དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་ཉག་གངས་དཀར་གྱི་གཉེན་སྲོལ་སྐོར་མདོ་ཙམ་གླེང་བ།

2024-08-11 20:06:54   |   176

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


དང་པོ། གཉེན་སྒྲིག་ཅིང་ཕན་ཚུན་གྲོས་ཐག་བཅད་པ།

གདོད་མར་མིའི་འགྲོ་བ་ཆགས་ནས་རིམ་བཞིན་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ཐོག་མར་ཁྱིམ་ཚང་ཞིག་གི་བུ་དང་བུ་མོ་གང་ཡིན་རུང་བྱིས་པ་གཞོན་ནུའི་དུས་ཡོལ་ཞིང་བྱ་གཤོག་པ་རྒྱས་ནས་ནམ་འཕང་གཅོད་པ་བཞིན་རང་རང་གིས་ཁྱིམ་རྒྱུད་འཛིན་པའི་དུས་ལ་སླེབས་སྐབས་མི་ཚེའི་གཏན་གྲོགས་ཤིག་འཚོལ་དགོས་པས། ཁྱིམ་ཚང་དེའི་ཕ་མ་དང་གཉེན་ཉེ་གཙོ་བོ་ཞིག་གིས་བཀོད་པ་མཛད་དགོས་ཤིང་། དེར་གཉེན་ཐོག་མར་གཉེན་བཙལ་བའམ་སློང་བ་ནི། ཨ་ཕའི་ཕ་གྲོས་མཛད། ཨ་མའི་མ་གྲོས་མཛད། གཉེན་ཉེ་རིང་གི་གཉེན་གྲོས་མཛད་ཅེས་ཐོག་མར་ཕན་ཚུན་གྲོས་ཐག་བཅད་དོ།

གཉིས་པ། གཉེན་སྟོན་དུས་ཚོད་གཏན་འཁེལ་བྱེད་པ།

གྲོས་མཐུན་ཡོང་བའི་ཆེད་བུ་དང་བུ་མོ་གང་ཞིག་ཡིན་རུང་དེ་དག་གི་ཨ་ཕའམ་ཨ་ཁུ་ཨ་ཞང་སོགས་གཉེན་ཉེ་གཙོ་བོ་ཞིག་གིས་གཉེན་སློང་བར་འགྲོ་གྲབས་ཀྱི་ལེགས་སྐྱེས་ཏེ་རྟ་ཕོ་ཞིག་གི་ཐོག་ཏུ་ཆང་དང་ཁ་བཏགས། ཇ་མར་འབྲུ་རིགས་སྣ་ལྔ་སོགས་གྱ་ནོམ་པ་ཁྱེར་ནས་ཕར་ཕྱོགས་ཀྱི་ཁྱིམ་ཚང་ནང་གྲོས་བསྡུར་བྱེད་པར་འགྲོ་དགོས། ཕར་ཕྱོགས་ཁྱིམ་ཚང་ནང་སླེབས་སྐབས་གཉེན་སློང་མཁན་གྱིས་ཐོག་མར་སློང་རྟེན་གྱི་ཚུལ་དུ་གྲོས་མཐུན་གྱི་གདན་སྣ་ལྔ་ཞེས་ལེགས་སྐྱེས་ཀྱི་ཅ་ལག་ཕར་སྤྲོད་ཀྱི་ཡོད། དེ་ནས་རིམ་བཞིན་ཁ་བཏགས་ཤིག་ཐབ་ཀའི་ཐོག་ཏུ་བཞག ཀ་བ་རེ་ལ་ཁ་བཏགས་རེ་བཏགས། དེ་རྗེས་མི་རྒན་རབས་ཐོག་ནས་རིམ་བཞིན་མི་རེ་རེ་ལ་ཁ་བཏགས་དཀར་པོ་རེ་འབུལ། ད་གཟོད་གྲོས་བསྡུར་བྱེད་པའི་མགོ་བརྩམས། གྲོས་བསྡུར་བྱེད་སྐབས་གཙོ་བོ་གྲོས་བྱེད་རྒྱུ་ནི་བག་གོས། མགོ་རྒྱན་སོགས་གྲ་སྒྲིག་དགོས་ཚུལ་དང་། ད་དུང་བུ་མག་པར་བརྫངས་བ་ཡིན་ན་ཕོ་རིན་ཆེ་ཆུང་། བུ་མོ་མནའ་མར་བརྫངས་བ་ཡིན་ན་མོ་རིན་ཆེ་ཆུང་། ཕ་མ་གཉིས་ལ་ཟས་ཀྱི་ཚབ་ནོར་བྱིན་དགོས་པ་དང་བག་རྩིས་རྒྱག་པ་སོགས་མཐུན་རྐྱེན་སྦྱོར་ཚུལ་དང་གཉེན་སྟོན་དུས་ཆད་གཏན་ཁེལ་བཅས་ཕན་ཚུན་ཞིབ་མོར་གྲོས་བསྡུར་བྱེད་ཀྱི་ཡོད། དེ་ནས། རྩིས་པས་ཞིབ་ཅིང་ཚགས་པའི་སྒོ་ནས་བུ་དང་བུ་མོའི་འབྱུང་བ་སྤར་ཁ་སོགས་དང་བསྟུན་ནས་གཉེན་སྒྲིག་གི་གཟའ་སྐར་དུས་བཟང་གཏན་འཁེལ་བྱེད་པ་དང་གཉེན་སྒྲིག་སྐབས་ཀྱི་འགྲོ་སའི་ལམ་ཕྱོགས། བག་རོགས་ལོ་རྟགས། བག་རྟའི་སྤུ་ཁ། རྒྱབ་གོས་ཀྱི་ཚོན་ཁ། འདུག་སའི་གདན་གྱི་ཐོག་ཏུ་རི་མོ་འབྲི་རྒྱུ། རི་མོ་ལ་ནོར་བུ་དགའ་འཁྱིལ་མེ་ཏོག་པངྨ། མཚན་ལ་སོགས་འབྲི་སྲོལ་ཡོད།

གསུམ་པ། དངོས་སུ་གཉེན་བསུ་བར་འགྲོ་བ།

དེ་ནས་སྔར་གྱི་ཁ་ཆད་ལྟར་གཉེན་དངོས་སུ་བསུ་བར་འགྲོ་བའི་སྐོར་ལ་གཉེན་བསུ་མཁན་གྱི་མི་སྣ་དེར་ཚ་བོ་ཞེས་འབོད་ཅིང་། ཚ་བོས་ལེགས་སྐྱེས་ཤ་དང་ཐུད། ཇ་སོགས་ཁྱེར་གྱི་ཡོད། ཚ་བོས་སློང་རྟེན་ལེགས་སྐྱེས་སོགས་ཁྱེར་ནས་ཕར་ཕྱོགས་ཀྱི་ཁྱིམ་ཚང་ནང་སླེབས་ལ་ཉེ་སྐབས་དེར་མི་ཞིག་བསུ་རུ་ཡོང་ནས་བསུ་མ་བྱས། དེ་ནས་བུ་དང་བུ་མོ་སྐྱེལ་མར་བྱེད་མཁན་ལ་ཨ་ཞང་ཞེས་བརྗོད། ཨ་ཞང་གཙོ་བོ་ཡིན་ན་ལོ་ན་རྒན་རབས་ཤིག་ཡིན་པ་མ་ཟད་གཏམ་མཁན་ཞིག་དགོས་ཤིང་། གཞན་གཉེན་སྒྲིག་རྒྱས་བསྡུས་དང་བསྟུན་ནས་ཚ་བོ་རེ་ལ་ཨ་ཞང་གཉིས་རེ་བཀོད་སྒྲིག་བྱེད་དགོས། དེ་ནས་དགོང་མོར་ཨ་ཞང་གི་རྟ་ལྕག་ཞིག་བཟུང་ནས་ཁང་པའི་ནང་ནས་ཨ་ཞང་དང་གཉེན་ཉེ་རིང་ཚང་མ་གྲལ་བསྟར་བཞུགས་ཡོད་སར་ཚ་བོ་དག་འབོད་ཅིང་། ཚ་བོས་ཁོང་ཚོའི་མདུན་དུ་སླེབས་དུས་མི་ཚང་མར་ཁ་བཏགས་དཀར་པོ་རེ་འབུལ་དགོས། དེ་ནས་ཚ་བོ་གཙོ་བོ་དེ་ཡར་ལངས་ནས་ཨ་ཞང་རྒན་པའི་མདུན་དུ་ཁ་བཏགས་ཤིག་འཇོག་དགོས། ཁ་བཏགས་འདིའི་རྒྱུ་མཚན་ནི་ཞང་པོ་ལ་མཇལ་དར་གྱི་གཏམ་བཤད་ཟེར་བའི་དོན། དེ་ནས་ཨ་ཞང་གིས་ཞང་པོ་མཇལ་དར་གྱི་གཏམ་ཞེས་ཚ་ཞང་མཇལ་འཕྲད་ངོ་སྤྲོད་ཚུལ་དུ་གཏམ་བཤད་པ། གཏམ་གང་མང་བཤད་ཚར་རྗེས། ཡང་ཚ་བོས་རྟེན་རིགས་བཞིའི་གདན་ཁ་དར་ཞིག་བཞག་ན་ཨེ་ཆོག་ཟེར་ནས་ཁ་དར་ཞིག་འབུལ། དེ་ནས་ཡང་ཨ་ཞང་གི་རྟེན་རིགས་བཞིའི་གཏམ་ཞིག་བཤད་དགོས་པ་དང་། གཏམ་བཤད་མ་ཐག་ཚ་བོས་འོ་ལགས་སོ་ལགས་སོ་ཞེས་ཞུ་དགོས། དེ་ནས་ཨ་ཞང་གིས་གཏམ་བཤད་ཚར་རྗེས་ཚ་བོ་ཡར་ལངས་ནས་ཚ་བོས་རང་གི་སྡོད་ཤག་ནང་དུ་སོང་ནས་རང་ཉིད་ཀྱིས་འཁྱེར་ཡོང་བའི་བག་གོས། མགོ་རྒྱན། ལུས་རྒྱན། སྐེ་རྒྱན་སོགས་ཁྱེར་ཡོང་ནས་ཨ་ཞང་སོགས་མི་ཚང་མའི་མདུན་དུ་སྒྲིག་ནས་བཞག་པ་དང་། དེ་ནས་ཨ་ཞང་གིས་བག་གོས་འཇོག་ལེན་གྱི་གཏམ་བཤད་པ། གཏམ་བཤད་ཚར་ལ་ཉེ་སྐབས་ཞང་པོས་བག་གོས་ལེན་མཁན་གྱི་མི་གཉིས་ཀ་མདུན་དུ་བོད་ནས་གྲོས་བསྡུར་བྱས་པའི་གོས་དང་རྒྱན་རྣམས་ཆ་ཚང་བ་ཞིག་ཡོད་མེད་ལྟ་དགོས་པ་ཡིན། ཟ་བཏུང་ཚར་རྗེས་བག་མའམ་ཡང་ན་མག་པ་དང་བག་རོགས་གཉིས་པོ་གླུ་བ་གླུ་མ་གཉིས་ཀྱི་མི་ཚང་མདུན་དུ་ཡར་ལ་འཁྲིད་ཡོང་ནས་གདན་ཀྱི་ཐོག་དུ་བག་རྩིས་ནང་དུ་བབས་པ་ལྟར་རྟགས་དང་རྟེན་འབྲེལ་གྱི་རི་མོ་བྲིས་ཡོད་པ་དེའི་ཐོག་ཏུ་བཞག ཁོང་གཉིས་མདུན་དུ་མདའ་དར་དུང་དཀར་སྒོར་མོ་སོགས་བླུག་པའི་སྣོད་བཞག་ནས་ཨ་ཞང་གིས་གཙོ་བོར་བྱས་ཏེ་གཉེན་ཉེ་རིང་ཀུན་གྱིས་འབུལ་བ་དང་ཁ་དར་བཏགས་པའི་མགོ་བརྩམས། དེ་ནས་ཨ་ཞང་རྒན་པ་དེ་ཡར་ལངས་ནས་རྒྱལ་རབས་དང་མི་ཚང་སོགས་ལ་བསྟོད་པར་ཕུལ་བའི་གཏམ་བཤད་པ་དགོས།

དེ་ནས་ཁྱིམ་ཚང་དེར་གཉེན་ཉེ་རིང་གྲོང་མི་ཁྱིམ་མཚེས་རྣམས་ཀྱིས་བརྫངས་བར་སྒོར་མོ་དང་རྒྱུ་ནོར་ཡང་ན་འབྲུ་རིགས་བྲེ་ཕུལ་དང་རྟ་ཟོག་སེམས་ཅན་ཆེ་ཆུང་གང་འདྲ་བྱིན་ཡོད་པ་བཅས་ཁྱབ་བསྒྲགས་ངོ་སྤྲོད་ཀྱི་ཚུལ་དུ་བྱེད་པ་ལྟ་བུའི་གཏམ་བཤད་དེར་མདའ་རྟེན་གཏམ་བཤད་ཅེས་ཀྱང་བྱ་བ་ཡིན། དེ་ནས་བུ་མོ་མནའ་མར་འགྲོ་བར་བག་མའམ་སྐྱེས་པ་མག་པ་འགྲོ་བར་མག་པ་ཞེས་གང་རུང་དེ་གླུ་པ་དག་གིས་བཀའ་དྲིན་ཞུ་བའི་གླུ་ཚིག་དང་འབྲེལ་ནས་འཁྲིད། མི་གཅིག་གིས་དུང་འབུད་ཅིང་མི་ཞིག་གིས་གཞན་གྱིས་འབུལ་བའི་ཅ་ལག་སོགས་ཁུར་ནས་འགྲོ་སྐབས་དེར་འདུས་མི་ཡོངས་ཀྱིས་མགྲིན་གཅིག་ཏུ་ཨོ་གཡང་འཁོར་གཡང་འཁོར་ཞེས་སྐད་གསང་མཐོན་པོས་འབོད་དགོས། དེ་ནས་ཡང་ཞང་པོ་རྒན་པས་བྲོ་གཏམ་ཞིག་བཤད་ཞོར་དུ་གཉེན་སྟོན་ལ་ཕེབས་པའི་གཉེན་ཉེ་རིང་དང་དགའ་ས་མཐུན་སའི་མགྲོན་པོ་དག་ལ་ཁྱིམ་ཚང་གིས་ཟས་སྣ་ཆང་སྣ་མང་པོ་དྲངས་ཏེ་གླུ་གར་དང་ཟས་བཅུད་ལ་རོལ་བས་མཚན་མོ་ཡོལ། སང་ཉིན་ཞོགས་པ་སྔ་པོ་ཡར་ལངས་ནས་འགྲོ་ཆས་སྤྲས། ཞོགས་ཇ་འཐུང་བ་དང་། དེ་ནས་རྟ་སྒ་རྒྱག་པ་དང་། བག་མའམ་མག་པ་བག་རོགས་སྐྱེལ་མི་རྣམས་ཀྱིས་གོས་གོན་པ་དང་། མགོ་རྒྱན། སྐེ་རྒྱན། ལུས་རྒྱན་སོགས་ཆ་ཚང་ཞིག་སྤྲས་པ་ཡིན། དེ་ནས་གླུ་པ་གླུ་མ་གཉིས་ཀྱིས་གླུ་ལེན་ནས་བཞུགས་གྲལ་ལ་འཁྲིད་ནས་ཡོང་། ཨ་ཞང་རྒན་པ་གྲལ་མགོར་འདུག ཨ་ཞང་གཞོན་པ་རྣམས་དེའི་རྗེས་ལ་གྲལ་སྟར་དུ་འདུག ཚ་བོ་གཉིས་དེ་ཚོའི་རྗེས་སུ་འདུག བག་མ་མག་པ་བག་རོགས་གཉིས་གདན་གྱི་ཐོག་ཏུ་རི་མོ་བྲིས་པ་ཞིག་ཏུ་འདུག དེ་ནས་ཞང་པོ་རྒན་པ་དེ་ཡར་ལངས་ནས་མདའ་རྟེན་གཏམ་བཤད་ཅེས་ཚ་བོས་མར་འཁྱེར་ཡོང་པའི་ཅ་ལག་རྣམས་ལ་བསྟོད་པ་ཕུལ་བའི་གཏམ་ཞིག་བཤད་པ། གཏམ་རྒྱས་པ་ཞིག་བཤད་ཚར་རྗེས་ཚང་མ་ཡར་ལངས་ནས་མི་ཞིག་གིས་མདའ་རྟེན་འཁྱེར་ནས་སྔོན་ལ་འགྲོ་ཞིང་དེ་རྗེས་མི་རྣམས་ཀྱིས་གཞན་པ་རྣམས་འཁྱེར་ནས་སྐོར་བ་གསུམ་རྒྱག་པ་དང་། ཨོ་གཡང་འཁོར་ཟེར་ནས་ཁྱིམ་ནང་དུ་འོང་། གཉེན་ཉེ་རིང་ཚང་མའི་སྐྱེལ་ཆང་བླུག་པའི་དུས་ཚ་བོས་སྐྱེལ་ཆང་འདྲེན་མཁན་རྣམས་ལ་ཁ་དར་རེ་དང་སྒོར་མོ་བཅུ་ཙམ་རེ་བྱིན་དགོས་པ་ཡིན།

བཞི་པ། གཉེན་ལམ་དུ་སྐྱེམས་ཆང་གི་བསུ་མ་བྱེད་པ།

གོ་རིམ་འདིའི་ནང་གཙོ་བོ་ལམ་དུ་མཆིས་ཤིང་གཉེན་སློང་མཁན་ཚང་གི་སྒོ་ཁར་སླེབས་ནས་ཁྱིམ་ལ་མ་ཐོན་བར་གྱི་གོམས་སྲོལ་སྐོར་ཡིན་ལ། དེ་ཡང་ལམ་དུ་འགྲོ་བའི་སྐབས་སུ་ཆུ་ལེན་མཁན་དང་མེ་ཤིང་འཁུར་མཁན་སོགས་དང་ཐུག་ན་རྟེན་འབྲེལ་ལ་བརྩི་ཡི་ཡོད། ལམ་ཐག་རིང་ན་ལམ་དུ་ཚ་ཞོག་རྒྱག་སར་ཇ་ཆང་ཟས་སྦྱོར་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱེད་དགོས། དེ་ནས་ཚུར་ཕྱོགས་ཀྱི་ཁྱིམ་ནང་མ་སླེབས་བར་དུ་ལམ་ཁར་བསུ་ཆང་འདྲེན་མཁན་ཞེས་མི་ཁ་ཤས་བསུ་བར་ཡོང་། དེ་ཚོ་ལ་བསུ་རིང་ཞེས་ཟེར་བ་ཡིན། ཁོང་ཚོའི་འདུག་ས་ས་གདན་མདུན་ཅོག་དང་ཆང་འཐུང་རྒྱུ་སོགས་གྲ་སྒྲིག་བྱེད་ཀྱི་ཡོད། དེ་ནས་འགྲོ་སྐབས་བག་མའི་རྟ་ཁ་བསུ་རིང་བྱེད་མཁན་གྱིས་འཁྲིད་དགོས་པ་ཡིན། དེ་ནས་ཅུང་ཙམ་སོང་རྗེས་ཡང་བསུ་སྐེད་ཅེས་བར་དུ་བསུ་མ་བྱེད་མཁན་ཡོད། ཡང་ཅུང་ཙམ་སོང་རྗེས་བསུ་ཐུང་ཞེས་ཡོད། དེ་ནས་ཚུར་ཕྱོགས་ཁྱིམ་ཚང་གི་སྒོ་འགྲམ་དུ་སླེབས་སྐབས། ཁང་པའི་ཐོག་ཏུ་བསང་གཏོང་བཞིན་ཡོད། བསང་གཏོང་མཁན་ཀྱི་མི་དེ་ནི་གཡང་ལེན་བླ་མ་ཡིན། ཁོང་གི་འགྲམ་དུ་གཡང་སྐོར་མཁན་གྱི་མི་གང་མང་ཞིག་བསྡད་ཡོད། ཁོང་ཚོ་ནི་བག་མའམ་མག་པ་སླེབས་སའི་བུ་བུ་མོ་དང་བག་རོགས་སོགས་ལ་དབང་པོར་སྐྱོན་མེད་མཁན། ཕ་མ་གཉིས་འཛོམས་ཀྱི་མི་རྣམས་འགྲོ་དགོས། བུ་བུ་མོ་ཡིས་མདའ་རྟེན་འཁྱེར་བ་དང་བག་རོགས་ཀྱིས་ཕྱེ་མར་འཁྱེར་བ། མི་གཞན་རྣམས་ཀྱིས་ཆུ་དང་འོ་མ་འཁྱེར་བ། ལ་ལས་ཇ་འཁྱེར་བ། ཡང་ལ་ལས་གྲོ་སྙེ་འཁྱེར་ནས་སྐད་ཤུགས་ཆེན་པོའི་སྒོ་ནས་ཨོ་གཡང་འཁོར་ཞེས་ཟེར་ནས་བསུ་བ་བྱས། ཁྱིམ་ཚང་གི་སྒོ་ཁར་རྟ་བབས་བཞག་ཡོད། རྟ་བབས་ཀྱི་གཡས་གཡོན་ན་བུ་བུ་མོ་རྣམས་ཀྱིས་རྒྱན་སྤྲས་ནས་གཡང་འབོད་བྱེད། ལགས་སོ་ཞུ་མཁན་མི་གཉིས། བསུ་ཆང་འདྲེན་མཁན་མི་གཉིས། དུག་བསང་འབུད་མཁན་མི་གཅིག ཟངས་དཀར་ནང་ཆུ་དང་འོ་མ་དཀྲུགས་མཁན་གཅིག་བཅས་གྲ་སྒྲིག་བྱས་ཡོད། གཉེན་སྒྲིག་བསུ་སྐྱེལ་རྣམས་ཀྱིས་ཁང་པ་དེ་མཐོང་བའི་སྐབས་ཁང་པའི་ཐོག་ཁར་ཡོད་མཁན་རྣམས་ཀྱིས་བསང་གཏོང་བ་དང་མི་རྣམས་ཀྱིས་ཨོ་གཡང་འཁོར་ཟེར་འབོད་ཀྱི་ཡོད། རྟ་པ་རྣམས་རྟ་བབས་འགྲམ་ལ་སླེབས་དུས་གཡོན་སྐོར་གསུམ་བརྒྱབ་རྗེས། དེ་ནས་རྟ་ཁར་འཇུས་པ་མ་ཟད། བག་མའམ་མག་པ་ལ་མོ་རྩིས་ནང་དུ་བབས་པའི་ལོ་རྟགས་འཕྲོད་པ་ཞིག་གིས་རྟ་ཁ་འཛིན་དགོས། དེ་ནས་ཞང་པོ་རྒན་པའི་སྡེ་པ་འདི་ཚང་གི་དར་ཁ་ཡར་ཞུ་བྱེད་མཁན་སུ་ཡོད་ཅེས་ཟེར། དེ་དུས་མི་གཉིས་ཀྱིས་ཁ་ནས་ལགས་སོ་ལགས་ཞེས་ཟེར་བ་དང་ལག་ཏུ་ཁ་དར་འཁྱེར་ནས་འོངས་ཏེ་མདུན་དུ་སླེབས་དུས་འོ་བརྒྱལ་ཨེ་བྱུང་ཐལ། རྟ་ཁ་འཇུ་ཆོག་པ་དང་ཆིབས་ཁ་ལྷོད་ཆོག་པ་ཞིག་བཀའ་དྲིན་ཆེ་ཟེར་ནས་ཁ་དར་དཀར་པོ་རེ་འབུལ། དེ་ནས་ཞང་པོའི་ཆིབས་ཁ་ལྷོད་ཆོག རྟ་ཁ་འཇུ་ཆོག འོ་བརྒྱལ་ཆེ་ཐལ། ཁྱོད་ཚ་བོ་རྣམ་པ་གཉིས་འོ་བརྒྱལ་དེ་ལས་ཆེ་བྱུང་ཟེར་བ་བཅས་རྒྱུ་མཚན་གང་མང་ཞིག་བཤད་ཀྱི་ཡོད།

ལྔ་པ། ཞང་པོ་སོགས་བག་མ་བསུ་མཁན་ཁྱིམ་དུ་འབྱོར་བ།

དེ་ནས་ཞང་པོ་སོགས་གཉེན་སྐྱེལ་མི་སྣ་དག་ཁྱིམ་དུ་ཕེབས་ནས་བཞུགས་པའི་སྐབས་སུ་ཞང་པོས་བཞུགས་གྲལ་གྱི་གཏམ་བཤད་སྲོལ་ཡོད། བཞུགས་གྲལ་གྱི་གཏམ་བཤད་ཚར་རྗེས། ད་དུང་སྔོན་གྱི་སྲོལ་རྒྱུན་དུ་ཁྲབ་རྨོག་བཅུ་གསུམ་ཕུད་ནས་ཡར་དཔྱངས་བའི་གཏམ་ཞིག་བཤད་སྲོལ་ཡོད། དེར་ཞང་པོ་རྣམས་ཀྱིས་གའུ་དང་མཚོན་ཆ་སོགས་རང་རང་གི་ལུས་ནས་མར་ཕུད་ཅིང་ཀ་བ་སོགས་ལ་དཔྱངས་ནས་རང་རང་གི་གྲལ་དུ་བཞུགས་ནས་མདུན་གྱི་ཅོག་ཙེའི་སྟེང་ཟ་མ་ཕུན་སུམ་ཚོགས་པར་གྲལ་སྒྲིག་ཅིང་ཟ་འཐུང་ཡིད་ཚིམ་པར་བྱས། ཅུང་ཙམ་སོང་རྗེས། མག་པའམ་བག་མ་དང་དེར་བུའམ་བུ་མོ་གཉིས་ཏེ་གཉེན་སྒྲིག་གི་བུ་དང་བུ་མོ་གཉིས་ལ་གཉེན་ཉེ་རིང་གྲོགས་པོ་གྲོགས་མོ་དག་ལས་གཙོ་བོ་ཁ་ཤས་ཤིག་གདམ་ནས་ཁ་དར་བཏགས་ཞེས་ལེགས་སྐྱེས་འབུལ་བ་དང་ལུས་ལ་ཁ་དར་འདོགས་དགོས། དེ་ནས་གླུ་པ་གླུ་མ་གཉིས་ཀྱིས་གླུ་ལེན་ནས་མགྲོན་ཤག་ནང་དུ་འཁྲིད་ཡོང་དགོས། བུ་དང་བུ་མོ་གཉིས་ཕར་ལྟ་ཚུར་ལྟ་བྱེད་དུ་བཅུག་ཅིང་ཁ་སྤྲོད་བྱས་ནས་བསྡད། དེ་དུས་ཞང་པོས་རྒྱལ་རབས་ཀྱི་གཏམ་མམ་ས་བསྟོད་ཀྱི་གཏམ་གང་རུང་ཞིག་བཤད་ན་ཆོག དེ་ནས་ཁ་དར་བཏགས་ཞེས་གཉེན་ཉེ་རིང་དང་མཛའ་མཐུན་གྲོགས་པོ་དག་གིས་བརྫངས་བ་རྒྱག དེ་རྗེས་གོང་དུ་བཤད་པ་བཞིན་མདའ་བཤད་ཀྱི་གཏམ་བཤད། ཚར་རྗེས་གཡང་འབོད་བླ་མའི་གཡང་ལས་བཞུགས། དེ་རྗེས་བུ་བུ་མོ་གཉིས་ཀྱི་ཁ་དར་རྣམས་མར་ཕུད་ནས། ཞང་པོས་མདུད་པ་གཉིས་བརྒྱབ་ནས་ཀ་བ་ལ་བཀོན། དེ་ནས་ཞང་པོས་གོང་དུ་བཤད་པ་བཞིན་བྲོ་གཏམ་བཤད། བཤད་ཚར་རྗེས་ཞང་པོ་རྣམས་དང་ཚ་བོ་བུ་དང་བག་རོགས། བུ་མོ་དང་བག་རོགས། ཚང་མས་བྲོ་ར་ཞིག་བསྐོར་ནས་འཛོམ་བྲོ་དང་སྨོན་བྲོ་སོགས་འཁྲབ། དེའི་དགོང་མོར་གཉེན་སྟོན་ལ་ཕེབས་པའི་གཉེན་ཉེ་རིང་གྲོང་མི་ཁྱིམ་མཚེས་སོགས་མང་པོ་མཉམ་དུ་འཛོམས་ནས་ཟ་བཏུང་ལ་རོལ་ཞིང་བཀྲ་ཤིས་པའི་སྨོན་ཚིག་བཅས་དགའ་སྐྱིད་དཔལ་ལ་རོལ་ནས་སང་ཉིན་ཉི་མ་མ་ཤར་བར་དུ་བསྡད་སྲོལ་ཡོད་དོ།

(ཀུན་བཟང་དཔའ་མོ། དཀར་མཛེས་ཀྲོའུ་ཁམས་པའི་རིག་གནས་ཞིབ་འཇུག་པ)


མཉམ་སྤྱོད།