དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《རྣམ་ཐར་དད་པའི་ལྗོན་ཤིང》གི་ཡིག་ཆའི་རིན་ཐང་སྐོར་དཔྱད་པ།

2025-11-18 09:22:38   |   55

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།   ཙོང་ཁ་དཔེ་ཁང་།     བཤེར་འབེབས།     རིན་ཆེན་ཚེ་རིང་།


000.jpg

སྙིང་བྱམས་རྒྱལ། ཕ་ཡུལ་མདོ་སྨད་རེབ་གོང་ནས་ཡིན་ཞིང་། 2021ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་མཚན་གནས་བླངས་ཏེ་མཐར་ཕྱིན། ད་ལྟ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི། མི་རིགས་སྲིད་ཇུས་དང་། བོད་ཀྱི་ཆོས་ལུགས་ལོ་རྒྱུས་དང་ཡིག་ཚང་། དུས་རབས་བཅུ་གསུམ་པའི་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་འཕེལ་རིམ་སོགས་ཡིན། སྔ་རྗེས་སུ《བོད་རིག་པའི་དུས་དེབ》དང《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ》《རྩེར་སྙེག》སོགས་ཀྱི་སྟེང་དུ་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་རིག་གཞུང་དཔྱད་རྩོམ་བཅུ་ལྷག་སྤེལ།

ནང་དོན་གནད་བསྡུས། སྤྱི་ལོ2006ལོར་ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཀྱིས་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་གསར་རྙེད་བྱུང་བའི《བཅོམ་ལྡན་རིགས་རལ་གྱི་རྣམ་ཐར་དད་པའི་ལྗོན་ཤིང》ཞེས་པ་ནི་དུས་རབས་བཅུ་བཞི་པའི་དུས་མགོ་ཙམ་ལ་བརྩམས་པའི་བཀའ་གདམས་པའི་རྣམ་ཐར་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། རྣམ་ཐར་དེའི་རྩོམ་པ་པོ་བཙུན་པ་བསམ་གཏན་བཟང་པོ་ནི་བཅོམ་ལྡན་རལ་གྲིའི་དངོས་སློབ་ཡིན་པས་ཡིག་ཆ་དེའི་ལོ་རྒྱུས་ཀྱི་རིན་ཐང་ཤིན་ཏུ་ཆེ། རྣམ་ཐར་འདིར་བཅོམ་ལྡན་རལ་གྲིའི་སྐུ་ཚེའི་ལོ་རྒྱུས་སྤྱི་དང་སློབ་གཉེར་གྱི་བརྒྱུད་རིམ།  གསུང་རྩོམ་གྱི་རྣམ་གྲངས།  སྐུ་ཚེའི་མཛད་རྗེས།  གྲུབ་མཐའི་ལྟ་དགོངས་སོགས་ཅུང་ཆ་ཚང་བ་ཞིག་བྲིས་ཡོད་ལ། ལྷག་པར་དུ་བཅོམ་ལྡན་རལ་གྲི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཐོག་དང་པོར་གསལ་བོར་བསྟན་ཡོད་པས། བོད་ཀྱི་ལོ་རྒྱུས་ཡིག་ཆ་གཞན་དག་གི་སྟོང་ཆ་བསྐང་བ་དང་། རིག་གཞུང་ཞིབ་འཇུག་གི་ཐད་ལའང་ཟུར་དང་སྒོ་མོ་གསར་བ་མང་བོ་ཞིག་བསྟན་ཡོད། དེར་བརྟེན་དཔྱད་རྩོམ་འདིར་རྣམ་ཐར་དེའི་བརྩམས་གྲུབ་ཀྱི་ལོ་ཚིགས་དང་རྩོམ་པ་པོ། སྒྲིག་གཞི་དང་ཁྱད་ཆོས། ཡིག་ཆའི་རིན་ཐང་དང་བཀག་རྒྱ་བཅས་ཀྱི་ཐད་ནས་དབྱེ་ཞིབ་བྱས་ཡོད།

03.jpg

གནད་ཚིག《རྣམ་ཐར་དད་པའི་ལྗོན་ཤིང་།》བཅོམ་ལྡན་རལ་གྲི། ཡིག་ཆའི་རིན་ཐང་། བཀག་རྒྱ།

བཅོམ་ལྡན་རལ་གྲིའམ[1](1227-1305)མཚན་དངོས་སུ་དར་མ་རྒྱལ་མཚན་བྱ་བ་ནི་བོད་ཀྱི་ལོ་རྒྱུས་སྟེང་སྙན་གྲགས་ཤིན་ཏུ་ཆེ་བའི་མཁས་པ་ཞིག་ཡིན་ནའང་། ང་ཚོས་ཁོང་གི་སྐོར་ལ་རྒྱུས་ལོན་བྱས་པ་ཤིན་ཏུ་དཀོན་ཞེས་བརྗོད་ཀྱང་ཆོག དེའི་རྒྱུ་རྐྱེན་གཙོ་བོ་ནི། གཅིག་ནི་ཁོང་གི་གསུང་རྩོམ་དག་ལ་ཕྱིས་སུ་ཉར་ཚགས་ལེགས་པོ་མ་བྱས་པར་བརྟེན་མང་ཆེ་ཤོས་བོར་བརླག་ཏུ་སོང་འདུག་པ་དཔེར་ན།《གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག》ཅེས་པ་ད་ལྟའང་རྙེད་སོན་བྱུང་མེད་པ་ལ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་དེ་ལ་ཡིད་འཕངས་པའི་ཚུལ་བསྟན་ཡོད།[2]དེ་མིན་ཁོང་གིས་མཛད་པའི《ལུང་དགོངས་པ་རྒྱན་གྱི་མེ་ཏོག》བྱ་བ་སྟེ། ས་པཎ་གྱི《སྡོམ་གསུམ་རབ་དབྱེ》སྔ་རྒོལ་དུ་བྱས་བར་གྲགས་པའི་གསུང་གལ་ཆེན་དེ་ཡང་བོར་བརླག་བྱུང་འདུག[3]གཞན་ད་དུང་ཁོང་གིས་མཛད་པའི《ཚད་མ་རྣམ་འགྲེལ་རྒྱན་གྱི་མེ་ཏོག》ཅེས་པ་སྟེ།   མཁས་པ་མང་བོས་ལུང་དྲངས་ཡོད་པའི་ཚད་མའི་བསྟན་བཅོས་གྲགས་ཅན་དེའང་ད་ལྟ་མི་བཞུགས་པར་གྲགས། ཁོང་གི་གསུང་རྩོམ་ལས་ད་ལྟ་ང་ཚོས་མཇལ་ཐུབ་པ་དག་བསྡོམས་ན་ཆོས་ཚན་བརྒྱད་ཅུ་གྱ་གཉིས་ཙམ་བཞུགས། དེ་དག་གིས་ཁོང་གི་གསུང་རྩོམ་ཡོངས་ཀྱི་གསུམ་ཆའི་གཅིག་ཙམ་མ་གཏོགས་ཟིན་མེད་པས། བཅོམ་ལྡན་རལ་གྲིའི་སྐུ་ཚེའི་ལོ་རྒྱུས་དང་གསུང་རྩོམ། རིག་གཞུང་བསམ་བློའི་ཐད་ཀྱི་གནད་དོན་མང་བོ་ཞིག་ད་ལྟའི་བར་གསལ་འགྲོལ་བྱས་ཐུབ་མེད་པར་ལུས་འདུག

བཙུན་པ་བསམ་གཏན་བཟང་པོས་མཛད་པའི《བཅོམ་ལྡན་རིགས་པའི་རལ་གྲིའི་རྣམ་ཐར་དད་པའི་ལྗོན་ཤིང》(གཤམ་ནས《དད་པའི་ལྗོན་ཤིང》ཞེས་སུ་བརྗོད་ཡོད།)ཞེས་པ་ནི། སྤྱི་ལོ2006ལོར་ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཀྱིས་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་གསར་དུ་རྙེད་པའི་བཅོམ་ལྡན་རལ་གྲིའི་གསུང་རྩོམ་བྲིས་མ་དག་བསྐྱར་སྒྲིག་བྱས་ཏེ། གློག་རྡུལ་དཔར་མ་པོད་བཅུ་ཅན་ཞིག་པར་སྐྲུན་བྱས་པ་དེའི་གྲས་སུ་བཞུགས། དེ་ནི་མིག་སྔར་མཐོང་བའི་བཅོམ་ལྡན་རལ་གྲིའི་རྣམ་ཐར་ཡིག་ཆ་གཅིག་པུ་ཡིན། དུས་དེ་ནས་བཟུང་ཡིག་ཆ་འདི་ད་གཟོད་རིག་གཞུང་ཞིབ་འཇུག་གི་སྡེ་ནས་ཤེས་རྟོགས་བྱུང་བ་དང་། དེའི་ཡར་སྔོན་དུ་བཅོམ་ལྡན་རལ་གྲི་ནི་བཀའ་གདམས་པའི་མཁས་པ་ཞིག་ཡིན་པ་དང་། བསྟན་པ་ཕྱི་དར་གྱི་བཀའ་བསྟན་དཀར་ཆག་ཐོག་མ་བསྡུ་བསྒྲིགས་གནང་མཁན་ཞིག་ཡིན་པ་ཙམ་ལས་རྒྱུས་ལོན་གསལ་བོ་བྱུང་མེད་ལ། ཁོང་གི་འཁྲུངས་འདས་ལོ་ཚིགས་དང་མཚན་གྱི་རྣམ་གྲངས་སྐོར་ཡང་དུས་ཡུན་རིང་བོ་ཞིག་ཏུ་རིག་གཞུང་ཞིབ་འཇུག་གི་སྡེ་ནས་ནོར་འཁྲུལ་བྱུང་འདུག ལྷག་པར་དུ《དད་པའི་ལྗོན་ཤིང》ཕྱིར་བཀྲམ་པའི་ཚུན་ཆད་ཀྱི་དཔྱད་རྩོམ་ཁ་ཤས་སུ་སྔར་བཞིན་བཅོམ་ལྡན་རལ་གྲིའི་སྐོར་ནོར་བར་བསྟན་འདུག་སྟེ། དཔེར་ན། རྒྱའི་མཁས་པ་སྐུ་ཞབས་ཁྲིན་ཆིན་ཡུན(陈庆英)ལགས་ཀྱིས2016ལོར་བྲིས་པའི་དཔྱད་རྩོམ་ཞིག་ཏུ། བཅོམ་ལྡན་རལ་གྲིའི་འཁྲུངས་འདས་ལོ་ཚིགས་ནོར་བར་བསྟན་འདུག་པ་དང་།[4]དཔྱད་རྩོམ་ཁ་ཤས་སུ་བསམ་གཏན་བཟང་པོ་ནི་དུས་རབས་བཅོ་ལྔ་པར་བྱོན་པར་ཁས་བླངས་འདུག[5]དེ་ནི་གཞུང་དངོས་ལ་བརྟག་དཔྱད་མ་བྱས་པར་བཀོད་པའི་སྡོམ་ཚིག་ཅིག་ཡིན་ཏེ།《དད་པའི་ལྗོན་ཤིང》དུ་བསམ་གཏན་བཟང་པོ་ནི་བཅོམ་ལྡན་རལ་གྲི་ཡི་དངོས་སློབ་ཡིན་པར་གསལ་བོར་བསྟན་པའི་ཕྱིར། མདོར་ན། བོད་ཀྱི་ཤེས་རིག་སྤྱི་དང་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ཐད་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་པ་ཞིག་ཡིན་པའི་ཆ་ནས། བཅོམ་ལྡན་རལ་གྲི་ལ་རིག་གཞུང་ཞིབ་འཇུག་གི་སྡེར་དོ་སྣང་ཆེར་བྱུང་མེད་པ་མངོན།

04.jpg

གཅིག《རྣམ་ཐར་དད་པའི་ལྗོན་ཤིང》ལག་བྲིས་མ།

《དད་པའི་ལྗོན་ཤིང》ལ་མིག་སྔར་ལག་བྲིས་མ་གཉིས་བྱུང་ཡོད་དེ། གཤམ་དུ་བྲིས་མ-Aདང་བྲིས་མ-Bཞེས་བྱ། བྲིས་མ-Aནི། མཚན་བྱང་ལ《བཅོམ་ལྡན་པའི་རྣམ་ཐར་བཞུགས་སོ།》ཞེས་པ་དང་། དཀར་ཆག་ཨང་རྟགས། ཕྱི-ར-64 ལྡེབ་མ14ཅན། ཐིག་ཕྲེང་བརྒྱད་ཡོད། ཡིག་གཟུགས་ནི་དབུ་མེད་དཔེ་ཚུགས་ཡིན། ཤོག་བུའི་ཆེ་ཆུང་ལ33.5×7cmཡོད། སྤྱི་ལོ2010ལོར་ཕྱིར་བཏོན་པའི《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས།》སུ་བསྡུས་ཡོད། བྲིས་མ-Bནི། མཚན་བྱང་ལ《བཅོམ་ལྡན་རིག་རལ་བའི་རྣམ་ཐར་བཞུགས།》ཞེས་པ་དང་། དཀར་ཆག་ཨང་རྟགས། ཕྱི-ལ-386 ལྡེབ་མ26ཅན། ཐིག་ཕྲེང་ལྔ་ཡོད། ཡིག་གཟུགས་ནི་དབུ་མེད་འབྲུ་ཚ་ཡིན། ཤོག་བུའི་ཆེ་ཆུང་མི་གསལ། བྲིས་མ་འདི་ནི་ནང་བསྟན་དཔེ་ཚོགས་ལྟེ་གནས(BDRC)ཀྱི་དྲ་ཚིགས་སུ་བཅུག་ཡོད། དཀར་ཆག་ཨང་རྟགསW1CZ1041ཡིན།

05.png

06.png

བྲིས་མ-B

བྲིས་མ་འདི་གཉིས་ཀའི་དཀར་ཆག་ཨང་རྟགས“ཕྱི”ཞེས་གསལ་བས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་གཉར་དཔེ་ཡིན་པ་ཤེས་ཐུབ་ལ།  ཡིག་གཟུགས་དང་ཡི་གེའི་དག་ཆ། ནང་དོན་ཆད་ལྷག་བཅས་ཀྱི་ཐད་ནས་མི་འདྲ་ས་ཅུང་མང་པ་གཤམ་གསལ་ལྟར། བྲིས་མ-Aརུ་ཡིག་ནོར་ཉུང་ལ་ནང་དོན་གྱི་ཆ་ནས་ཆད་ལྷག་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན། ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཀྱིས་དག་སྒྲིག་གནང་བའི་མ་དཔེ་ཡང་བྲིས་མ་འདི་ཡིན། བྲིས་མ-Bརུ་ཡིག་ནོར་ཅུང་མང་ལ་ནང་དོན་གྱི་ཆ་ནས་ཀྱང་ཆད་ལྷག་འགའ་མཆིས་པས། ཡི་གེའི་དག་ཆ་ཅུང་ཞན་པ་ཞིག་གིས་ངོ་བཤུས་བཏབ་པ་ཤེས་ཐུབ། དཔེར་ན།  འདུལ་འཛིན་ལ་འདུ་འཛིན་ཞེས་དང་། འབྲོག་མི་ལོ་ཙཱ་བ་ལ་འགྲོག་མི་ལོ་ཙ་བ། ཐུགས་རྒྱུད་བལྟམས་པ་ལ་ཐུགས་རྒྱུད་གཏམ་པ་སོགས་བྲིས་ནོར་བྱུང་བ་ཅུང་མང་། གཞན་ཡུལ་སྐད་ཀྱི་ཤན་ཤུགས་ཀྱང་མཆིས་ཏེ། དཔེར་ན་ལྷ་སའི་སྟེང་ཁང་ལ་ལྷ་སའི་སྟེང་གང་དང་། བདེ་མཆོག་ལུ་ཨི་པ་ལ་བདེ་མཆོག་ལོ་ཨི་པ་ལྟ་བུ། དེ་མིན་ནང་དོན་གྱི་ཆ་ནས་ཀྱང་ཆད་ལྷག་ཁ་ཤས་འདུག་སྟེ། དཔེར་ན། བྲིས་མ-Aརུ་ཤེར་སྙིང་རྩ་འགྲེལ། བརྒྱད་སྟོང་དོན་བསྡུས་རྩ་འགྲེལ། ཡི་གེ་གཅིག་མ་ཞེས་པ་དང་། བྲིས་མ-Bརུ་ཤེར་སྙིང་རྩ་འགྲེལ། ཡི་གེ་གཅིག་མ་ཞེས་གཞུང་གཅིག་བར་དུ་ཆད་འདུག་ལ། ཡང་བྲིས་མ-Aརུ་ཤན་ཏི་བའི་དབུ་མ་རྒྱན་རྩ་འགྲེལ། དབུ་མའི་མན་ངག དབུ་མ་རིན་པོ་ཆེའི་སྒྲོན་མ། བྱང་ཆུབ་སེམས་འགྲེལ། ཆོས་ཀྱི་དབྱིངས་སུ་བསྟོད་པ། ཞེས་པར། བྲིས་མ-Bརུ་ཤནྟི་པའི་དབུ་མ་རྒྱན་རྩ་འགྲེལ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ཞེས་གཞུང་གསུམ་གྱི་མཚན་ཆད་ལྷག་བྱུང་འདུག

དེ་ཡང་བྲིས་མ-Aརུ་བཅོམ་ལྡན་རིགས་རལ་ཞེས་དང་བྲིས་མ-Bརུ་བཅོམ་ལྡན་རིག་རལ་ཞེས་བྲིས་འདུག འདིའི་ཐད་ལ་ལོ་རྒྱུས་ཡིག་ཆ་རྣམས་སུའང་རིག་གམ་རིགས་ཅི་རིགས་སུ་སྦྱར་ཡོད། དཔེར་ན་བཅོམ་ལྡན་རལ་གྲི་དང་དུས་མཉམ་གྱི་མཁས་པ་ནེའུ་པཎ་ཊི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱི་གསུང་དུ་སྣར་ཐང་པ་རིག་རལ་ཞེས་སྦྱར་ཡོད།[6]ཡང་འགོས་ལོ་ཙཱ་བའི་གསུང་དུ་རིགས་པའི་རལ་གྲི་ཞེས་ས་མཐའ་ཅན་བྲིས་ཡོད།[7]འདིའི་ཐད་ལ་དཔེ་རལ་གྲི་དང་སྦྱར་ན་དོན་ཤེས་རབ་ལ་འབྱོར་ཆེ་བས། རིག་པའི་རལ་གྲི་ཞེས་སྦྱར་ན་གོ་བ་འགྲིག་པར་འདོད་མཁན་ཡང་ཡོད།[8]ཡིན་ནའང་། བཅོམ་ལྡན་རལ་གྲིའི་རང་གཞུང་ཆ་ཚང་དུ་རིགས་ཞེས་ས་མཐའ་ཅན་བྲིས་ཡོད། དཔེར་ན་ཁོང་གི་གསུང་རྩོམ《ཚད་མ་བསྡུས་པ་རིགས་པའི་མཚོན་ཆ》རུ། “རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་ཡུལ་དབུས་ཀྱི་བཙུན་པ་རིགས་པའི་རལ་གྲིས་བཀོད་དོ། །”[9]ཞེས་པ་དང་། ཡང《ཚད་མ་རྣམ་ངེས་རྒྱན་གྱི་མེ་ཏོག》ཏུ། “མང་དུ་ཐོས་པའི་བཙུན་པ་རིགས་པའི་རལ་གྲིས་སྦྱར།”[10]ཞེས་གསལ། དེ་བཞིན་དུ 《མངོན་རྟོགས་རྒྱན་གྱི་མེ་ཏོག》ཏུའང་།“ཡུལ་དབུས་ཀྱི་བཙུན་པ་རིགས་པའི་རལ་གྲིས་སྦྱར།”[11]ཞེས་བཀོད་འདུག་པས། འདིའི་ཐད་ནས་བྲིས་མ-Aཡི་འབྲི་སྟངས་དེ་བཅོམ་ལྡན་རལ་གྲིའི་རང་གཞུང་དག་དང་མཐུན།

གོང་གི་སྒྲུབ་བྱེད་དེ་དག་ལ་བརྟེན་ནས། འདིར་རང་ལུགས་ལ་བྲིས་མ-Aདེ་དུས་ཀྱི་ཆ་ནས་བྲིས་མ-Bལས་ཅུང་སྔ་བར་འདོད། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་མང་པོ་ཞིག་ལ་བྲིས་མ་གཉིས་སམ་གསུམ་བྱུང་ཡོད་པས། ང་ཚོས་བྲིས་མ་མི་འདྲ་བ་དག་གཤིབ་བསྡུར་བྱས་ཚེ། ད་གཟོད་ཡིག་ཆ་དེ་དག་གི་དུས་སྔ་ཕྱི་དང་ནང་དོན་ཐད་ཀྱི་འགྱུར་བ་སོགས་ལ་གོ་བ་ཅུང་ཆ་ཚང་རྙེད་ཐུབ།

གཉིས།《རྣམ་ཐར་དད་པའི་ལྗོན་ཤིང》གི་རྩོམ་པ་པོའི་སྐོར།

དེ་ཡང་བསམ་གཏན་བཟང་པོའི་ལོ་རྒྱུས་ཞིབ་ཆ་ཅན་ཞིག་ད་ཕན་བར་མ་རྙེད་ལ།《དད་པའི་ལྗོན་ཤིང》དུའང་བརྩམས་གྲུབ་ཀྱི་ལོ་ཚིགས་སོགས་གསལ་བོར་བསྟན་མེད། དེ་ལྟ་ནའང་། གང་ཉིད་ཀྱིས་མཛད་པའི་གསུང་རྩོམ་དག་ཏུ་ལོ་ཚིགས་འགའ་ཐོན་འདུག་པས། གཤམ་དུ་དེ་དག་དང་འབྲེལ་ནས་ཁོང་གི་ལོ་རྒྱུས་སྐོར་ཅུང་དཔྱད་པར་བྱ། བསམ་གཏན་བཟང་པོས་བརྩམས་པའི《འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་ཊཱིཀྐ་ལེགས་བཤད་རྒྱ་མཚོ》ཞེས་པར། “དཀའ་བཞི་བ་ཤེས་རབ་སེང་གེའི་གསུང་ལ་བརྟེན་ནས་མང་དུ་ཐོས་པ་བསམ་གཏན་བཟང་པོས་རྣམ་གཡེང་སྤངས་ཏེ། གདོང་ངན་གྱི་ལོ་ས་གའི་དཀར་ཕྱོགས་ཚེས་བརྒྱད་ལ་དཔལ་སྣར་ཐང་གི་གཙུག་ལག་ཁང་ཆེན་པོར་རྫོགས་པར་སྦྱར་བའོ། །”[12]ཞེས་བསྟན་བཅོས་འདི་བརྩམས་པའི་ལོ་ཚིགས་དང་ཁོང་གི་དགེ་རྒན་གྱི་མཚན་གཉིས་གསལ་བོར་བཀོད་འདུག

འོ་ན་གདོང་ངན་གྱི་ལོ་ཞེས་པ་ལོ་ཚིགས་གང་ལ་ཁེལ་འདུག་ཞེ་ན།《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》དང《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས》གཉིས་ཀར། གདོང་ངན་གྱི་ལོ་ནི་བོད་རབ་བྱུང་བརྒྱད་པའི་མེ་སྤྲེལ་དེ་སྤྱི་ལོ1476ལོ་ཡིན་པར་བསྟན་ཏེ། བསམ་གཏན་བཟང་པོ་ཕལ་ཆེར་དུས་རབས་བཅོ་ལྔ་པའི་སྟོད་ཙམ་དུ་བྱོན་པར་ཚོད་དཔོག་བྱས་ཡོད།[13]འདི་ཤིན་ཏུ་མི་འཐད་དེ། གཅིག་ནས་བསམ་གཏན་བཟང་པོས་བརྩམས་པའི《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱན་བསྟན་བཅོས་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་མདོའི་དོན་གསལ་བར་བྱེད་པ》ཞེས་པར། “ཐམས་ཅད་མཁྱེན་པ་བླ་མ་བཀའ་བཞི་བ་ཤེས་རབ་སེང་གེ་དང་། ཁམས་གསུམ་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཤེས་བྱ་ཀུན་ལ་ལྟ་བའི་མིག་ཅིག་པོར[གཅིག་པུར]གྱུར་པ་མཁས་པ་ཆེན་པོ་བུ་སྟོན་གྱི་གསུང་ནི་མན་ངག་གིས་བརྒྱན་ཏེ། དགའ་བའི་ལོ་ལ་དཔལ་ལྡན་སྣར་ཐང་གི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའོ། །”[14]ཞེས་དགའ་བའི་ལོ་ནི་བོད་རབ་བྱུང་ལྔ་བའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ1352ལ་ཁེལ་འདུག་པའི་ཕྱིར། གཉིས་ནས་བསམ་གཏན་བཟང་པོ་ནི་བཅོམ་ལྡན་རལ་གྲིའི་དངོས་སློབ་ཡིན་ཏེ།《དད་པའི་ལྗོན་ཤིང》དུ། “གཞན་མངོན་པར་རྟོགས་པའི་ཡོན་ཏན་རྒྱ་ཆེར་མངའ་བའི་རྒྱུ་མཚན་མང་དུ་ཡོད་མོད་ཀྱི་བླ་མ[བཅོམ་ལྡན་རལ་གྲི]ཉིད་ཀྱང་ཞིབ་པར་མི་གསུངས་ལ། བདག་གིས་ཀྱང་སྒྲོ་སྐུར་དུ་འགྱུར་དུ་དོགས་པ་རྣམས་མ་བྲིས་སོ། །”[15]ཞེས་གསལ་བས། གལ་ཏེ་བསམ་གཏན་བཟང་པོ་དུས་རབས་བཅོ་ལྔ་བར་བྱོན་ཚེ་བཅོམ་ལྡན་རལ་གྲིའི་ཞབས་ཟིན་ཐབས་བྲལ་བའི་ཕྱིར། དེ་བས་རང་ལུགས་ལ། གདོང་ངན་གྱི་ལོ་ནི་བོད་རབ་བྱུང་ལྔ་བའི་མེ་སྤྲེལ་ཏེ་སྤྱི་ལོ1356ལ་ཁེལ་འདུག་པ་དང་། བསམ་གཏན་བཟང་པོ་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ལམ་དུས་སྨད་ཙམ་དུ་འཁྲུངས་པར་འདོད།

འོ་ན། གོང་དུ་བཀོད་པའི་ཤེས་རབ་སེང་གེ་ཞེས་པ་སུ་ཡིན་ནམ་ཞེ་ན། དུས་རབས་བཅོ་ལྔ་བའི་ཡར་སྔོན་དུ་བོད་ཀྱི་ལོ་རྒྱུས་སྟེང་ཤེས་རབ་སེང་གེ་ཞེས་མཚན་གཅིག་པའི་མཁས་པ་གྲགས་ཅན་གཉིས་བྱོན་འདུག་སྟེ། དང་པོ་ནི་རོང་པ་ཤེས་རབ་སེང་གེ(1251-1315)བྱ་བ་སྟེ། བཅོམ་ལྡན་རལ་གྲི་དང་དུས་མཉམ་གྱི་བཀའ་གདམས་པའི་མཁས་པ་ཞིག་ཡིན། རང་ལུགས་ལ། བསམ་གཏན་བཟང་པོའི་གསུང་དུ་ཐོན་པའི་དཀའ་བཞི་བ་ཤེས་རབ་སེང་གེ་ཞེས་པ་དང་འདི་གཉིས་གང་ཟག་གཅིག་ཡིན་པར་འདོད། གཉིས་པ་ནི་སྣར་ཐང་པ་ཤེས་རབ་སེང་གེ(1382-1445)སྟེ། འདི་ཉིད་རྗེ་ཙོང་ཁ་པའི་དངོས་སློབ་ཡིན་ལ། དགེ་ལུགས་པའི་རྒྱུད་སྨད་གྲྭ་ཚང་འདེབས་མཁན་ཡང་ཡིན། དེ་བས《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》དང《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས》བྱེད་མཁན་གྱིས་བསམ་གཏན་བཟང་པོའི་གསུང་དུ་ཐོན་པའི་དཀའ་བཞི་བ་ཤེས་རབ་སེང་གེ་ཞེས་པ་དང་འདི་གཉིས་གང་ཟག་གཅིག་ཏུ་འཁྲུལ་བར་བརྟེན། བསམ་གཏན་བཟང་པོ་དུས་རབས་བཅོ་ལྔ་བར་བྱོན་པར་ཚོད་དཔོག་བྱས་པ་ཡིན་ནམ་སྙམ།

དེ་ཡང་ལོ་རྒྱུས་ཡིག་ཆ་ཁ་ཤས་སུ་མཆིམས་བསམ་གཏན་བཟང་པོ་ཞེས་པའི་གང་ཟག་ཅིག་བཀོད་འདུག་སྟེ། པཎ་ཆེན་ཤཱཀྱ་མཆོག་ལྡན(1428-1507)གྱི་རྣམ་ཐར་དུ། “གཙང་ཕྱོགས་ན་མཆིམས་ནམ་མཁའ་གྲགས་དང་། མཆིམས་བློ་བཟང་པ། མཆིམས་བསམ་གཏན་བཟང་པོ་སོགས་ཀྱི་ཊཱི་ཀ་མང་དུ་འདུག་གོ །”[16]ཞེས་མངོན་པ་མཛོད་སྒེར་ཆོས་སུ་བཟུང་པའི་མཆིམས་གདུང་རྒྱུད་ཀྱི་མཁས་པའི་གྲས་སུ་མཆིམས་བསམ་གཏན་བཟང་པོ་ཞེས་པ་ཞིག་དྲངས་འདུག འོ་ན་འདི་དང《དད་པའི་ལྗོན་ཤིང》གི་རྩོམ་པ་པོ་གཉིས་གང་ཟག་གཅིག་ཡིན་ནམ་ཞེ་ན། འདིའི་ཐད་ལ་པཎ་ཆེན་བསོད་ནམས་གྲགས་པ(1478-1554)ཡིས་བརྩམས་པའི་མངོན་པ་མཛོད་ཀྱི་འགྲེལ་བར། “མཆིམས་བསམ་གཏན་བཟང་པོའི་མཛོད་ཊིཀར་སོགས་ཞིབ་ཏུ་བལྟས་ནས།་་་་་་”ཞེས་ལུང་འདྲེན་ཞིག་གི་མཚམས་སུ་མཆིམས་བསམ་གཏན་བཟང་པོས་བརྩམས་པའི་མཛོད་ཀྱི་འགྲེལ་བ་ཞིག་དྲངས་འདུག ཁོ་བོས་བསྟན་བཅོས་འདི་དང་བསམ་གཏན་བཟང་པོས་བརྩམས་པའི《ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་གཞུང་དོན་གསལ་བའི་མན་ངག》[17]ཅེས་པ་གཉིས་བསྟན་བཅོས་གཅིག་ཡིན་པར་འདོད། དེར་བརྟེན་ང་ཚོས་བསམ་གཏན་བཟང་པོ་མཆིམས་གདུང་རྒྱུད་ཀྱི་མཁས་པ་ཞིག་ཡིན་པ་ཤེས་ཐུབ།

རང་ལུགས་ལ།《དད་པའི་ལྗོན་ཤིང》གི་རྩོམ་པ་པོ་བཙུན་པ་བསམ་གཏན་བཟང་པོ་ནི། དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ་མཆིམས་གདུང་རྒྱུད་དུ་སྐུ་འཁྲུངས་པ་དང་། སྣར་ཐང་དུ་བཅོམ་ལྡན་རལ་གྲི་དང་རོང་པ་ཤེས་རབ་སེང་གེ་སོགས་བསྟེན་ནས་མཁས་པར་གྱུར་པ། ཁོང་དང་སྣར་ཐང་གདན་རབས་བཅུ་གཉིས་པ་མཆིམས་བློ་བཟང་གྲགས་པ(1299-1375)གཉིས་ཕལ་ཆེར་དུས་མཉམ་གྱི་མཁས་པ་ཡིན། ཁོང་གི་གསུང་རྩོམ་ལས་ད་ལྟ་ང་ཚོས་མཇལ་ཐུབ་པ་ཆོས་ཚན་མི་འདྲ་བ་ལྔ་བཞུགས། དེ་དག་ལས《དད་པའི་ལྗོན་ཤིང》ནི་ཕལ་ཆེར་དུས་རབས་བཅུ་བཞི་བའི་དུས་མགོ་ཙམ་སྟེ། བཅོམ་ལྡན་རལ་གྲི་སྐུ་གཤེགས(1305ལོ)ནས་ཡུན་རིང་མ་འགོར་བར། གང་ཉིད་ཀྱི་དབོན་པོ་བསོད་ནམས་ལྷུན་པོ་ཤེས་རབ་ཀྱི་རྒྱལ་མཚན་གྱིས་བསྐུལ་མ་གནང་པར་བརྟེན་བཙུན་པ་བསམ་གཏན་བཟང་པོས་བརྩམས་པའོ། །[18]

07.jpg

གཅིག སྒྲིག་གཞིའི་ཁྱད་ཆོས།

དེ་ཡང་བཀའ་གདམས་པའི་རྣམ་ཐར་ཡིག་ཆ་མང་ཆེ་ཤོས་སྒྲིག་གཞིའི་ཆ་ནས་གཙོ་བོ་གདུང་རྒྱུད་ཀྱི་ཆེ་བ་དང་ཐོས་བསམ་གྱི་རིམ་པ། མཛད་པ་འཕྲིན་ལས་བཅས་གསུམ་དུ་འདུས་ཡོད། དཔེར་ན། དུས་རབས་བཅུ་གསུམ་པར་བརྩམས་པའི《སྣར་ཐང་གསེར་ཕྲེང》ཞེས་པ་སྟེ། བཀའ་གདམས་པའི་བླ་བརྒྱུད་དང་སྣར་ཐང་གདན་རབས་རིམ་བྱོན་གྱི་རྣམ་ཐར་ཕྱོགས་གཅིག་ཏུ་བསྡོམས་པའི་ཡིག་ཆ་དེ་རུའང་། སྒྲིག་གཞིའི་ཆ་ནས་གཙོ་བོ་གདུང་རྒྱུད་ཀྱི་ཆེ་བ་དང་། སྦྱངས་པའི་ཡོན་ཏན་གྱི་ཆེ་བ། མཛད་པ་འཕྲིན་ལས་ཀྱི་ཆེ་བ་འདི་གསུམ་དུ་བསྡུས་ཡོད།[19]

《དད་པའི་ལྗོན་ཤིང》ཡང་སྒྲིག་གཞིའི་ཆ་ནས་གོང་གི་དེ་གསུམ་དུ་དགར་ཡོད། འདིར་དམིགས་སུ་ཞུ་དགོས་པ་ཞིག་ལ། 《དད་པའི་ལྗོན་ཤིང》དུ། བཅོམ་ལྡན་རལ་གྲིས་བརྩམས་པའི་གསུང་རྩོམ་དག་གཞུང་ལུགས་ཆེན་པོའི་རྣམ་བཤད་དང་། རང་གི་བཞེད་གཞུང་འཆད་པའི་བསྟན་བཅོས། སྒྲུབ་ཐབས་དང་མན་ངག་གི་ཡི་གེ་བཅས་རིགས་གསུམ་དུ་བསྡུས་ཡོད། འདི་ནི《དད་པའི་ལྗོན་ཤིང》གི་སྒྲིག་གཞིའི་ཁྱད་ཆོས་གཙོ་བོ་གཅིག་སྟེ། ལྷག་པར་དུ“རང་གི་བཞེད་གཞུང་འཆད་པའི་བསྟན་བཅོས”ཞེས་པར། བཅོམ་ལྡན་རལ་གྲིའི་རིག་གཞུང་བསམ་བློ་དང་ལྟ་དགོངས་མཚོན་ནུས་པའི་གསུང་རྩོམ་སུམ་བཅུ་ཐམ་པའི་མཚན་ཐོ་བཀོད་ཡོད།[20]དེ་ལས་ཕྱོགས་གཅིག་ནས་རྩོམ་པ་པོ་བསམ་གཏན་བཟང་པོ་ཁོང་གི་བླ་མའི་གསུང་དག་ལ་ཐུགས་རྒྱུས་ཡངས་པ་མཚོན་ཐུབ་ལ། ཕྱོགས་གཉིས་ནས་བཅོམ་ལྡན་རལ་གྲིའི་རིག་གཞུང་བསམ་བློའི་ཞིབ་འཇུག་ཐད་ལ་ཁ་ཕྱོགས་གསལ་པོ་ཞིག་ཀྱང་བསྟན་ཡོད་པས། རིག་གཞུང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ།《དད་པའི་ལྗོན་ཤིང》གི་སྒྲིག་གཞིའི་ཁྱད་ཆོས་གཞན་ཞིག་ནི། བཅོམ་ལྡན་རལ་གྲིས་བསྟེན་པའི་བླ་མའི་མཚན་ཐོ་ཆ་ཚང་ཞིག་བཀོད་ཡོད། དེ་ལ་བརྟེན་ནས་ང་ཚོས་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་དང་མཁས་པ་ཕན་ཚུན་བར་གྱི་འབྲེལ་བ། དེ་དག་གི་ལྟ་བའི་ཁྱད་པར་སོགས་ཤེས་བྱེད་ལ་ཕན་ཐོགས་ཆེན་པོ་ལྡན་པས་ལོ་རྒྱུས་ཀྱི་རིན་ཐང་ཤིན་ཏུ་ཆེ།

08.png

09.jpg

རེའུ་མིག-1

གཉིས། ནང་དོན་དང་ཡིག་ཆའི་རིན་ཐང་།

《དད་པའི་ལྗོན་ཤིང》ཕྱིར་བཀྲམ་པ་ལ་བརྟེན་ནས་ང་ཚོས་བཅོམ་ལྡན་རལ་གྲིའི་སྐུ་ཚེའི་ལོ་རྒྱུས་མང་པོ་ཞིག་ལ་གསར་དུ་ཤེས་རྟོགས་བྱུང་ཡོད། གཤམ་དུ་རྣམ་ཐར་འདིའི་ནང་དོན་དག་ཚན་པ་གསུམ་དུ་བཀར་ནས་དཔྱད་པར་བྱ།

དང་པོ་ནི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་སྟེ། ཚན་པ་འདིར་གཙོ་བོ་བཅོམ་ལྡན་རལ་གྲིའི་འཁྲུངས་ཡུལ་དང་ལོ་ཚིགས། མཚན་གྱི་རྣམ་གྲངས། ཡབ་ཡུམ་སྤུན་མཆེད་སོགས་ཀྱི་གནས་ཚུལ་རགས་བསྡུས་ཙམ་བཀོད་ཡོད། ལྷག་པར་དུ་བཅོམ་ལྡན་རལ་གྲིའི་འཁྲུངས་ལོ་ནི་སྤྱི་ལོ1227ལོ་ཡིན་པ་དང་། མཚན་དངོས་ལ་དར་མ་རྒྱལ་མཚན་དུ་གསོལ་བ་ཐོག་དང་པོར་གསལ་པོར་བསྟན། སྒྲུབ་བྱེད་འདི་ལ་བརྟེན་ནས་ང་ཚོས་བཅོམ་ལྡན་རལ་གྲིས་བརྩམས་པའི་གསུང་རྩོམ་སྐོར་ཞིག་གསར་དུ་ངོས་འཛིན་བྱེད་ཐུབ་པས་ལོ་རྒྱུས་ཀྱི་རིན་ཐང་ཤིན་ཏུ་ཆེ། དཔེར་ན《འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་པའི་དཔེ་རྙིང་བྲིས་མ་དག་གི་དཀར་ཆག》ཏུ་ཆོས་ཚན་མི་འདྲ་བ་གསུམ་གྱི་མཛད་པོ་པོའི་མཚན་ལ་སྣར་ཐང་བ་ཆོས་ཀྱི་རྒྱལ་མཚན་ཞེས་བཀོད་འདུག[21]དེ་བཞིན་དུ《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས》སུ་བསྡུས་པའི《མི་གཡོ་བའི་དམིགས་པ་སྐོར་གསུམ》བྱ་བའི་མཇུག་བྱང་དུའང་། “བླ་མ་སྣར་ཐང་པ་བརྒྱད་པར་བྱོན་པ་དེས་བཙུན་པ་ཆོས་ཀྱི་རྒྱལ་མཚན་ལ་གནང་སྟེ་བྲིས་ཤིང་ཞུས་དགེའོ། །”[22]ཞེས་སྣར་ཐང་པ་བརྒྱད་པ་ནི་བཅོམ་ལྡན་རལ་གྲིའི་དགེ་རྒན་ཏེ་སྣར་ཐང་གདན་རབས་བརྒྱད་པ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས(1219-1299)ཡིན་ལ། ཆོས་ཀྱི་རྒྱལ་མཚན་ཞེས་པ་བཅོམ་ལྡན་རལ་གྲི་ལ་གོ་དགོས་པ་ཤེས་ཐུབ། འདིར་གསལ་བཤད་ཞུ་དགོས་པ་ལ། ‘དར་མ’ནི‘ཆོས’ཀྱི་ལེགས་སྦྱར་གྱི་སྐད་དོད་ཡིན་པས། དར་མ་རྒྱལ་མཚན་ནམ་ཆོས་ཀྱི་རྒྱལ་མཚན་གཉིས་ཀ་བཅོམ་ལྡན་རལ་གྲིའི་མིང་གི་རྣམ་གྲངས་ཡིན། དཔེར་ན་རོང་སྟོན་ཤཱཀྱ་རྒྱལ་མཚན(1367-1449)གྱིས་བརྩམས་པའི《བཅོམ་ལྡན་རིགས་པའི་རལ་གྲིའམ་མཚན་དངོས་ཆོས་ཀྱི་རྒྱལ་མཚན་ལ་བསྟོད་པ་སྨྲ་བའི་རྒྱན》ཞེས་པའི་མཚན་བྱང་འདི་ལས་ཀྱང་གསལ་བོ་ཤེས་ཐུབ། དེ་བས་དཔྱད་འབྲས་ཁ་ཤས་སུ། དར་མ་རྒྱལ་མཚན་དང་ཆོས་ཀྱི་རྒྱལ་མཚན་གཉིས་བཅོམ་ལྡན་རལ་གྲིའི་མཚན་གྱི་རྣམ་གྲངས་སུ་མ་ཤེས་པར་གང་ཟག་སོ་སོར་བཀྲལ་འདུག་པ་དེ་ཡང་། དོན་ལ་‘དར་མ’ཞེས་པ‘ཆོས’ཀྱི་སྐད་དོད་ཏུ་མ་ཤེས་པས་ལན་པ་རེད།

གཉིས་པ་ནི་ཐོས་བསམ་གྱི་རིམ་པ་སྟེ། ཚན་པ་འདིར་གཙོ་བོ་བཅོམ་ལྡན་རལ་གྲིས་བསྟེན་པའི་དགེ་རྒན་སུམ་ཅུ་ལྷག་གི་མཚན་དང་། དེ་དག་གི་མདུན་ནས་གསན་པའི་གཞུང་ལུགས་ཀྱི་རྣམ་གྲངས་ཞིབ་རྒྱས་ཤིག་བཀོད་ཡོད། ཡིན་ནའང་།《དད་པའི་ལྗོན་ཤིང》དུ། སྣར་ཐང་གདན་རབས་བརྒྱད་པ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་སྐོར་ཚིག་ཙམ་ཡང་གླེང་མེད་དེ། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ནི་བཅོམ་ལྡན་རལ་གྲི་ལ་ཤུགས་རྐྱེན་ཆེ་བའི་དགེ་རྒན་ཞིག་ཡིན་ལ། ལྷག་པར་དུ་ཚད་མའི་གཞུང་ལུགས་དག་བླ་མ་འདི་ཉིད་ལས་གསན་པས། རྩོམ་པ་པོ་བསམ་གཏན་བཟང་པོས་དེའི་སྐོར་གླེང་མེད་པ་ནི་ཅུང་བློ་ཡུལ་ལས་འདས་པ་ཞིག་རེད།

གསུམ་པ་ནི་མཛད་པ་འཕྲིན་ལས་ཏེ། ཚན་པ་འདིར་གཙོ་བོ་བཅོམ་ལྡན་རལ་གྲིའི་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་མདོར་བསྡུས་པར་བསྟན་ཡོད། ཐོག་མར་འཆད་པའི་ཆ་ལ།《དད་པའི་ལྗོན་ཤིང》དུ། “བཅོམ་ལྡན་རལ་གྲིས་སྣར་ཐང་དུ་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་སྨིན་པར་མཛད་དེ། སྡེ་སྣོད་འཛིན་པ་སྟོང་ཕྲག་ལྷག་པ་ཐོན་ཅིང་དགེ་བའི་བཤེས་གཉེན་འགྲོ་བའི་གསོས་སྨན་དུ་གྱུར་པའང་ལྔ་བརྒྱ་ལྷག་བྱུང་ངོ་། །”[23]ཞེས་པ་ནི་ཆེ་བརྗོད་ཙམ་མ་ཡིན་སྙམ་ཏེ།《དེབ་ཐེར་སྔོན་པོ》རུ། “བཅོམ་ལྡན་རིགས་པའི་རལ་གྲི་ལ་སློབ་མ་ཤིན་ཏུ་མཁས་པ་མང་བར་བྱུང་ཞིང་། དབུས་གཙང་གི་སྡེ་སྣོད་འཛིན་པའི་སུམ་གཉིས་སྣར་ཐང་དུ་འདུས་པར་གྲགས།”[24]ཞེས་པ་དང་། དེ་མིན་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་རྣམ་ཐར་དུའང་། “མདོར་ན་གངས་ཅན་གྱི་ལྗོངས་འདིར་སྐུ་ཚེ་དང་བཤད་ཉན་མཉམ་པར་མཛད་ནས། དངོས་ཀྱི་སློབ་མའི་གྲངས་མཐའ་ཡས་པ་བྱུང་བ་ནི། བདག་ཉིད་ཆེན་པོ་འདི་ཉིད[རོང་སྟོན]དང་། བཅོམ་ལྡན་རིགས་པའི་རལ་གྲི་དང་། སློབ་དཔོན་ཕྱྭ་པ་གསུམ་ལས་ལྷག་པ་གཞན་མེད་དོ། །”[25]ཞེས་བཅོམ་ལྡན་རལ་གྲི་ལ་དངོས་འབྲེལ་གྱི་སློབ་བུ་ཤིན་ཏུ་མང་པོ་བྱུང་ཡོད་པ་ཡིག་ཆ་ཀུན་ཞལ་མཐུན། དེ་བས་ཁོང་གིས་དཔལ་ལྡན་སྣར་ཐང་གི་གདན་ས་མ་མཛད་ཀྱང་བུ་སློབ་བསྐྱངས་པའི་གྲངས་ནི་གདན་ས་པ་གཞན་རྣམས་ལས་རིང་དུ་བརྒལ་འདུག་པར་བཤད་ཆོག་སྙམ།ནུབ་ཕྱོགས་ཀྱི་བོད་རིག་པའི་མཁས་པ་ཏཱན་མར་ཏེན(Dan Martin)གྱིས་བུ་སྟོན་རིན་ཆེན་གྲུབ(1290-1364)དང་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ(1230-1308) གཉིས་ཀྱང་བཅོམ་ལྡན་རལ་གྲིའི་སློབ་མ་ཡིན་པར་བསྟན་ཡོད།[26]གྲུབ་ཆེན་ཨུ་རྒྱན་པས་བཅོམ་ལྡན་རལ་གྲི་བླ་མར་བསྟེན་མྱོང་པ་གང་ཉིད་ཀྱི་རྣམ་ཐར་དུ་གསལ་ལ།[27]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ(1523-1596)ཡི་བསྟན་རྩིས་སུའང་། “[གྲུབ་ཆེན་ཨུ་རྒྱན་པ]བཅུ་དྲུག་པ་ལ་རྒོད་ཚང་པ་ལས་དགེ་བསྙེན་མཛད། བོ་དོང་རིན་རྩེ། བཅོམ་ལྡན་རལ་གྲི། གོ་ལུང་པ་མདོ་དཔལ་སོགས་ལ་མདོ་ཕྱོགས་གསན།”[28]ཞེས་གསལ་བས་དོགས་པ་མེད། ཡིན་ནའང་བུ་སྟོན་གྱིས་བཅོམ་ལྡན་རལ་གྲི་དགེ་རྒན་དུ་བསྟེན་མྱོང་པའི་སྒྲུབ་བྱེད་སོགས་ཁོ་བོས་ད་ཕན་བར་མ་རྙེད་ལ། ཏཱན་མར་ཏེན་གྱིས་ཀྱང་དེའི་ཐད་ཀྱི་ཡིག་ཆའི་ཁུངས་བསྟན་མེད་པས། གནས་སྐབས་སུ་དཔྱད་པར་མ་ཕོད།

དེ་ནས་རྩོད་པའི་མཛད་པ་སྟེ།《དད་པའི་ལྗོན་ཤིང》དུ། བཅོམ་ལྡན་རལ་གྲི་ས་པཎ་གྱི་གཤེགས་རྫོངས་དང་།(1251ལོ)ཆུ་མིག་ཆོས་འཁོར།(1277ལོ)འགྲོ་མགོན་འཕགས་པའི་གཤེགས་རྗོངས(1280ལོ)སོགས་སྐབས་དེའི་སྐད་གྲགས་ཆེ་བའི་ཆོས་འཁོར་མང་པོར་ཕེབས་ནས་རྩོད་པའི་སེང་གེའི་ང་རོས་རྒོལ་བ་མང་པོ་སུན་ཕྱུང་བར་བྲིས་ཡོད། སྤྱིར་བཅོམ་ལྡན་རལ་གྲི་འདི་ཉིད་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་པ་མ་ཟད། ལྟ་བའི་གདེངས་མཐོ་ཞིང་དཔྱད་པའི་ཆ་ལའང་མཁས་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པས། དུས་མཉམ་གྱི་མཁས་པ་མང་པོ་དང་ལྟ་བའི་ཆ་ནས་རྩོད་པ་བྱུང་ཡོད། དཔེར་ན། ཁོང་གིས་བསྟན་པའི་འཕེལ་རིམ་ལ་སྔ་ཕྱི་བར་གསུམ་གྱི་རྣམ་གཞག་ཕྱེས་པ་དང་། དུས་འཁོར་གྱི་རྒྱུད་ཕྱི་ནང་འདྲེས་པའི་བསྟན་བཅོས་སུ་བསྟན་པ། རྙིང་མའི་རྒྱུད《གསང་པ་སྙིང་པོ》བཀའ་ཡང་དག་ཏུ་སྒྲུབ་པ། ས་པཎ་གྱི《སྡོམ་གསུམ་རབ་དབྱེ》རྒྱ་ཆེར་བཀག་པ་སོགས་མཁས་པ་གཞན་དང་མི་མཐུན་པའི་ལྟ་ཚུལ་མང་པོ་བཏོན་ཡོད་པས། དུས་སྐབས་དེར་རྩོད་གཞི་ཅན་གྱི་མཁས་པ་ཞིག་ཏུ་གྱུར་འདུག

དེ་ནས་རྩོམ་པའི་ཐད་ལ། བཅོམ་ལྡན་རལ་གྲིས་སྐུ་ཚེ་ཧྲིལ་བོར་བསྟན་བཅོས་མང་དུ་མཛད་ལ།《དད་པའི་ལྗོན་ཤིང》དུ། “ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ཀྱང་། མཁན་པོ་འདུལ་བ་འཛིན་པ་ཆེན་པོའི་བདག་རྐྱེན་ལ་བརྟེན་ནས་སྤྱིར་བསྡོམས་ཏེ་བཞེངས་ནས་སྣར་ཐང་གི་གཟིམས་ཁང་དུ་བཞུགས།”[29]ཞེས་གང་ཉིད་ཀྱི་གསུང་རྩོམ་དག་སྣར་ཐང་གི་གདན་རབས་བཅུ་བ་ཟེའུ་འདུལ་འཛིན་གྲགས་པ་བརྩོན་འགྲུས(1253-1316)ཀྱིས་ཕྱོགས་གཅིག་ཏུ་བསྡོམས་ནས་བཞེངས་པར་གསལ་ལ། འདི་ནི་ལོ་རྒྱུས་སྟེང་བཅོམ་ལྡན་རལ་གྲིའི་གསུང་འབུམ་ཕྱོགས་བསྒྲིགས་ཐོག་མ་དེ་ཡིན་སྲིད། བཅོམ་ལྡན་རལ་གྲིས་གསུང་རྩོམ་ཅི་ཙམ་མཛད་པའི་སྐོར་ནས《དད་པའི་ལྗོན་ཤིང》དུ་གསལ་པོར་བསྟན་མེད་མོད། 《དེབ་ཐེར་སྔོན་པོ》རུ། “བཅོམ་ལྡན་པས་བསྟན་བཅོས་ཀྱང་པུ་སྟི་བཅུ་དྲུག་ཙམ་བརྩམས།”[30]ཞེས་པ་དོན་ལ་གནས་སྙམ་ཏེ། བཅོམ་ལྡན་རལ་གྲིས་བརྩམས་པའི《ཤཱཀྱའི་བསྟན་ལ་རང་གིས་བསྟན་བཅོས་ཇི་ཙམ་བརྩམས་པའི་ཚུལ》ཞེས་པའི་གསུང་རྩོམ་ཐོ་ཡིག་དེར་ཆོས་ཚན་མི་འདྲ་བ་སུམ་བརྒྱ་དང་སུམ་ཅུ་སོ་གཉིས་བསྡུས་ཡོད་ལ།[31]གཞན་ད་དུང་དེར་མ་འདུས་པ་འགའ་ཡང་བཞུགས་པས་ཆ་ཚང་བསྡོམས་ན་ཅིས་ཀྱང་པོད་བཅུ་དྲུག་ཡོད་སྲིད། དེར་བརྟེན། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས“བཅོམ་ལྡན་རལ་གྲིས་དགོངས་པ་འགྲེལ་བའི་བསྟན་བཅོས་ལྔ་བརྒྱ་ཕྲག་གཅིག་མཛད།”[32]ཅེས་གསུངས་པའང་ཆེ་བརྗོད་ཀྱི་གཏམ་ཁོ་ན་ཙམ་མ་ཡིན་པ་ཤེས་ཐུབ།

གོང་དུ《དད་པའི་ལྗོན་ཤིང》གི་སྒྲིག་གཞི་དང་ནང་དོན། ཡིག་ཆའི་རིན་ཐང་བཅས་ཀྱི་ཐད་ལ་དཔྱད་པ་བགྱིས་ཟིན། འདི་ལ་བརྟེན་ནས་བཅོམ་ལྡན་རལ་གྲི་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོགས་པ་མང་པོ་ཞིག་སེལ་ཐུབ་པ་བྱུང་། དེ་ལྟ་ནའང་། རྣམ་ཐར་འདིར་བཅོམ་ལྡན་རལ་གྲིའི་སྐུ་ཚེའི་ལོ་རྒྱུས་གལ་ཆེན་ཁ་ཤས་གླེང་མེད་པས། གཤམ་དུ《དད་པའི་ལྗོན་ཤིང》དང་ལོ་རྒྱུས་ཡིག་ཆ་གཞན་དག་གཤིབ་བསྡུར་གྱིས་འབྲེལ་ཡོད་ལོ་རྒྱུས་ལ་དཔྱད་པར་བྱ།

10.jpg

བོད་ཀྱི་ལོ་རྒྱུས་ཡིག་ཚངས་དག་ཏུ་བཅོམ་ལྡན་རལ་གྲི་དང་འབྲེལ་བའི་གཏམ་ཞིབ་རྩིང་རྒྱས་བསྡུས་ཅི་རིགས་བཞུགས་མོད། ཕལ་ཆེ་བ་ཆེ་ལོང་ཙམ་དང་ངག་རྒྱུན་ཐན་ཐུན་ཙམ་དུ་ཟད། དེ་དག་ལས《དེབ་ཐེར་སྔོན་པོ》ནི་བཅོམ་ལྡན་རལ་གྲིའི་ལོ་རྒྱུས་ཅུང་རྒྱས་པར་བཀོད་པའི་ཡིག་ཆ་གཅིག་ཡིན། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དཔའ་བོ་གཙུག་ལག་ཕྲེང་པ་དང་ལས་ཆེན་ཀུན་དགའ་རྒྱལ་མཚན་སོགས་ཀྱང་བཅོམ་ལྡན་རལ་གྲིའི་ལོ་རྒྱུས་ཐད་ནས《དེབ་ཐེར་སྔོན་པོ》ཡི་རྗེས་སུ་འབྲངས་ཡོད།[33]

གཅིག བཅོམ་ལྡན་རལ་གྲི་སྐུ་བསྙུན་བཞེས་པའི་སྐོར།

ཡོངས་གྲགས་སུ། བཅོམ་ལྡན་རལ་གྲི་སྐུ་ན་གཞོན་དུས་མཛེ་ནད་ལྕི་མོ་ཞིག་ཕོག་མྱོང་པའི་ལོ་རྒྱུས་ཡོད། འདིའི་སྐོར་ཐོག་མར་འབྱུང་ས་ནི《དེབ་ཐེར་སྔོན་པོ》ཡིན་ཏེ། “བཅོམ་ལྡན་རལ་གྲི་དགའ་བ་གདོང་དུ་ཡོད་པའི་ཚེས[ཚེ]ནད་ཀྱི་རྣམ་པར་རྟོག་པ་ཞིག་བྱུང་ནས། སྣར་ཐང་སྐྱོ་སྟོན་པ་ལ་ཁམས་འཆོས་སུ་འོངས། སྐྱོ་སྟོན་པ་དེ་ནི་ཕྱག་ན་རྡོ་རྗེ་ལ་ཉི་མ་མིག་གིས་མི་མཐོང་བའི་བསྙེན་པ་ལོ་བཅུ་གཅིག་ཏུ་མཛད་པ་ཞིག་ཡིན། སྐྱོ་སྟོན་པས་ཁྱེད་ཀྱི་ནད་འདི་ལ་སྟུགས་པོ་མི་དགོས། ཁྱེད་རང་རྣམ་ངེས་ཀྱི་གཞུང་དེ་སྐྱོངས་དང་གསུངས་བས། སྣར་ཐང་ཕྱིའི་གྲོག་ཕུག་ཤིག་ཏུ་རྣམ་ངེས་ཚར་སྟོང་བཤད། དེས་མཛེ་ཡུལ་བུད། དེ་ནས་སྣར་ཐང་གི་ཆོས་གྲྭར་བཞུགས།”[34]ཞེས་བྲིས་ཡོད། གོང་གི《དེབ་ཐེར་སྔོན་པོ》ཡི་ལུང་འདི་ལ་བརྟེན་ནས། སྐུ་ཞབས་ཁྲིན་ཆིན་ཡུན་ལགས་ཀྱིས། བཅོམ་ལྡན་རལ་གྲི་སྣར་ཐང་གི་ཚོགས་སུ་ཞུགས་པའི་ལོ་ཚིགས་ནི་གདན་རབས་བརྒྱད་པ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་རིང་ཡིན་པར་བསྟན་ཡོད།[35]གལ་ཏེ་དེ་ལྟར་ན། སྐྱོ་སྟོན་པས་སྤྱི་ལོ1285ལོ་ནས1299ལོ་བར་ལ་གདན་ས་བསྐྱངས་པས། བཅོམ་ལྡན་རལ་གྲི་དགུང་ལོ་ང་བརྒྱད་དེ་སྤྱི་ལོ1285ལོའི་རྗེས་སུ་ད་གཟོད་སྣར་ཐང་དུ་ཕེབས་པར་ཆགས་འདུག་པས་མི་འཐད། འདི་ལ་ཞིབ་ཆ་འབྱེད་དགོས་ཏེ། བཅོམ་ལྡན་རལ་གྲི་སྐྱོ་སྟོན་པའི་སྐུ་མདུན་དུ་ཕེབས་དུས་ཕྱི་མ་དེ་ད་དུང་སྣར་ཐང་གི་གདན་སར་བཞུགས་མེད་དེ། སྐྱོ་སྟོན་པའི་རྣམ་ཐར་དུ། “དེ་ལྟར་སྐྱོ་སྟོན་པ་དགུང་ལོ་སུམ་བཅུ་བཞེས་པའི་དུས་སུ་སྐུ་ཁམས་ཀྱི་བྱེད་པ་ཅུང་ཞན་པ་ཅིག་བྱུང་བ་ལ་བརྟེན་ནས་ཉིན་མཚན་ངོ་མི་ཤེས་པའི་མཚམས་ལོ་བཅུ་གཅིག་ཏུ་མཛད་ནས”[36]ཞེས་ཁོང་གིས་དགུང་ལོ་སུམ་ཅུའི(1250ལོ)སྟེང་ནས་མགོ་བཙུགས་ཏེ་ལོ་བཅུ་གཅིག་རིང་སྐུ་མཚམས་བཅད་པ་ཤེས་ཐུབ་ལ། བཅོམ་ལྡན་རལ་གྲི་ཁོང་གི་སྐུ་མདུན་དུ་ཕེབས་དུས་ཕྱི་མ་དེས་བསྙེན་པ་འགྲུབ་ཚར་ཡོད་པས། སྤྱི་ལོ1261ལོ་ནས1262ལོའི་སྔ་རྗེས་ཙམ་ལ་ཁེལ་དགོས། དེ་ལྟར་ན། སྐབས་དེར་སྣར་ཐང་གི་གདན་ས་མཛད་མཁན་ནི་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་ཡིན་པ་ཤེས་ཐུབ། འདིའི་ཐད་ལ《དད་པའི་ལྗོན་ཤིང》དུའང་།“[བཅོམ་ལྡན་རལ་གྲི]དགུང་ལོ་སོ་དྲུག་པ་ཆུ་ཕོ་ཁྱིའི་ལོ(1262ལོ)ལ་ཆགས་ཕེབས་ནས། ཤིང་མོ་སྦྲུལ(1305ལོ)གྱི་བར་ལོ་ངོ་བཞི་བཅུ་ཞེ་བཞིར་དཔལ་ལྡན་སྣར་ཐང་གིས་གཙོ་བྱས་པའི་ཆོས་གཞི་ཆུ་མིག་རིང་མོ་དང་། ཞ་ལུ་གསེར་ཁང་དང་། ཤབ་སྣ་རིངས་དང་། ཐང་སྐྱ་དང་གླ་རིང་ལ་སོགས་པར་བཞུགས།”[37]ཞེས་ཁོང་སྤྱི་ལོ1262ནས་བཟུང་སྣར་ཐང་གི་ཚོགས་སུ་ཞུགས་ཡོད་པ་ཤེས་ཐུབ། དེར་བརྟེན་བཅོམ་ལྡན་རལ་གྲི་ནི་གདན་རབས་བརྒྱད་པ་སྐྱོ་སྟོན་པའི་རིང་ལ་སྣར་ཐང་དུ་བྱོན་ཞེས་པའང་ཞིབ་ཏུ་བརྟགས་ན་ཅུང་ལུགས་རྩིང་པོར་ཟད་དོ། །

གཉིས། བཅོམ་ལྡན་རལ་གྲི་དང་འགྲོ་མགོན་འཕགས་པའི་འབྲེལ་བའི་སྐོར།

བཅོམ་ལྡན་རལ་གྲིས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་བསྒྲིབ། །ཅེས་འགྲོ་མགོན་འཕགས་པ(1235-1280)ལ་ཟུར་ཟའི་ཡི་གེ་ཕུལ་བ་ནི་བོད་ཀྱི་ལོ་རྒྱུས་སུ་ཀུན་ལ་རླུང་ལྟར་གྲགས།ཡིན་ནའང་།《དད་པའི་ལྗོན་ཤིང》དང《དེབ་ཐེར་སྔོན་པོ》སོགས་སུ་ཁོང་གཉིས་ཀྱི་འབྲེལ་བའི་སྐོར་གླེང་མེད། ལོ་རྒྱུས་འདི་ཅུང་རྒྱས་པར་བཀོད་ཡོད་པ་ནི་ཨ་མྱེས་ཞབས་ཀྱི《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》ཡིན་ཏེ། དེར་དང་ཐོག་བཅོམ་ལྡན་རལ་གྲིས་འགྲོ་མགོན་འཕགས་པ་དགེ་སློང་གི་རྟེན་བཞེས་བཞིན་ཆབ་སྲིད་ཀྱི་མཛད་པ་བསྐྱངས་པར་ཐུགས་མ་རངས་པས་ཟུར་ཟའི་ཡི་གེ་ཕུལ་པ་དང་། ཕྱིས་སུ་ཆུ་མིག་ཆོས་འཁོར་གྱི་སྐབས་སུ་བཅོམ་ལྡན་རལ་གྲིས་འགྲོ་མགོན་འཕགས་པར་ཐུགས་འགྱོད་གནང་ཚུལ་སོགས་གཏམ་ཞིབ་ཅིང་རྒྱས་པ་ཞིག་བྲིས་འདུག་པ་འདིར་ཟུར་ཙམ་བཀོད་ན། “ཕྱིས་སུ[བཅོམ་ལྡན་རལ་གྲི]ཐུགས་འགྱོད་བཞིན་པས་ཕྱག་དང་བཤགས་པ་གྲངས་མེད་པར་ཕུལ། དེ་ཚུན་ཐུགས་ཞི་དུལ་ངང་ཚུལ་དང་ལྡན་པར་གྱུར་པ་ཡིན་ཞིང་། ཕྱིས་བླ་མ་ཆོས་ཀྱི་རྒྱལ་པོ[འགྲོ་མགོན་འཕགས་པ]ལ་རབ་ཏུ་གུས་པའི་སྙན་ཚིག་གིས་བསྟོད་དབྱངས་ཚངས་པའི་འབྲུག་སྒྲ་ཞེས་པ་ཡང་ཕུལ་བ་ཡིན་ལ། གོང་མ་མིའི་དབང་པོས་ཀྱང་མཁས་པ་ཆེན་པོར་མངའ་གསོལ་བ་དང་། གནང་སྦྱིན་གྱི་སྐྱེལ་བཟང་པོ་དང་བཅས་གདན་ས་ཆེན་པོར་བརྫངས་པའི་མི་སྣ་བིང་བིང་ཀའུ་སི་དཔོན་གཡོག་ཀྱིས་སྣར་ཐང་དུ་ཕུལ་ཅེས་གྲགས།”[38]དེར་བརྟེན། དཔྱད་རྩོམ་ཁ་ཤས་སུ་གོང་གི་ལོ་རྒྱུས་འདི་བཀོད་པ་ཆེས་སྔ་ཤོས་ནི་ཨ་མྱེས་ཞབས་ཀྱི་གསུང་ཡིན་པར་བསྟན་འདུག་ཀྱང་།[39]དོན་དུ་དེའི་ཡར་སྔོན་གྱི་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ཡིས་མཛད་པའི《བསྟན་རྩིས་གསལ་བའི་ཉིན་བྱེད》ཡིན་ཏེ། “སླར་སོ་གསུམ་པ[1267ལོ]ལ་འགྲོ་མགོན་འཕགས་པར་གོང་ནས་སྤྱན་འདྲེན་གྱི་གསེར་ཡིག་པ་སླེབས་པས་ཤར་ལ་ཕེབས། བཅོམ་རལ་གྱིས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་བསྒྲིབ། །ཅེས་སོགས་ཀྱི་ཟུར་ཟའི་ཞུ་མཆིད་ཕུལ། བསྟན་པ་འཕེལ་འགྲིབ་འབྱུང་བ་རྒྱལ་བས་གསུངས། །ཞེས་སོགས་ཀྱི་བཀའ་མཆིད་བསྩལ།”[40]ཞེས་གསལ་བའི་ཕྱིར།

གོང་གི་ཨ་མྱེས་ཞབས་ཀྱི་གསུང་ལ་དོགས་པ་འགའ་མཆིས་ཏེ། གཅིག་ནས་ཨ་མྱེས་ཞབས་ཀྱི་ཡི་གེའི་བར་མཚམས་སུ‘ཞེས་གྲགས’སོགས་ཀྱི་ཚིག་རིས་ཐོན་པ་དང་། གཉིས་ནས་བཅོམ་ལྡན་རལ་གྲིས་འཕགས་པར་ཕུལ་བར་གྲགས་པའི《བསྟོད་དབྱངས་ཚངས་པའི་འབྲུག་སྒྲ》ཞེས་པ་ཞིག་སྔ་མ་དེའི་གསུང་རྩོམ་དག་ཏུ་མི་བཞུགས། གསུམ་དུ《དད་པའི་ལྗོན་ཤིང》དང《དེབ་ཐེར་སྔོན་པོ》《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》སོགས་ལོ་རྒྱུས་ཡིག་ཆ་གཞན་དག་ཏུ་འདིའི་སྐོར་ཚིག་ཙམ་ཡང་གླེང་མེད། སྤྱིར་བཅོམ་ལྡན་རལ་གྲི་འདི་ཉིད་མཐོན་པོའི་ངོ་འཛིན་བྱེད་པའི་མཁས་པ་ཞིག་མ་ཡིན་སྟེ། ཁོང་གི་སློབ་མ་མཆིམས་འཇམ་པའི་དབྱངས་བྱ་བས་སྔར་སློབ་ཁྲིད་ཀྱི་མཚམས་སུ་འདྲེ་བརྫུ་བྱས་པས་བཅོམ་ལྡན་རལ་གྲིས་སྣར་ཐང་གི་ཚོགས་ནས་ཕྱིར་ཕུད་པ་དང་། ཕྱིས་སུ་ཡོན་གོང་མའི་ཕོ་བྲང་དུ་ཞུས་ནས་བླ་མ་གྲགས་ཆེན་དུ་གྱུར། དེས་བཅོམ་ལྡན་རལ་གྲི་ལ་ཅ་ལག་མང་པོ་སྐྱེས་སུ་བསྐུར་ནའང་། དགའ་བའི་རྣམ་འགྱུར་མ་བསྟན། ཉིན་ཞིག་སྣག་ཚ་སྒམ་ཆུང་གང་སྐྱེས་སུ་བསྐུར་པས་བཅོམ་ལྡན་རལ་གྲི་ཐུགས་རབ་ཏུ་དགྱེས་པར་གྲགས། ཚུལ་འདི་ལས་ཀྱང་བཅོམ་ལྡན་རལ་གྲི་ནི་མི་ཆེན་དབང་ཆེན་ལ་ངོ་འཛིན་བྱེད་མཁན་ཞིག་མིན་པ་ཤེས་ཐུབ། དེ་བས་ཨ་མྱེས་ཞབས་ཀྱི་གསུང་དུ་བཅོམ་ལྡན་རལ་གྲིས་འཕགས་པར་ཐུགས་འགྱོད་གནང་ཚུལ་གྱི་གཏམ་ཧ་ཅང་ཞིབ་རྒྱས་ཤིག་བཀོད་ཡོད་པ་དེ་ནི། འགྲོ་མགོན་འཕགས་པའི་གཟི་བརྗིད་དང་ཆེ་བ་མཚོན་ཕྱིར་གྱི་གཏམ་ཡིན་པ་ལས་ལོ་རྒྱུས་ཀྱི་བབ་དངོས་ཨེ་ཡིན་སྙམ་པའི་དོགས་པ་ཞིག་མཆིས། འོ་ན། ཁོང་གཉིས་བར་འགལ་བ་ཤོར་ཡང་བཅོམ་ལྡན་རལ་གྲི་ལ་སྔར་བཞིན་འགྲོ་མགོན་འཕགས་པ་བརྒྱུད་ནས་ཡོན་གོང་མའི་རོགས་སྐྱོར་སོགས་ཐོབ་ཡོད་པ་ཅི་ཡིན་ནམ་ཞེ་ན། ཨ་མྱེས་ཞབས་ལྟར་ན། བཅོམ་ལྡན་རལ་གྲིས་འགྲོ་མགོན་འཕགས་པར་ཐུགས་འགྱོད་བྱས་པར་བརྟེན་ཕྱིས་སུ་ཡོན་གོང་མའི་ལེགས་སྐྱེས་སོགས་འབྱོར་བར་བྲིས་ཡོད། ཁོ་བོས་བསམ་ན། ཕྱོགས་གཅིག་ནས་འགྲོ་མགོན་འཕགས་པ་ཐུགས་དཀྱེལ་ཡངས་པ་དང་། ཕྱོགས་གཞན་ཞིག་ནས་སྣར་ཐང་གི་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་པས་ཁོང་གཉིས་ལ་བར་འདུམ་གྱི་ནུས་པ་གལ་ཆེན་ཐོན་ཡོད་སྙམ། མཆིམས་ནམ་མཁའ་གྲགས་པ་ནི་བཅོམ་ལྡན་རལ་གྲི་དང་འགྲོ་མགོན་འཕགས་པ་གཉིས་ཀའི་བླ་མ་ཡིན་ལ། འདི་ཉིད་མཁས་པའི་རང་མདངས་ཆེ་བ་དང་ཀུན་གྱིས་བཀུར་བའི་སྐྱེས་བུ་དམ་པ་ཞིག་ཡིན་པས། དུས་སྐབས་དེར་མཁས་པའི་བ་དན་དབུས་གཙང་ཕྱོགས་བཞིར་ཁྱབ་འདུག འགྲོ་མགོན་འཕགས་པ་ཡང་ཁོང་ལ་ཐུགས་དད་ཆེར་སྐྱེས་ནས་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་ཆུ་མིག་ཆོས་འཁོར(1277ལོ)དུ་དགེ་འདུན་ཁྲི་ཕྲག་བདུན་གྱི་གྲལ་གཙོར་བཞུགས་སུ་གསོལ། ཁོང་གི་འཕྲིན་ལས་ལ་བསྟེན་ནས། སྐབས་དེར་སྣར་ཐང་དང་ས་སྐྱའི་བར་དུའང་འབྲེལ་ལམ་ཟབ་མོ་འཛུགས་ཐུབ་ཡོད། དེ་བས། སྐབས་དེར་ཁོང་གི་སློབ་མར་གྱུར་བའི་བཅོམ་ལྡན་རལ་གྲི་དང་འགྲོ་མགོན་འཕགས་པ་གཉིས་ཀྱི་བར་དུ་འགལ་བ་ཤོར་འདུག་ཀྱང་། སྣར་ཐང་དགོན་པ་དང་བཅོམ་ལྡན་རལ་གྲི་མི་སྒེར་ལ་སྔར་བཞིན་ས་སྐྱ་དང་ཡོན་གོང་མའི་ཕྱོགས་ནས་རོགས་སྐྱོར་སོགས་ཐོབ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་མཆིམས་ནམ་མཁའ་གྲགས་ཀྱི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཡིན་སྙམ་མོ། །

11.jpg

བཙུན་པ་བསམ་གཏན་བཟང་པོས་བརྩམས་པའི《དད་པའི་ལྗོན་ཤིང》ལ་བརྟེན་ནས་ང་ཚོས་བཅོམ་ལྡན་རལ་གྲིའི་སྐུ་ཚེའི་ལོ་རྒྱུས་མང་པོ་ཞིག་གསར་དུ་ཤེས་རྟོགས་བྱུང་། རྣམ་ཐར་འདིས་བཅོམ་ལྡན་རལ་གྲིའི་སྐུ་ཚེའི་ལོ་རྒྱུས་དང་། གསུང་རྩོམ། རིག་གཞུང་བསམ་བློ་ཐད་ཀྱི་ཞིབ་འཇུག་ལ་ཟུར་དང་སྒོ་མོ་གསར་པ་མང་པོ་ཞིག་བསྟན་ལ། དུས་རབས་བཅུ་གསུམ་པའི་བོད་བརྒྱུད་ནང་བསྟན་སྤྱིའི་འཕེལ་རྒྱས་དང་། གྲུབ་མཐའ་དང་མཁས་པ་ཕན་ཚུན་བར་གྱི་འབྲེལ་བ། ལྟ་བའི་ཁྱད་པར་སོགས་ཤེས་བྱེད་ལའང་མཁོ་གལ་ཆེ་བའི་ཡིག་ཆ་ཞིག་ཡིན་པས་ལོ་རྒྱུས་ཀྱི་རིན་ཐང་ཆེ། དེ་ལྟ་ནའང་། རྣམ་ཐར་འདིར་བཅོམ་ལྡན་རལ་གྲི་དང་འབྲེལ་བའི་ལོ་རྒྱུས་གལ་ཆེན་སྐོར་ཞིག་བཀོད་མེད་དེ། ལྷག་པར་དུ་ཁོང་གི་མཛད་འཕྲིན་དག་ལས་ཆེས་གལ་ཆེ་ཤོས་ཏེ་བཀའ་བསྟན་དཀར་ཆག་བསྡུ་སྒྲིག་གནང་པའི་སྐོར་ཚིག་རུས་ཙམ་ཡང་གླེང་མེད་པས།ཡིག་ཆ་འདི་གཅིག་པུ་ལ་བརྟེན་ནས་བཅོམ་ལྡན་རལ་གྲིའི་སྐུ་ཚེའི་ལོ་རྒྱུས་ཀྱི་ལམ་ཐིགས་གསལ་པོ་ཞིག་ཕབ་ཐབས་བྲལ། དེ་ཡང་ལོ་རྒྱུས་མིའི་རིགས་རིག་པའི་ཆེད་མཁས་པ་ཝང་མིན་ཁཱི(王明珂)ཡིས། “ང་ཚོས་ཡིག་ཆའི་གསེབ་ནས་ཡུལ་དངོས་རྟོག་དཔྱོད་བྱ་དགོས།”ཞེས་པའི་དཔེ་ལྟར། ལོ་རྒྱུས་ཞིབ་འཇུག་གི་ཁྲོད་ཏུའང་། ཡིག་ཆ་མི་འདྲ་བ་དང་བཤད་ཚུལ་མི་འདྲ་བ་དག་གཤིབ་བསྡུར་གྱི་སྒོ་ནས་འབྲེལ་ཡོད་ལོ་རྒྱུས་ལ་དག་བཤེར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་ཐབས་ལམ་ཞིག་ཡིན་ལ། དེ་ལས་ལྡོག་སྟེ་མཐའ་གཅིག་ཏུ་ཡིག་ཆ་སྣ་གཅིག་གམ་ཡང་ན་མཁས་པ་ག་གེ་མོའི་གསུང་ལ་བརྟེན་ནས་ལོ་རྒྱུས་ཀྱི་བསྡོམས་ཚིག་འགོད་པར་རེ་བ་ནི་ཞིབ་ཏུ་བརྟགས་ན་ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་ཡང་དག་ཞིག་མ་ཡིན་ཏེ། ལོ་རྒྱུས་ཀྱི་ཡི་གེ་དག་ནི་དུས་སྐབས་ངེས་ཅན་གྱི་བསྐྱེད་འབྲས་ཡིན་པས། རིན་ཐང་ཡོད་ལ་བཀག་རྒྱ་ཡང་མཆིས་སོ། །

ལུངས་ཁུངས་དང་མཆན།

[1]འདིར་གསལ་གཤད་ཞུ་དགོས་པ་ལ། བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ཏུ་བཅོམ་ལྡན་རལ་གྲི་འམ་བཅོམ་ལྡན་རིག་རལ། བཅོམ་ལྡན་རིགས་པའི་རལ་གྲི་སོགས་དག་ཆ་དང་འབྲི་སྟངས་མི་འདྲ་བ་ཁ་ཤས་བྱུང་ཡོད། དཔྱད་རྩོམ་འདིར་ལུང་འདྲེན་དག་ཕུད་བཅོམ་ལྡན་རལ་གྲི་ཞེས་བྲིས་ཡོད། དེ་ལྟར་སྦྱར་བའི་རྒྱུ་མཚན་ནི། ཁོང་གི་རང་གཞུང་མང་ཆེ་བར་བཅོམ་ལྡན་རལ་གྲི་ཞེས་གསལ་ཏེ། དཔེར་ན།《བསྟན་པ་རྒྱན་གྱི་ཉི་འོད》ཀྱི་མཇུག་བྱང་དུ། “ཤཱཀྱའི་དགེ་སློང་བཅོམ་ལྡན་རལ་གྲིས་གཙང་མེ་ཏོག་མདངས་ཅན་གྱི་དགོན་པར་སྦྱར་བ་རྫོགས་སོ།”ཞེས་པ་དང་། ཡང་ཁོང་གིས་མཛད་པའི་བཀའ་བསྟན་དཀར་ཆག《བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད》ཏུའང་།  “མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་སྦྱར་བ་རྫོགས་སོ།”ཞེས་གསལ། གཞན་ད་དུང《མངོན་པ་ཀུན་བཏུས་རྒྱན་གྱི་མེ་ཏོག》སོགས་རང་གཞུང་ཕལ་ཆེ་བར་བཅོམ་ལྡན་རལ་གྲི་ཞེས་གསལ། དེ་བས་ཁོང་གི་མཚན་དངོས་ནི་བཅོམ་ལྡན་རལ་གྲི་ཡིན་ལ་རིགས་པའི་རལ་གྲི་ནི་ཆེ་བརྗོད་ཀྱི་མཚན་ཏེ།《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། “སྣར་ཐང་དུ་སྐྱི་སྟོན་གྲགས་འབུམ་ལ་བསྟེན་ནས་མཁས་པར་གྱུར་ཏེ་རིགས་པའི་རལ་གྲིར་གྲགས།”ཞེས་གསལ་བའི་ཕྱིར། (དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1986:733.)

[2]དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་པའི་གཏམ་རྒྱུད་གསེར་གྱི་ཐང་མ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:23.

[3]སྤྱི་ལོ1993ལོར། ནུབ་ཕྱོགས་ཀྱི་བོད་རིག་པའི་ཆེད་མཁས་པ་ལེའོ་ནཱར་ཌྷི·བན་ཏེ་མཁར(Leonard van der Kuijp)གྱིས་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་ཞིབ་འཇུག་གནང་སྐབས། དེར་བཅོམ་ལྡན་རལ་གྲིས་བརྩམས་པའི《ལུང་དགོངས་པ་རྒྱན་གྱི་མེ་ཏོག》ཅེས་པའི་བྲིས་མ་དེའི་དབུ་ཤོག་དང་མཚན་བྱང་། མཛད་བྱང་བཅས་ངོ་བཤུས་བརྒྱབ་ཡོད། (Leonard Van der kuijp, review: Remarks on the “person of authority” in the dga’ ldan pa/dge lugs pa school of Tibetan Buddhism, Journal of the American Oriental Society, Vol. 119, No.4, 1999: 666-667.)

[4]陈庆英.关于元代藏传佛教噶当派的几个问题[J],西藏研究,2016(4):25-31.

[5]གཅོད་པ་འཚོ། བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ཀྱི་སྒྲིག་ཐབས་ཁྱད་ཆོས་དང་རིན་ཐང་། [J] མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2021(2):25.

[6]ནེའུ་པཎ་ཊི་ཏ་གྲགས་པ་སྨོན་ལམ་བློ་གྲོས། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། (བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ) [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:04.

[7]འགོས་ལོ་ཙཱ་བ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྨད་ཆ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985:1230-1231.

[8]འབྲུག་ལྷ་འཁར།དབུས་པའི་བཙུན་ཆུང་མགོ་བོ་ཆེ། བཅོམ་ལྡན་རིགས་པའི་རལ་གྲི་འཚོལ་བ།《རྣམ་ཐར་དད་པའི་ལྗོན་ཤིང》དང་ཡུལ་དངོས་རྟོག་དཔྱོད་ཟུང་སྦྲེལ་གྱིས་བཅོམ་ལྡན་རིགས་རལ་གྱི་སྐུ་ཚེའི་ལོ་རྒྱུས་རགས་གླེང་། [J] བོད་ལྗོངས་ཞིབ་འཇུག 2019(1): 105.

[9]བཅོམ་ལྡན་རིགས་པའི་རལ་གྲི། ཚད་མ་བསྡུས་པ་རིགས་པའི་མཚོན་ཆ། (དཔར་མ) ས་སྐྱ་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། BDRCཨང་རྟགས། W3CN4042 ཤོག་ངོས།:375.

[10]བཅོམ་ལྡན་རིགས་པའི་རལ་གྲི། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་རྒྱན་གྱི་མེ་ཏོག (གློག་པར) ལྷ་ས། ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཀྱིས་བསྒྲིགས། 2007: 722.

[11]བཅོམ་ལྡན་རིགས་པའི་རལ་གྲི། མངོན་རྟོགས་རྒྱན་གྱི་མེ་ཏོག(གློག་པར) ལྷ་ས།ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཀྱིས་བསྒྲིགས། 2007: 778.

[12]བསམ་གཏན་བཟང་པོ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་ཊཱིཀྐ་ལེགས་བཤད་རྒྱ་མཚོ། (བྲིས་མ) བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། (པོད-38) [G] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007:381.

[13]བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་དཀར་ཆག (པོད1-30) [G]ཟི་ལིང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2010:80 བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་གཉིས་པའི་དཀར་ཆག (གླེགས་བམ31-60) [G] ཁྲིན་ཏུའུ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007:54.

[14]བསམ་གཏན་བཟང་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱན་བསྟན་བཅོས་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་མདོའི་དོན་གསལ་བར་བྱེད་པ། (བྲིས་མ) བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། (པོད-72) [G] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:319.

[15]བསམ་གཏན་བཟང་པོ། བཅོམ་ལྡན་རིགས་རལ་གྱི་རྣམ་ཐར་དད་པའི་ལྗོན་ཤིང་། (བྲིས་མ) བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། (གླེགས་བམ་ཆ) [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010:572.

[16]ཀུན་དགའ་གྲོལ་མཆོགཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ། [M] གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། (པོད-16) [G] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013:27.

[17]བསམ་གཏན་བཟང་པོ། ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་གཞུང་དོན་གསལ་བའི་མན་ངག (བྲིས་མ) བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། (པོད-118) [G] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015:3-642.

[18]བསམ་གཏན་བཟང་པོ། བཅོམ་ལྡན་རིགས་རལ་གྱི་རྣམ་ཐར་དད་པའི་ལྗོན་ཤིང་། (བྲིས་མ) བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། (གླེགས་བམ་ཆ) [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010:583.

[19]མཆིམས་ནམ་མཁའ་གྲགས་སོགས། སྣར་ཐང་གསེར་ཕྲེང་། (བྲིས་མ) པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་དཀར་ཆག་ཨང་རྟགས། 002806

[20]བསམ་གཏན་བཟང་པོ། བཅོམ་ལྡན་རིགས་རལ་གྱི་རྣམ་ཐར་དད་པའི་ལྗོན་ཤིང་། (བྲིས་མ) བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། (གླེགས་བམ་ཆ) [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010:574-575.

[21]འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག (སྟོད་ཆ) [G] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2004:1228,1232.

[22]བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། (པོད-61) [G] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:166.

[23]བསམ་གཏན་བཟང་པོ། བཅོམ་ལྡན་རིགས་རལ་གྱི་རྣམ་ཐར་དད་པའི་ལྗོན་ཤིང་། (བྲིས་མ) བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། (གླེགས་བམ་ཆ) [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010:584.

[24]འགོས་ལོ་ཙཱ་བ་གཞོན་ནུ་དཔལ།དེབ་ཐེར་སྔོན་པོ། སྟོད་ཆ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984:409.

[25]པཎ་ཆེན་ཤཱཀྱ་མཆོག་ལྡན། རོང་སྟོན་ཆེན་པོའི་རྣམ་ཐར། རོང་སྟོན་གསུང་འབུམ། (པོད-ཀ) [G] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008:118.

[26]Dan Martin, Tibetan Histories: A Bibliography of Tibetan-Language Historical Works, Serindia Publications, London, 1997: 54,2020: 95.

[27]བསོད་ནམས་འོད་ཟེར། གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1997:195-196.

[28]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བསྟན་རྩིས་ཆོས་འབྱུང་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར། གངས་ཅན་རིག་མཛོད། (དེབ་ཕྲེང་བཞི་པ) [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:163.

[29]བསམ་གཏན་བཟང་པོ། བཅོམ་ལྡན་རིགས་རལ་གྱི་རྣམ་ཐར་དད་པའི་ལྗོན་ཤིང་། (བྲིས་མ) བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། (གླེགས་བམ་ཆ) [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010:578-579.

[30]འགོས་ལོ་ཙཱ་བ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985:410.

[31]བསམ་གཏན་བཟང་པོ། བཅོམ་ལྡན་རིགས་པའི་རལ་གྲིའི་གསུང་རྩོམ་དཀར་ཆག བཅོམ་ལྡན་རིགས་རལ་གྱི་གསུང་འབུམ། (པོད-ཀ-2) [G] ལྷ་ས། ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཀྱིས་བསྒྲིགས། 2007:24-38.

[32]རོང་སྟོན་ཤཱཀྱ་རྒྱལ་མཚན། བཅོམ་ལྡན་རིགས་པའི་རལ་གྲིའམ་མཚན་དངོས་ཆོས་ཀྱི་རྒྱལ་མཚན་ལ་བསྟོད་པ་སྨྲ་བའི་རྒྱན། (དཔར་མ) རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་སྐོར། (པོད-ཁ) [G] ཤོག་ངོས། 413.

[33]ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003:522-524; དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། (སྟོད་ཆ) [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1986:733.

[34]འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984:409-410.

[35]陈庆英.关于元代藏传佛教噶当派的几个问题 [J],西藏研究,2016(4):29.

[36]ཉི་མ་རྒྱལ་མཚན། བླ་མའི་རྣམ་ཐར་ལྷུན་པོ་རིན་ཆེན་བཞི་བའི་མཛེས་རྒྱན་གསེར་གྱི་མུ་ཁྱུད། (བྲིས་མ) སྣར་ཐང་གསེར་ཕྲེང་། [M] པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་དཀར་ཆག་ཨང་རྟགས། 002806,ལྡེབ་གྲངས། 367ན-367བ།

[37]བསམ་གཏན་བཟང་པོ། བཅོམ་ལྡན་རིགས་རལ་གྱི་རྣམ་ཐར་དད་པའི་ལྗོན་ཤིང་། (བྲིས་མ) བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། (གླེགས་བམ་ཆ) [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010:57.

[38]ངག་དབང་ཀུན་དགའ་བསོད་ནམས། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1986:217-219.

[39]张云.藏传佛教的入世与出世观分析:从八思巴与迥丹热智的对话谈起 [J],西南民族大学学报,2011(4):60-65.

[40]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བསྟན་རྩིས་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989:18.


མཉམ་སྤྱོད།