དེ་རིང་ནི2025ལོའི་ཟླ11པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིག་གནས་ཀྱི་གན་མཛོད་ཆེན་མོ་སྟེ། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་།

2025-11-12 11:28:24   |   28

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཉེ་སྔོན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས། སྟོན་མཇུག་གི་ཁྲེང་ཏུའུ་གྲོང་ཁྱེར་དུ་གནམ་གཤིས་དྲོད་གྲང་སྙོམ་ལ། ཆར་ཆུ་ཤིན་ཏུ་མོད་པས། སྤྲིན་དང་སྨུག་པའི་ཀློང་ན་སྐྱེ་དངོས་ཡོད་ཚད་སྣུམ་ཤིག་གེར་གནས་ཤིང་། བསྟུད་མར་ཉིན་འགའི་རིང་ལ་ཉི་མའི་འཛུམ་ཞལ་མཐོང་རྒྱུ་མ་བྱུང་ཡང་། བོད་སྐད་སྨྱན་སྦྱོར་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ཀྱིས་གསར་འགོད་པ་ཚོའི་ཡིད་སེམས་སྤྲོ་བས་བརྟས། ཚེས30ཉིན་གྱི་སྔ་དྲོར། མཐུན་སྦྱོར་ཚོགས་འདུའི་ཚོགས་ཞུགས་པ་རྣམས་སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་ལ་ལྟ་སྐོར་སློབ་སྦྱོང་དུ་ཕྱིན་པ་དང་། རྟེན་མཛོད་གླིང་དུ་འབྱོར་བ་ན། གླིང་གཙོ་རྟ་མགྲིན་སྐྱབས་ཀྱིས་དར་དཀར་ཁ་བཏགས་གཙང་མས་སྨྱན་སྦྱོར་བ་རྣམས་ལ་བསུ་བ་བྱས་ཤིང་། རྟེན་མཛོད་གླིང་གི་རིག་དངོས་རྩ་ཆེན་དང་ལས་སྒོ་གཙོ་ཁག གསར་བཙུགས་བརྒྱུད་རིམ་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས།

图片1.png

སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་།

སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཁུལ་ནན་ཅང་ལམ་དུ་ཆགས་ཡོད་ཅིང་། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་ཆོག་མཆན་ཐོབ་པ་དང་སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ཀྱི་གཙོ་སྐྱོང་མཛད་པའི་ལས་ཁུངས་ཤིག་ཡིན་ལ།  རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་གཙུག་ལག་རྟེན་མཛོད་གླིང་ཐོག་མའང་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་འདི་ལ་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དང་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་སྤེལ་མྱོང་རོལ་ལྟེ་གནས་བཅས་ལས་ཀའི་སྡེ་ཚན་ཆེན་པོ་གསུམ་དང་། སྡེ་ཁུལ་དང་སྲིད་གཞུང་གི་སྣེ་ཁྲིད་འོག་གི་ཏང་ཀྲི་པུའུ་གཅིག་བཅས་ཡོད། རྟེན་མཛོད་གླིང་འདིས་བོད་ཡིག་གནའ་དཔེ་འཚོལ་བསྡུ་དང་ལེགས་སྒྲིག མྱུར་སྐྱོབ། ཞིབ་འཇུག པར་སྐྲུན། འགྲེམས་སྤེལ། གཞི་གྲངས་ཅན་དུ་སྒྱུར་བ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཡིག་ཚགས་ཁྲི་གསུམ་ལྷག་ཉར་ཚགས་བྱས་ཡོད། ནང་དོན་གྱི་ཐད་ནས་མཚན་ཉིད་རིག་པ་དང་། གནམ་དཔྱད་སྐར་རྩིས་རིག་པ། གསོ་རིག་དང་རྩོམ་རིག་སོགས་འདུས་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4000ཙམ་དང་། ད་ལྟ་ལས་བཟོ་བ་བརྒྱད་ཅུ་ལྷག་ཡོད། 

图片2.png

རྟེན་མཛོད་གླིང་གི་ཟུར་ཞིག

སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་གླིང་གཙོ་རྟ་མགྲིན་སྐྱབས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། "སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་རྒྱལ་ཁབ་རིག་དངོས་གསལ་འབྱེད་ས་ཚིགས་ཀྱི་ཆེད་མཁས་པས་གསལ་འབྱེད་བྱས་པ་བརྒྱུད། རྟེན་མཛོད་གླིང་དུ་རིམ་པ་དང་པོའི་རིག་དངོས་པོད16དང་། རིམ་པ་གཉིས་པའི་རིག་དངོས་པོད48 རིམ་པ་གསུམ་པའི་རིག་དངོས་པོད147 སྤྱིར་བཏང་གི་རིག་དངོས་པོད90བཅས་ཐོག་མའི་ཆ་ནས་གཏན་འཁེལ་བྱས་ཡོད"ཟེར། 

རྟེན་མཛོད་གླིང་གིས་འགྲེམས་ཁུལ་བཅུ་གསུམ་ལ་དབྱེ་ནས་བོད་ཀྱི་གཙུག་ལག་རིག་གནས་འགྲེམས་སྟོན་ངོ་སྤྲོད་ཞིབ་ཅིང་ཕྲ་བ་བྱས་ཡོད་ལ། བྱེ་བྲག་ཏུ་བོད་ཀྱི་ཡི་གེའི་བྱུང་འཕེལ་དང་ཡིག་གཟུགས་སྣ་ཚོགས། པར་སྐྲུན་ལས་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་དང་པར་ཁང་གཙོ་བོ་དག་གི་ངོ་སྤྲོད། པར་གཞི་རྩ་ཆེན་འགྲེམས་སྟོན་སོགས་ཡོད་པས། ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་གཙུག་ལག་རིག་གནས་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ། གནའ་དཔེ་ཡིག་ཚགས་གཅེས་ཉར་ཁང་དུ་རིན་ཐང་ཆེ་བའི་གནའ་དཔེ་མང་བོ་གཏོས་ཆེན་པོས་བརྩེགས་ཡོད་པ་མཐོང་དུས། ཚོགས་ཞུགས་པ་ཡོངས་ཀྱིས་མེས་པོ་གོང་མ་དག་གི་བློ་གྲོས་དང་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཤིང་། མ་འོངས་པར་རང་ཉིད་ཀྱི་ལས་རྐང་སོ་སོའི་ལམ་ཁ་ནས་དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་སྟོབས་བསྩལ། གཅེས་ཉར་ཁང་འདིར་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་སྒྲིག་ཆས་བཀོལ་ནས་གནའ་དཔེ་རྩ་ཆེན་དག་ལ་འོས་ཤིང་འཚམ་པའི་ཉར་ཚགས་ཁོར་ཡུག་བསྐྲུན་ཡོད། གཞན་ད་དུང་སྨྱན་མང་སྒྲིག་ཆས་སྤྱད་ནས་འགྲེམས་སྟོན་གྱི་ལྟ་འདོད་རང་བཞིན་དང་མཉམ་འགུལ་རང་བཞིན་ཤུགས་ཆེ་རུ་བཏང་སྟེ། གཟིགས་མོ་བས་ཡུལ་དུས་བརྒལ་ནས་ལོ་ངོ་སྟོང་གི་ཤེས་རབ་ཀྱི་ཉིང་བཅུད་མྱོང་རོལ་བྱེད་ཐུབ་པ་བྱས་ཡོད།

图片3.png

གླིང་གཙོ་རྟ་མགྲིན་སྐྱབས་ཀྱིས་ངོ་སྤྲོད་བྱེད་བཞིན་པ།

རྟེན་མཛོད་གླིང་གི་གནའ་དཔེ་དག་སྒྲིག་པར་སྐྲུན་གྱི་གྲུབ་འབྲས་ཐད། ད་སྔའི་བར《ཤེས་བྱ་ཀུན་ཁྱབ》པོད་གསུམ་དང་། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཡིན་པའི《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཤེས་བྱའི་བང་མཛོད》པོད་དྲུག དེ་བཞིན《ཚད་མ་རིག་པའི་ཕྱོགས་བསྒྲིགས་ཆེན་མོ》པོད་ལྔ་བཅུ། གཞན་ད་དུང་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་པའི《རོལ་མོའི་བསྟན་བཅོས་རྩ་འགྲེལ་དཔེ་བསྡུར་མ》དང《གསོ་རིག་རྒྱུད་བཞིའི་དཔེ་བསྡུར་མ》སོགས་དཔེ་དེབ་རིགས་བཅུ་ལྷག་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། 

རྟེན་མཛོད་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་ལྟེ་གནས་སུ་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་རིག་གནས་གསར་གཏོད་ཐོན་རྫས་གྱ་ནོམ་པ་བཤམས་ཡོད་ཅིང་། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་པར་བརྐོས་པར་འདེབས་དང་ཐང་ག་རི་མོ་འབྲི་སྦྱོང་། ཚ་ཚ་བཟོ་བ་སོགས་ཀྱི་མྱོང་རོལ་རྣམ་གྲངས་ཀྱང་ཚུད་ཡོད།  འདིར་ཡོད་པའི་རིག་གནས་གསར་གཏོད་ཐོན་རྫས་དང་རིག་གནས་མྱོང་རོལ་རྣམ་གྲངས་ཡོད་ཚད་ཀྱིས་སྲོལ་རྒྱུན་རིག་གནས་སྲོག་ཤིང་དུ་བཟུང་སྟེ། སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བ་མཉམ་སུ་འདྲེས་པའི་རིག་གནས་ཀྱི་ཞིང་ས་ཞིག་བསྐྲུན་ཡོད་པས། གྲོང་ཁྱེར་གྱི་འཛད་སྤྱོད་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་ལ། འཚོ་བ་དང་ཁ་ཐག་ཤིན་ཏུ་ཉེ་བའི“ལག་ལེན་ཁྲོད་ཀྱི་རྒྱུན་འཛིན”འདི་ལ་འཛད་སྤྱོད་པ་མང་བོ་དང་ལྷག་པར་དུ་ན་གཞོན་དང་བྱིས་པ་ཚོས་དགའ་བསུ་ཐོབ་ཡོད། རང་ཉིད་ཀྱིས་དངོས་སུ་མྱོང་རོལ་བྱས་པ་བརྒྱུད་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྔར་བས་ལྷག་པའི་རྒྱུས་ལོན་དང་གོ་བ་གཏིང་ཟབ་ལེན་ཐུབ། 

图片4.png

གནའ་དཔེ་བསྐྱར་གསོ་བྱེད་བཞིན་པ།

ནང་ལོགས་ཀྱི་གྲོང་ཁྱེར་དུ་གྲངས་ཉུང་མི་རིགས་ཀྱི་གཙུག་ལག་རྟེན་མཛོད་གླིང་འདི་ལྟ་བུ་ཞིག་བཙུགས་པའི་དོན་སྙིང་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་སུ་གྱུར་པའི་བོད་ཀྱི་གཙུག་ལག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། ཞིབ་འཇུག ཁྱབ་སྤེལ་བཅས་གཏོང་བར་ནུས་པ་བླ་ལྷག་ཐོན་ཐུབ་ལ། གཙུག་ལག་རྟེན་མཛོད་གླིང་འདི་ཉིད་རིག་གནས་འབྲེལ་འདྲིས་ཀྱི་གསེར་ཟམ་མམ་སྒེའུ་ཁུང་ལྟ་བུར་གྱུར་ཏེ། མི་རིགས་སོ་སོས་ཕན་ཚུན་གྱི་རིག་གནས་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་སྐུལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།

图片5.png

གནའ་དཔེ་ཕབ་བཤུ་བྱེད་པ།


མཉམ་སྤྱོད།