པར་འཁོད་ཡོད་པ་རེད། ཡང་《ཆོས་འབྱུང་དཔག་བསམ་ལྗོན་བཟང》དུ་གཞན་མ་དག་དང་ཅུང་མི་མཐུན་པར་འཁོད་ཡོད་པ་ནི་ཨུལ་ཅི་ཐུ་ཞེས་པ་དེ་རེད། དེ་ལ་གོང་འཕྲོས་འཁོད་ལུགས་དག་མདོར་དྲིལ་ན་ཨོལ་ཇ་དུ་དང་། ཨུལ་ཇེའི་ཐུ། ཨུལ་ཅི་ཐུ་འདི་གསུམ་ལས་མ་འདས་ཤིང་། རྩ་བའི་ཆ་ནས་བསྒྱུར་འབྲས་ལ་གོ་ནོར་ཐེབས་ཡོད་པ་དེ་འདྲ་ཞིག་མི་སྣང་མོད། འོན་ཀྱང་བོད་སོག་སྤྱིའི་ཆ་ནས་གཞིགས་ཚེ་ཨོལ་ཅིའི་ཐུ་ཞེས་པ་འདི་ནི་ཆེའི་གནད་དུ་འཁེལ་བའི་བསྒྱུར་སྟངས་ཞིག་ཏུ་མངོན་ལ། དེ་བཞིན་གོང་འཕྲོས་དག་གཅིག་ཏུ་བསྡུས་ནས་རྒྱལ་པོ་གང་དེའི་མཚན་ཧྲིལ་བོ་སྤྱི་བསྡོམས་ཀྱི་ཚུལ་གྱིས་བསྒྱུར་འབྲས་སུ་བཀོད་ན། ཐེ་མུར་ཨུལ་ཅིའི་ཐུ་རྒྱལ་པོ་ཞེས་སུ་བསྒྱུར་ན་བཟང་བར་སྙམ་མོ། །

 བདུན་པ། ཧའི་སང་ཁུ་ལུག་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་ལས། རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཀྱི་ཐད་ནས། ཧའི་ཤན་གུ་ལུག་རྒྱལ་པོ་དང་། གོ་ལུག་རྒྱལ་པོ། ཧི་ཤན་གོ་ལུག་རྒྱལ་པོ། གོ་ཡུག་རྒྱལ་པོ། ཧྭོའི་ཞན་ཕུ་ལུག་རྒྱལ་པོ། ཁུ་ལུག་རྒྱལ་པོ། ཧའི་སང་ཁུ་ལུག་ཧ་ཀན་རྒྱལ་པོ། ཧེའི་སན་ཁུ་ལུག་བཅས་རིགས་མི་འདྲ་བ་བརྒྱད་འཁོད་འདུག །སོག་པོའི་སྐད་ཀྱིས་རྒྱལ་པོ་འདི་ལ་Qayisang Külüg qaɣn(ཧའི་སང་ཁུ་ལུག་ཧན་ནམ་ཧའི་སང་ཀུ་ལུག་ཧན)དུ་འབོད། གོང་འཕྲོས་ཀྱི་རྒྱལ་པོ་འདིའི་ཐོག་མའི་མཚན་ལ་མཚོན་ན།《དེབ་དམར》དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》  《རྒྱ་བོད་ཡིག་ཚང་ཆེན་མོ》བཅས་སུ་ཧའི་ཤན་དུ་འཁོད་ལ། ལོ་རྒྱུས་དེབ་ཐེར་འདི་དག་ཏུ་འཁོད་རིགས་ལ་གཞི་མར་གནང་བ་ལས་《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ་ཧི་ཤན་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཧྭོའི་ཞན། 《ཆོས་འབྱུང་དཔག་བསམ་ལྗོན་བཟང》དུ་ཧེའི་སན་དུ་འཁོད་པ་དག་བྱུང་བར་མངོན་ལ། འདི་དག་ནི་ཕལ་ཆེར་རྒྱའི་ཡིག་ཚང་དུ་འཁོད་པའི་རྒྱ་ཡིག་ལས་རྒྱལ་པོ་འདི་ལ་“海山”(ཧའེ་ཧྲན)ཞེས་པ་འདི་ལས་ཚུར་བསྒྱུར་བའི་སྣང་བ་ཞིག་ཀྱང་སྟེར། གོང་འཕྲོས་དག་ལས་འཁོད་ལུགས་ཀྱི་ཆ་ནས་ཁྱད་པར་གཙོ་བོ་འང་“ཤན”དང་། “ཞན། ” “སན”གསུམ་གྱི་ཐོག་ནས་མངོན་པར་གསལ་བས། འདི་དག་ནི་མ་གཞིའི་སོག་པོའི་སྐད་དུ་“སང”གི་གདངས་སུ་མཐུན་པར་བྱ་དགོས་པ་དང་བསྟུན་ཚེ་སྒྲ་ཡང་དག་པ་ཞིག་ཐོན་མེད་མོད། འོན་ཀྱང་《ཧོར་གྱི་ཆོས་འབྱུང་བཞུགས་སོ》རུ་འཁོད་པའི་ཧའི་སང་འདི་ནི་སོག་སྐད་ཀྱི་འགྲོས་དང་བསྟུན་པ་གནད་དུ་འཁེལ་བར་མངོན་ནོ། །ཡང་རྒྱལ་པོ་གང་ཉིད་གནམ་དུ་གཤེགས་པའི་མཚན་ལ་མཚོན་ན། 《དེབ་དམར》དང་《ཡར་ལུང་ཇོ་བོའི་ཆོས་འབྱུང》དུ་གུ་ལུག་ཅེས་སུ་འཁོད་ལ།《རྒྱལ་རབས་གསལ་བའི་མེ་ལོང》དང་། 《རྒྱ་བོད་ཡིག་ཚང་ཆེན་མོ》《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》  《དེབ་དམར་གསར་མ》བཅས་མང་པོ་ཞིག་ཏུ་གོ་ལུག་ཏུ་འཁོད་པ་རེད། འདི་དག་ལས་གཞིགས་ཚེ་《དེབ་ཐེར་སྔོན་པོ》རུ་གོ་ཡུག་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཕུ་ལུག་ཅེས་སུ་འཁོད་པ་འདི་ནི་མ་གཞི་གོང་འཕྲོས་དེབ་ཐེར་དག་ལ་གཞི་བྱས་ནས་འོང་བ་ཡིན་སྲིད་མོད། དེ་ལ་དཔར་སྐྱོན་དང་བྲིས་ནོར་ཐེབས་པ་གང་རུང་གི་དབང་དུ་ཁྱེར་ནས། 《དེབ་སྔོན》དུ་གོ་ལུག་རྒྱལ་པོ་ཞེས་པའི་“ལུག”ནི་“ཡུག”ཏུ་གྱུར་པ་དང་། དེ་བཞིན་དུ་《མཁས་པའི་དགའ་སྟོན》གྱི་གུ་ལུག་རྒྱལ་པོ་ཞེས་པའི་“གུ”ནི་“ཕུ”རུ་གྱུར་པར་འདོད། མདོར་ན་གུ་ལུག་དང་གོ་ལུག་གང་དུ་བསྒྱུར་ནའང་བོད་ཀྱི་སྐད་སྤྱིའི་ཆ་ནས་དེ་འདྲ་གཅིག་ཏུ་མི་འབབ་པ་ཞིག་ཏུ་འཁུམས། དེ་ནས་《ཆོས་འབྱུང་དཔག་བསམ་ལྗོན་བཟང》དང་《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》  《ཧོར་གྱི་ཆོས་འབྱུང་བཞུགས་སོ》བཅས་སུ་ཁུ་ལུག་(ངོས་128པར་ཧུ་ལུག)ཏུ་འཁོད་པ་ལ། སོག་སྐད་ཀྱི་ཆ་ནས་སྨྲས་ཚེ་རྒྱལ་པོ་འདི་ལ་དེང་གི་ཤིན་ཅང་སོག་པོ་ཨོ་རོལ་ཚོ་བ་དང་མཚོ་སྔོན་སོག་པོ་རྣམས་ཀྱིས་“ཁུ་ལུག”དང་ནང་སོག་དང་ཕྱི་སོག་གིས་“ཀུ་ལུག”ཏུ་བརྗོད་པ་ན། འདི་ལ་དེ་གཉིས་གང་རུང་དུ་བྱས་ཀྱང་བོད་སྐད་ཀྱི་སྤྱིའི་ཆ་ནས་གཅིག་མཐུན་དུ་འོང་པར་སྙམ་མོ། །ཡང་《ཧོར་གྱི་ཆོས་འབྱུང་བཞུགས་སོ》རུ་འཁོད་པའི་ཧའི་སང་ཁུ་ལུག་ཧ་ཀན་ཞེས་པའི་ཧ་ཀན་འདི་ནི་སོག་སྐད་ཀྱི་རྒྱལ་པོ་ཞེས་པའི་དོན་ལ་འཇུག་པ་དེ་ཡིན། དེ་བཞིན་གོང་འཕྲོས་དག་གཅིག་ཏུ་བསྡུས་ནས་སྤྱི་བསྡོམས་ཀྱི་ཚུལ་གྱིས་རྒྱལ་པོ་གང་དེའི་མཚན་ཧྲིལ་པོ་བསྒྱུར་འབྲས་སུ་བཀོད་ན། ཧའི་སང་ཁུ་ལུག་གམ་ཧའི་སང་ཀུ་ལུག་ཅེས་པ་གང་རུང་དུ་བསྒྱུར་ཀྱང་འཐུས་པར་སྙམ།

 བརྒྱད་པ། ཨ་ཡུར་པར་པ་ཏ་པཱོ་ཡན་ཐྭོ་རྒྱལ་པོ། གོང་འཕྲོས་ཀྱི་དེབ་ཐེར་ཁག་བཅུ་གསུམ་ལས། རྒྱལ་པོ་འདིའི་མཚན་གྱི་བསྒྱུར་སྟངས་ཀྱི་ཐད་ནས། ཨ་ཡུ་པར་པ་ཏ་བུ་ཡིན་དུ་རྒྱལ་པོ་དང་། ཨ་ཡུ་པར་པ་ཏ་བུ་ཡན་དུ་རྒྱལ་པོ། ཨ་སུ་ཏ་བུ་ཡན་རྒྱལ་པོ། ཨ་ཡུ་པར་པ་ཏའི་འམ་བུ་ཡན་དུ་རྒྱལ་པོའང་ཟེར། ཨར་ཡུ་པར་པ་ཏ་བུ་ཡན་དུ་རྒྱལ་པོ། ཨ་གུ་པརྤ་ཏ་བུ་ཡནྟུ་རྒྱལ་པོ། བུ་ཡན་རྒྱལ་པོ། རྒྱལ་པོ་ཡུ་བ་ཏ། པ་ཡན་ཐུ། ཨ་ཡུར་པར་པ་ཏ་པ་ཡན་ཐྭོ་རྒྱལ་པོ། བོ་ཡན་ཐུ་བཅས་རིགས་མི་འདྲ་བ་བཅུ་བྱུང་བར་མངོན། སོག་པོའི་སྐད་ཀྱིས་རྒྱལ་པོ་འདི་ལ་Ayuur balbada Buyan-tu qaɣn(ཨ་ཡུར་པལ་པ་ཏ་པཱོ་ཡན་ཐྭོ་ཧན)དུ་འབོད། རྒྱལ་པོ་འདིའི་ཐོག་མའི་མཚན་ནི་མ་གཞི་ལེགས་སྦྱར་གྱི་སྐད་ཨ་ཡུར་པར་པ་ཏ་ཞེས་པ། ཨ་ཡུར་ནི་ཚེ་ཡི་དོན་ཡིན་ལ། པར་པ་ཏ་ནི། ལེགས་སྦྱར་དང་བོད་སྐད་གཉིས་ཤན་སྦྱར་ཚིག་མཛོད་རྣམས་སུ་པ་ར་པ་ཏ་ཞེས་པ་ནི་སྔོ་སྤྲིན་ཟིལ་བའི་མིང་སྟེ་ནད་ཀྱི་མིང་ལ་འཇུག་(15)ཅེས་པ་ལས་པར་པ་ཏ་ཞེས་པ་འདི་རྙེད་སོན་མ་བྱུང་མོད། འོན་ཀྱང་《བོད་རྒྱ་ཚིག་མཛོད་ཆེན་མོ》ལྟར་ན། པར་པ་ཏ་ནི་སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ཚད་དང་། དུག་ཚད་སེལ། མིང་གི་རྣམ་གྲངས་ལ་འཁྲི་ཤིང་རལ་བ་ཅན་དང་། སྔོན་པོ་ཆིག་ཐུབ་རལ་པ་ཅན། རིམ་འཇོམས་བཅས་སོ། །(16)ཞེས་འཁོད་ལ། གང་ལྟར་ཀྱང་འདི་ནི་ལེགས་སྦྱར་སྐད་ནས་ཕར་སོག་སྐད་དུ་སྒྲ་བསྒྱུར་བྱས་པ་ཞིག་ཡིན་པར་ངེས། དེས་ན་《དེབ་དམར》དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》  《དེབ་ཐེར་སྔོན་པོ》རྣམས་སུ་ཨ་ཡུ་པར་པས་ཏ་ཞེས་སུ་འཁོད་པས་ན། 《རྒྱ་བོད་ཡིག་ཚང་ཆེན་མོ》རུ་ཨ་ཡུ་པར་པ་ཏའི་དང་། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》སུ་ཨར་ཡུ་པར་པ་ཏ་རུ་འཁོད་པ་འདི་གཉིས་པོ་ནི་དཔར་སྐྱོན་སོགས་དབང་གིས་ཅུང་མི་མཐུན་པར་གནས་པ་ཙམ་ལས་མ་གཞི་གོང་འཕྲོས་དེབ་ཐེར་ཁག་ལ་གཞི་བྱས་ནས་འོང་བར་སྙམ། ཡང་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་ལས་དག་པར་ཐོན་ཡོད་པ་ནི་《ཧོར་གྱི་ཆོས་འབྱུང་བཞུགས་སོ》རུ་འཁོད་པའི་ཨ་ཡུར་པར་པ་ཏ་འདི་ཡིན་པར་སྙམ་པ་དང་། དེ་བཞིན་དུ་《རྒྱལ་རབས་གསལ་བའི་མེ་ལོང》དང་《དེབ་དམར་གསར་མ》རུ་ཨ་སུ་ཏ་རུ་འཁོད་པ་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཨ་གུ་པརྤ་ཏ། 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》དུ་ཡུ་བ་ཏ་བཅས་སུ་འཁོད་པ་ནི་རྒྱལ་པོ་གང་དེའི་མཚན་ཧྲིལ་པོ་ཐོན་ཐུབ་མེད་པས་ཆ་མི་ཚང་བའམ་ཡང་ན་རྩ་བ་ནས་གནད་དུ་འཁེལ་མེད་པའི་སྐྱོན་དུ་ཟད། དེ་ནས་རྒྱལ་པོ་འདི་ཉིད་གནམ་དུ་གཤེགས་པའི་མཚན་གྱི་ཆ་ནས་《དེབ་དམར》དུ་བུ་ཡིན་དུ་ཞེས་པ་དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》དང་《རྒྱ་བོད་ཡིག་ཚང་ཆེན་མོ》《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》《དེབ་ཐེར་སྔོན་པོ》བཅས་སུ་བུ་ཡན་དུ། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་བུ་ཡནྟུ་རྒྱལ་པོ་བཅས་སུ་འཁོད་པ་ནི་དབུས་གཙང་གི་ཡུལ་སྐད་ལྟར་སོང་ཚེ་ལྟོས་བཅས་ཀྱིས་འགྲིག་པར་བསྒྱུར་འདུག །དེ་བཞིན་དུ་《རྒྱལ་རབས་གསལ་བའི་མེ་ལོང》དང་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་བུ་ཡན་ཞེས་པ། ཡང་《དེབ་དམར་གསར་མ》རུ་བུར་ཡན་ཞེས་སུ་འཁོད་པ་འདི་དག་ནི་གོང་འཕྲོས་དེབ་ཐེར་ཁག་ལ་གཞི་བཅོལ་ནས་འོང་བ་ལ་དཔར་སྐྱོན་ནམ་བྲིས་ནོར་བཅས་པའི་ཆད་སྐྱོན་བྱུང་སྟེ་གནད་དུ་ཞོག་མེད་པར་མངོན། དེ་ནས་《ཆོས་འབྱུང་དཔག་བསམ་ལྗོན་བཟང》གི་ངོས་969པར་པ་ཡན་ཐུ། ངོས་1011ཏུ་པོ་ཡན་ཐུ་རྒྱལ་པོ། ངོས་984པར་བོ་ཡན་ཐུ་ཞེས་པ་དང་། དབལ་མང་པཎྜི་ཏས་བརྩམས་པའི་《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པའི་འབབ་སྟེགས་བཞུགས་སོ》ཞེས་པར་པོ་ཡན་ཐུ་ཞེས་པ། 《ཧོར་གྱི་ཆོས་འབྱུང་བཞུགས་སོ》ཡི་ངོས་30པར་པ་ཡན་ཐྭོ་དང་། ངོས་130པར་པ་ཡན་ཐ་ཞེས་སུ་འཁོད་འདུག །པ་ཡན་ཐུ་དང་པ་ཡན་ཐྭོ་ཞེས་པ་འདི་དག་ནི་སྔོན་མའི་ལོ་རྒྱུས་ཡིག་ཆ་དག་ཏུ་དེབ་ཐེར་གཅིག་ཏུ་འཁོད་རིགས་སྔ་ཕྱི་མི་མཐུན་པའི་སྐྱོན་ཙམ་ལས། བསྒྱུར་འབྲས་ཀྱི་ཆ་ནས་ལྟོས་བཅས་ཀྱིས་ཅུང་གནད་དུ་འཁེལ་བར་མངོན་མོད། འོན་ཀྱང་པཱོ་ཡན་ཐྭོ་འདི་ནི་བོད་སོག་གང་གི་སྐད་ཀྱི་ཆ་ནས་ཀྱང་གནད་དུ་འཁེལ་འདུག་པར་མངོན། དེ་བཞིན་གོང་འཕྲོས་དག་གཅིག་ཏུ་བསྡུས་ནས་རྒྱལ་པོ་གང་དེའི་མཚན་སྤྱི་བསྡོམས་ཀྱི་ཚུལ་གྱིས་བསྒྱུར་འབྲས་སུ་བཀོད་ན། ཨ་ཡུར་པར་པ་ཏ་པཱོ་ཡན་ཐྭོ་རྒྱལ་པོ་ཞེས་སུ་བསྒྱུར་ན་བཟང་བར་སྙམ་མོ། ། 

(1)《དེབ་ཐེར་དམར་པོ》ཚལ་བ་ཀུན་དགའ་རྡོ་རྗེས་བརྩམས།    མི་རིགས་དཔེ་སྐྲུན་ཁང་གིས་1981ལོར་དཔར་དུ་བསྐྲུན།    ཤོག་ངོས་29པར་གསལ།   

(2)《ཡར་ལུང་ཇོ་བོའི་ཆོས་འབྱུང》ཡར་ལུང་ཇོ་བོ་ཤཀྱ་རིན་ཆེན་སྡེས་བརྩམས།     མི་རིགས་དཔེ་སྐྲུན་ཁང་གིས་1981ལོར་དཔར་དུ་བསྐྲུན།     ཤོག་ངོས་80ནས་85པར་གསལ།  

(3)《རྒྱལ་རབས་གསལ་བའི་མེ་ལོང》ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས།    མི་རིགས་དཔེ་སྐྲུན་ཁང་གིས་1988ལོར་དཔར་དུ་བསྐྲུན།    ཤོག་ངོས་24ནས་25པར་གསལ།   

(4)《རྒྱ་བོད་ཡིག་ཚང་ཆེན་མོ》དཔལ་འབྱོར་བཟང་པོས་བརྩམས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1985ལོར་དཔར་དུ་བསྐྲུན།    ཤོག་ངོས་254ནས258པར་གསལ།   

(5)《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ཏ་སི་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས་བརྩམས།    བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1986ལོར་དཔར་དུ་བསྐྲུན།     ཤོག་ངོས་110པར་གསལ།   

(6)《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས》དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་ལ་དཔོན་ཡིག་དཔལ་འབྱོར་བཟང་པོས་བརྩམས།    ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་དཔར་དུ་བསྐྲུན།    ཤོག་ངོས་138ནས་141པར་གསལ།   

(7)《དེབ་ཐེར་སྔོན་པོ》འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་དཔར་དུ་བསྐྲུན།    ཤོག་ངོས་82ནས་83པར་གསལ།   

(8)《དེབ་དམར་གསར་མ》པཎ་ཆེན་བསོད་ནམས་གྲགས་པས་བརྩམས།    1989ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།     ཤོག་ངོས་110པར་གསལ།   

(9)《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།    མི་རིགས་དཔེ་སྐྲུན་ཁང་གིས་2006ལོར་དཔར་དུ་བསྐྲུན།    ཤོག་ངོས་724ནས་730པར་གསལ།   

(10)《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》རྒྱལ་དབང་ལྔ་པ་ཆེན་མོས་བརྩམས།    མི་རིགས་དཔེ་དཔེ་སྐྲུན་ཁང་གིས་2006ལོར་པར་དུ་བསྐྲུན།    ཤོག་ངོས་89ནས་105པར་གསལ།   

(11)《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས།    མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན།    ཤོག་ངོས་118ནས་254པར་གསལ།   

(12)《ཆོས་འབྱུང་དཔག་བསམ་ལྗོན་བཟང》སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས།     ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་པར་དུ་བསྐྲུན།     ཤོག་ངོས་967ནས་970པར་གསལ།   

(13)《ཧོར་གྱི་ཆོས་འབྱུང་བཞུགས་སོ》གུ་ཤྲི་ཚེ་འཕེལ་གྱིས་བརྩམས།     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1993ལོར་པར་དུ་བསྐྲུན།    ཤོག་ངོས་12ནས་31པར་གསལ།   

(14)《རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པ་འཇུག་པའི་འབབ་སྟེགས་བཞུགས་སོ》དབལ་མང་པཎྜི་ཏས་བརྩམས།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།    ཤོག་ངོས་59ནས་62པར་གསལ།   

(15)《སཾ་བོད་སྐད་གཉིས་ཤན་སྦྱར》སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྩོམ་སྒྲིག་བྱས།    ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1989ལོར་པར་དུ་བསྐྲུན།    ཤོག་ངོས་485པར་གསལ།   

(16)《བོད་རྒྱ་ཚིག་མཛོད་ཆེན་མོ》(སྨད་ཆ། ) ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་མཛད།    མི་རིགས་དཔེ་སྐྲུན་ཁང་གིས་2000ལོའི་ཟླ་2པར་པེ་ཅིན་དུ་པར་ཐེངས་ལྔ་པར་པར་དུ་བསྐྲུན།    ཤོག་ངོས་1615པར་གསལ།   


མཉམ་སྤྱོད།