དེ་རིང་ནི2025ལོའི་ཟླ12པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྨོན་ལམ་མཐོན་པོ་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་པའི་མཐོ་སྒང་གི་སྒེའུ་ཁུང་དེ་ཡིན།(རྩོམ་པ་པོ་ཀརྨ་ཚེ་བརྟན)

2025-12-08 11:23:17   |   55

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


སྨོན་ལམ་མཐོན་པོ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་ཀྱི་མཚོ་སྔོན་པོའི་བྱང་རྒྱུད་དུ་བརྗིད་ཆགས་པར་གནས་ཤིང་། མཚོ་འཕགས་ལ་སྨི4024ཡོད་པ་དང་། མཚོ་བྱང་ཁུལ་གྱི་ཁུལ་སྲིད་གཞུང་ཆགས་སའི་ནུབ་མཚོ་གྲོང་རྡལ་ནས་ལེ་དབར18མཚམས་སུ་གནས་ཡོད། འགུག་ཤུགས་ཀྱིས་ཀུན་ནས་ཕྱུག་པའི་རི་བོ་ཆེན་པོ་འདི་ཉིད་སྤྲིན་དཀར་གྱིས་མཐའ་ནས་བཀྱགས་པའི་བར་སྣང་གི་མེ་ཏོག་ལྡུམ་ར་ཞིག་དང་འདྲ་ལ། རི་བོ་དང་མཚོ་མོ་གཅིག་ཏུ་སྦྲེལ་བ། འཇིག་རྟེན་དང་མི་རྣམས་ལྷན་དུ་འདྲེས་པའི་མཐོ་སྒང་གི་སྒེའུ་ཁུང་ཞིག་དང་དེ་བས་ཀྱང་མཚུངས་སོ། །“མདོག་ལྔའི་དག་ཞིང་སྟེ་འཆར་ཡན་མཚོ་བྱང”དུ་ཕེབས་ཤིང་། སྨོན་ལམ་མཐོན་པོའི་རྩེ་མོར་འཛེགས་ཚེ། ད་གཟོད་ཆེས་མཛེས་པའི་རི་ཆུའི་ལོ་རྒྱུས་སྙན་ངག་ལ་གཟིགས་ཐུབ།

1.jpg

སྨོན་ལམ་མཐོན་པོའི་དུས་ཚིགས་བཞི་ཡིས། ང་ཚོའི་སེམས་ཁོང་དྲོད་ལམ་ལམ་དུ་གཏོང་ངེས་ཏེ། སྨོན་ལམ་མཐོན་པོའི་རི་རྒྱུད་རིང་དུ་བརྐྱངས་ཤིང་མཐོ་དམའ་མི་སྙོམས་པ་དང་། ཐིག་རིས་སྒེག་ཉམས་གསལ་བ། བྱེ་རླུང་དང་ལོ་ཟླས་ཡང་དང་བསྐྱར་དུ་བརྡེབས་རྗེས་ཀྱི་དྲོད་འཇམ་འོད་མདངས་དེ་གདོད་མ་ནས་མ་བཅོས་ལྷུན་གྱིས་གྲུབ་ཡོད་པས། དེ་ཉིད་རང་བྱུང་ཁམས་ཆེན་མོས་རིག་པའི་རྩལ་གྱིས་བསྐྲུན་པའི་འབུར་བརྐོས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཤིག་དང་འདྲ་བར། དུས་བཞི་རེས་མོས་སུ་བསྐྱོད་པའི་ལང་ཚོ་འབུར་དུ་བརྐོས་ཡོད། དཔྱིད་ཀར། དཔྱིད་རླུང་གིས་དལ་བུར་རྡེག་པ་དང་ལྷན་དུ་དཔྱིད་ཀྱི་ཉམས་མདངས་ཕྱོགས་རྣམ་ཀུན་ནས་ཤར་ཡོང་བ་དང་། སྐྱ་ཐག་ཆོད་པའི་རྩྭ་སྐམ་གྱི་འོག་ཏུ། ཚོམ་བུ་ཚོམ་བུ་བྱས་པའི་ལྗང་མྱུག་གི་མགོ་བོ་བཏེགས་ཤིང་། འགྲོ་བའི་སེམས་ཀྱི་རྒྱུད་སྐུད་ལྷོད་ཀྱིས་དཀྲོལ་བར་བྱེད། རི་འདབས་ཀྱི་མཚོ་སྔོན་པོའི་མཚོ་དར་སེར་ཀ་གད་མ་ཐག་ཡིན་ལ། འཁྱག་དར་ལེབ་མོ་ཆེན་པོ་ཕན་ཚུན་བཙུར་པ་དང་བརྡེབས་པ་ལས་སྒྲ་ཆེན་མོ་གཏིང་རིམ་ནས་མཆེད་ཡོང་ཞིང་། དཔྱིད་ཀའི་ཆེས་བརྗིད་ཆེ་བ་དང་ཆེས་གདོད་མའི་དུང་བརྡ་བསྒྲགས་འོངས། དབྱར་ཁར། རྩྭ་རྩི་ཤིང་རབ་ཏུ་རྒྱས་པ་དང་། ལྗང་མདོག་ཀུན་ཏུ་ཁྱབ་པ། ཁ་དོག་སྣ་ཚོགས་རྣམ་པར་བཀྲ་བའི་རི་སྐྱེས་མེ་ཏོག་གིས་སྨོན་ལམ་མཐོན་པོ་མཛེས་པར་སྤྲས་པ་ནི་ཚོས་སྒྱུར་གཞོང་བ་རྟིང་འོག་བརྗེས་པ་ལྟར་སྣང་ལ། མཚོ་སྔོན་གྱི་སྤེན་སེར་མེ་ཏོག་གི་རྒྱ་མཚོ་ཆེ་ཤོས་དེ་རི་བོའི་དབུ་རྩེར་མངོན་པ་དང་། སྨོན་ལམ་མཐོན་པོས་འཕྱོར་སྒེག་ལྡན་པའི་ཕྱི་གོས་ཀྱིས་སྐུ་ལ་མཛེས་པར་བརྒྱན་ཅིང་། གསེར་མདོག་གི་ཞྭ་མོ་དབུ་ལ་མནབས་ཡོད། བསིལ་རླུང་ལྡང་བ་དང་། ཁྲ་ལམ་ལམ་གྱི་མེ་ཏོག་གི་རྒྱ་མཚོ་བསྐྱོན་པ་ལས་བྱུང་བའི་རླབས་རིས་ནི། ཚོན་མདོག་རྣམ་པར་བཀྲ་བའི་རོལ་མོ་དཀྲོལ་པ་དང་ཀུན་ནས་མཚུངས་སོ། ། སྟོན་ཀར། ཀུན་ལ་ཁྱབ་པའི་ལྗང་མདོག་དེ་ཐོག་མར་དམར་མདངས་མངོན་པ་དང་། དེ་ནས་རིམ་བཞིན་སེར་པོར་འགྱུར་ལ། མཐའ་མར་ཐམས་ཅད་དཀར་བོངས་བོངས་བྱེད། འདིའི་སྐབས་ཀྱི་སྨོན་ལམ་མཐོན་པོ་ནི་འཇིག་རྟེན་གཞན་ཞིག་ཏུ་གྱུར་ཡོད། རི་ངོས་ཀྱི་ཆུ་འཁྱིལ་ཆུང་ཆུང་རེ་རེ་ནི་སྐར་ཚོགས་དང་འགྱིག་རྡེའུ་ལྟར་མངོན་ཞིང་། ནམ་མཁའི་མེ་ལོང་འདི་ཉིད་ལ་གས་ཆག་ཐེབས་པའི་ཚུལ་དང་ཀུན་ནས་མཚུངས། སྟོན་རླུང་གིས་སྐར་མདའི་སྐད་ཅིག་མའི་འོད་ཟེར་ལ་རེག་པ་ནི། འདུ་འཛི་འཇགས་པའི་བདེ་ལྷོད་བསྩལ་པ་ལྟར་གྱུར་ཏོ། ། དགུན་ཁར།“རི་བོས་བྲོ་འཁྲབ་དངུལ་སྦྲུལ་རྒྱུ་བ་ལྟར། གླང་ཆེན་སྨྱོན་པ་རིངས་པར་རྒྱུག་འདྲ་ནི། ནམ་མཁའི་མཐོ་ལ་འགྲན་སེམས་སྐྱེས་སྙམ་འདྲ།” ཁ་བས་མིག་གིས་མཐོང་ཚད་རྣམ་པར་གཡོགས་པ་དང་། མུ་འབྲེལ་དུ་ཡོད་པའི་རི་བོ་ནི་དངུལ་དཀར་གྱི་རླབས་རིས་དང་མཚུངས་ལ། ཉི་འོད་ཀྱི་བྱིན་རླབས་འོག་ཏུ་གསེར་མདོག་གི་འོད་ཞགས་རིང་མོ་འཕྲོ་བཞིན་ཡོད་པ་ནི་མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་རེད། གནམ་སའི་བར་དུ་ཆོས་ཐམས་ཅད་སྟོང་འཇགས་སུ་གནས་ཤིང་། རླུང་བུ་ཡང་ཧ་ལམ་ལྡང་མཚམས་བཞག་པ་དང་འདྲ་བར། གངས་རི་ཆེན་པོ་ཁོ་ནས་ད་གཟོད་འཛིན་མའི་གཞི་ལ་སྤྱན་གྱིས་འཚོས་པ་ལྟར་སྣང་ངོ་།

2~1.jpg

སྨོན་ལམ་མཐོན་པོའི་གཞི་རྒྱུ་ཡིས་ང་ཚོའི་དད་མོས་ཇེ་བརྟན་དུ་བཏང་ཡོད། སྨོན་ལམ་མཐོན་པོ་ནི་ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་གསར་བཟོའི་རྟེན་གཞི་དང་པོ་སྲུང་བའི་རང་བྱུང་གི་ཡོལ་འགོག་ཡིན་ལ། དེ་ནི་མཚོ་འཕགས་ཀྱི་མཐོ་ས་ཡིན་ལ། སྙིང་སྟོབས་ཀྱི་མཐོ་ས་ཡང་ཡིན། རི་སྟེང་དུ་དེ་སྔོན་དམག་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བའི་མཁའ་དམག་མཐོ་སྒྱོགས་རུ་ཁག་གི་བསྡད་ཤུལ་ཡོད་པ་དང་། དཔུང་དམག་རྣམས་འཚོ་བ་རོལ་མྱོང་བའི་དམག་སྒར་དང་མཐོ་སྒྱོགས། རཱ་ཏར་གཡུལ་ས་སོགས་ཀྱི“སྤྲིན་ཐོག་སྒར་གཞོང”ཤུལ་བཞག་སྔར་བཞིན་གསལ་པོར་མཐོང་ཐུབ་ཅིང་། ཆེས་མཛེས་པའི་ལོ་རྒྱུས་ཀྱི་དྲན་པ་ལོ་ཟླའི་གཞུང་ལ་དུས་གཏན་དུ་འཇགས་པར་བྱས་ཡོད། རི་རྩེའི་མཚོ་འཕགས4024ཅན་གྱི་དམག་དཔོན་གདོང་སྣ་ནི། དེ་སྔོན་བློ་མཐུན་ཏིང་ཞའོ་ཕིང་གིས་ཁ་བ་རྡོག་པོས་མནན་ནས་གཟིགས་ཞིབ་ཏུ་ཕེབས་མྱོང་བ་དང་། ཉིའི་རུང་ཀྲེན་དང་ཀྲང་ཨའེ་ཕིང་། ཁྲེན་ཧྲི་ཅི་སོགས་དམག་དཔོན་རྣམས་སྐུ་དངོས་སུ་འགོག་སྲུང་བཀོད་སྒྲིག་ཏུ་ཕེབས་མྱོང་། དམག་དཔོན་གདོང་སྣར་གོམ་པའི་འདེགས་འཇོག་དལ་བུར་སྐྱོད་ཅིང་། དམག་དཔོན་ཕེབས་མྱོང་བའི་ལམ་དུ་བསྐྱོད་པ་དང་། ཁོང་ཚོར་བསིལ་སྣང་སྦྱིན་མྱོང་བའི་རླུང་བུས་གདོང་ལ་རེག་པ་ན། གོམ་པ་རེ་རེ་ཡང་ལོ་རྒྱུས་ཀྱི་ཕྱིར་དྲན་ཡིན། སྨོན་ལམ་མཐོན་པོའི་རི་འདབས་ཀྱི་མཁའ་དམག་ས་ཁུང་འཕུར་མདའ་སྒེར་ཚུགས་སྒར་དམག་བཅུ་གཉིས་པའི་ཤུལ་རྙིང་དང་གྲུ་ཁའི་ཁྲ་སེང་གི་རྡོ་སྐས་ཀྱིས་སྐབས་དེའི་གཟི་འོད་འཕྲོ་བའི་ལོ་ཟླ་བརྗོད་བཞིན་མཆིས་པ་དང་། ཀྲུང་གོའི་བཟོ་ལས་ཤུལ་ནོར་སྲུང་སྐྱོང་མིང་གཞུང་དང་རྒྱལ་ཁབ“བཟོ་ལས་ཤུལ་ནོར་སྲུང་སྐྱོང་བེད་སྤྱོད་དཔེ་མཚོན”བསྒྲགས་ཐོ། “སྤྱི་མཐུན་རྒྱལ་ཁབ་ཀྱི་བཀའ་རྟགས་ཀྱི་རྒྱལ་ཁབ་རིམ་པའི་བསྒྲགས་ཐོ་བཅས་སུ་ཚུད་པའི་ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞི་དང་པོའི་ཤུལ་རྙིང་ཁང་པའི་ཚོགས་ལ་གཟི་འོད་ལམ་ལམ་འཕྲོ་བཞིན་འདུག དེ་ཚོ་ནི་ས་གཞི་ཆེན་མོར་བྲིས་པའི་རྔམ་བརྗིད་སྟོང་གིས་ཕྱུག་ཅིང་དཀའ་སྤྱད་གཟི་བརྗིད་ལྡན་པའི་དམར་པོའི་ལེའུ་ཡིན། ཐུན་མོང་མ་ཡིན་པའི་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་གིས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རླབས་པོ་ཆེའི་གནམ་སར་སེམས་འགུལ་ཐེབས་སུ་བཅུག་ཚུལ་དང་བརྗིད་ཉམས་འགྲེལ་བཤད་གནང་བཞིན་ཡོད། མཚོ་འགྲམ་གྱི“མརྒད་མཚོ”དང་མཚོ་སྔོན་གྱི“སའེ་ཧན་པའེ”རུ་གྲགས་པའི་ཁི་ཐུའུ་བྱེ་བཅོས་ཁུལ་དུ། “རི་གཉིས”གཞུང་ལུགས་གསོན་ཉམས་དོད་པོས་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སེམས་འགུལ་བའི་གཏམ་རྒྱུད་བརྩེ་བ་ཟབ་མོས་འཆད་བཞིན་འདུག སྨོན་ལམ་མཐོན་པོ་ནི་མཚོ་བྱང་ས་གཞི་ཆེན་མོའི་ཐོག་བཀྲག་མདངས་འཚེར་བའི་དམར་པོའི་རྡོག་པོ་ཞིག་དང་འདྲ་ལ། དམར་མདངས་གསར་པའི་དར་ཆ་ཞིག་རླུང་བུའི་ཁྲོད་ལྷབ་ལྷུབ་ཏུ་སྐྱོད་པ་དང་ཡང་མཚུངས་པར། དུས་གཏན་དུ་ཡིད་ཆེས་ཀྱི་འོད་མདངས་འཕྲོ་བཞིན་མཆིས།

3.jpeg

སྨོན་ལམ་མཐོན་པོའི་ལྗིད་ཚད་ཀྱིས་ང་ཚོའི་བླ་སྲོག་གི་ར་རོ་ཕྱི་དོར་བྱེད། སྨོན་ལམ་མཐོན་པོ་ནི་གནས་རིའམ་གཞི་བདག་གི་མིང་ཡིན་པ་དང་། དེ་ནི་མཚོ་སྔོན་པོའི་གནས་བདག་གྲས་ཀྱི་གཅིག་ཡིན། ཁུ་ནུ་རིག་གནས་དང་རོང་འབྲོག་རིག་གནས། དམར་པོའི་རིག་གནས། ལོ་རྒྱུས་རིག་གནས། ཆོས་ལུགས་རིག་གནས། རོལ་དབྱངས་རིག་གནས་བཅས་ཀྱི་གཟི་མདངས་ཕན་ཚུན་ལ་འཚེར་ཞིང་། ཐུན་མིན་གྱི་དགེ་མཚན་འབར་ཡོད། ངག་རྒྱུན་ཡག་པོས་ངོ་མཚར་རུས་བླ་དང་། ཀྲོའུ་མུའུ་རྒྱལ་པོ་དང་ནུབ་ཀྱི་རྒྱལ་མོ་དུས་ཆད་འདེབས་སའི་ཡའོ་ཁྲི་མཚེའུ་སྟེ་མཚོ་སྔོན་པོ། ལོ་ནས་ལོ་ལ་ཡང་དང་བསྐྱར་དུ་སྤེལ་བཞིན་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་མཚོ་སྔོན་པོའི་མཚོ་བསྟོད་བཅས་ཞིབ་བརྗོད་བྱེད་བཞིན་ཡོད། གླིང་གེ་སར་རྒྱལ་པོ་དང་སེང་ལྕམ་འབྲུག་མོའི་ལུག་ཁྱུ་ནི་རི་མགོའི“སྐྱེ་གསུམ་ཕ་བོང”དུ་གྱུར་ཡོད། རི་འདབས་སུ་གནས་པའི་ནུབ་མཚོའི་ཅུན་གྱི་གནའ་མཁར་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཡིན་ལ། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཀྱི་དྲན་པ་བརྐོས་ཤིང་། གྱང་ལེབ་རེ་རེས་ཀྱང་ལོ་རྒྱུས་ཀྱི་དབང་རྩར་རེག་ཐུབ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ། པཎ་ཆེན་སྐུ་ཕྲེང་བཅུ་པ་བཅས་ཀྱིས་དེ་སྔོན་སྨོན་ལམ་མཐོན་པོར་སྐུ་དངོས་སུ་ཞབས་ཀྱིས་བཅགས་མྱོང་བ་དང་། མིང་རྒྱལ་རབས་ཝན་ལི་དུས་སྐབས་སུ་བཞེངས་པའི་དགེ་ལུགས་པའི་དགོན་པ་ལ་མོ་སྒར་ནི་རི་ཁུལ་དུ་དབེན་པར་གནས་ཤིང་། གསེར་འོད་ལམ་ལམ་འཕྲོ་བའི་འདུ་ཁང་ཆེན་མོ་ནས་ཆོས་སྐད་ལྷང་ལྷང་དུ་གྲགས་འོངས་ལ། དེ་ལས་མི་རྣམས་ཀྱིས་ཤེས་རབ་དང་ཞི་མཐུན་འཚོལ་སྙེག་གི་འདུན་པ་བརྟན་པོ་མངོན་བཞིན་མཆིས། སྨོན་ལམ་མཐོན་པོས་གསར་འགོད་པ་གྲགས་ཅན་ཀྲུའུ་ཏིང་གི་གསར་རྩོམ་གྱི་ཚོར་འདུ་དྲག་པོ་བསླངས་ཤིང་། ཁོང་གིས་བརྩམས་པའི《གསེར་བུམ་ལྟ་བུའི་རི་ཆུང》ཞེས་པའི་གླུ་གཞས་ལས་མཚོ་སྔོན་པོའི་སྨོན་ལམ་མཐོན་པོའི་ཚེ་སྲོག་དང་རླབས་ཆེན་དབུ་མཛད་ཀྱི་དགའ་གཅེས་གཞས་སུ་བཏང་ཡོད། རི་འདབས་ཀྱི་དཀར་ཐང་མར་ཁུ་མཚོ་མོའི་རྩྭ་ཐང་ནི། གླུ་གཞས་གྲགས་ཅན《རྒྱང་རིང་གི་ས་ཆ་དེ་ན》ཞེས་པའི་འཁྲུངས་ས་ཡིན། སྨོན་ལམ་མཐོན་པོ་ནི་རིག་གནས་ཀྱི་རྨང་རྐང་ལྗིད་པོ་ཁུར་དུ་བསྣམས་པའི་མཐོ་སྒང་གི་གཅེས་ནོར་ཡིན་ཞིང་། དུས་གཏན་དུ་ས་གཞི་འདིའི་མ་འོངས་པ་དང་ད་ལྟ་བ་བདག་སྐྱོང་བྱས་ཡོད། གནས་འདི་རུ་གནའ་དེང་གི་དུས་སྐབས་མ་བརྒྱུད་ཀྱང་། ལོ་རྒྱུས་ལ་གླེང་མོལ་བྱེད་ཐུབ།

4.png

སྨོན་ལམ་མཐོན་པོའི་མཛེས་ལྗོངས་ཀྱིས་ང་ཚོའི་མིག་དབང་ཅིག་ཅར་ཏུ་འཕྲོག་པར་བྱེད། སྨོན་ལམ་མཐོན་པོས་གནམ་སྔོན་པོ་ཡར་ལ་འདེགས་ཐུབ་ཅིང་ས་དོག་མོ་མར་ལ་གནོན་ཐུབ། སྨོན་ལམ་མཐོན་པོའི་རི་རྩེར་འགྲེང་ཚེ། “ཐའེ་ཧྲན་རི་རྩེར་འཛེགས་གྱུར་ཚེ། །རི་ཀུན་ཆུང་བ་ཉིད་དུ་མཐོང་། །”ཞེས་པའི་སྤོབས་པ་སྐྱེད་པ་དང་། “རི་ལུང་ཅི་འདྲའི་ཉམས་དགའ་ཨང”སྙམ་པའི་སྐྱིད་སྣང་ཡང་སྟེར། གནས་འདིའི་ཟུར་གང་རུང་ཞིག་ནས་ཀྱང་རི་ཆུའི་མཛེས་རིས་ཡག་ཤོས་དེ་མཐོང་ཐུབ་སྟེ། བྱང་ཕྱོགས་ལ་བལྟས་ཚེ། སྙན་པའི་གྲགས་པ་རྒྱལ་ཡོངས་ལ་ཁྱབ་པའི་དཀར་ཐང་མར་ཁུའི་མཚོ་མོ་དེ་ཉིད་ལྗང་མདོག་གི་ས་གདན་ཞིག་དང་འདྲ་བར་གནམ་མཐའི་མཚམས་ཀྱི་གངས་རིའི་མདུན་དུ་བརྐྱངས་འདུག་ལ། རྒྱང་རིང་དུ་ལེབ་མོ་ལེབ་མོར་གྲུབ་པའི་ཀེ་ཚེ་ཞིང་གི་མེ་ཏོག་ནི་གསེར་མདོག་གི་དབྱངས་འགྲོས་ཤིག་ཏུ་སྣང་ལ། དེས་འོས་ཤིང་འཚམ་པའི་སྒོ་ནས་རྩྭ་ཐང་དང་གངས་རི་སོ་སོར་ཕྱེ་ཡོད། ལྷའི་བཟོ་པ་བི་ཤྭ་ཀརྨའི་ལག་རྩལ་ལས་འཁྲུངས་པ་ལྟ་བུའི་སྐྱེ་ཁམས་ཀྱི་བརྩམས་ཆོས་ལེགས་པོ་འདི་ལས། ཞིང་ལས་དཔལ་ཡོན་དང་འབྲོག་ལས་དཔལ་ཡོན་འདྲེས་སྦྱོར་ལེགས་པོ་བྱུང་བ་མཚོན་ཡོད། ཁ་བ་ལྟར་དཀར་བའི་ལུག་ཁྱུ་ནི་མུ་ཏིག་རྩྭ་ཐང་དུ་བཀྲམ་པ་དང་མཚུངས་ཤིང་། སྙན་ངག་དང་འདྲ་ལ་རི་མོ་དང་ཡང་མཚུངས་པའི་གོས་ཆེན་ཐགས་སུ་བཏགས་ཡོད། “མཚོ་སྔོན་པོའི་མཛེས་ལྗོངས་ཧྲིལ་པོར་བལྟ་ན་སྨོན་ལམ་མཐོན་པོ་ཁོ་ན་མཆོག་གོ །” ལྷོ་ཕྱོགས་སུ་བལྟས་ན། “མཐོ་སྒང་གི་ཨིནྡྲ་ནཱ་ལ”སྟེ་མཚོ་སྔོན་པོར་མུ་མཐའ་མེད་ཅིང་། རླབས་རིས་སྔོ་ཡུག་ཡུག་ཏུ་གཡོ་ཞིང་ནམ་མཁའ་དང་གཞི་གཅིག་ཏུ་འདྲེས། ཆུ་བྱའི་རིགས་སྣ་ཚོགས་རང་དབང་གིས་རྩེན་པ་དང་། གཤོག་རླབས་ཀྱིས་ཆུ་ངོས་བརྡེབས་པ་ན། རླབས་རིས་ལངས་པར་བྱེད་ལ། འོད་ཟེར་རིམ་པ་ནས་རིམ་པར་འཕྲོས་འོངས། མཚོ་འགྲམ་དུ་བརྒྱུད་པའི་མཐོ་སྒང་གི་མཁའ་ལམ་སྟེ་མཚོ་བོད་ལྕགས་ལམ་ལས་སྐབས་དང་སྐབས་སུ་དུང་སྒྲ་ཆེན་པོ་གྲགས་འོངས་ལ། དེ་ནི《གསེར་བུམ་ལྟ་བུའི་རི་ཆུང》དང《རྒྱང་རིང་གི་ས་ཆ་དེ་ན》ཞེས་པའི་གླུ་གཞས་གཉིས་མཉམ་དུ་དཀྲོལ་ལེན་བྱས་པའི་རོལ་དབྱངས་དང་མཚུངས་པར། མི་རྣམས་ཀྱི་རྣ་བའི་བུ་རམ་དུ་འགྱུར་བཞིན་མཆིས། ཤར་ཕྱོགས་སུ་བལྟས་པ་ན། ཅིན་ཧྲ་མཚོ་ཁུག་གི་བྱེ་རི་མུ་འབྲེལ་དུ་ཡོད་ཅིང་། གསེར་མདོག་གི་རླབས་རྒྱུན་ཉི་མའི་ཚ་གདུང་ལ་ཕྱོགས་ནས་འདང་རྒྱག་ཅི་ཡང་མེད་པར་སྔོ་ཡུག་ཡུག་གི་མཚོ་ཆུར་མཆོང་བཞིན་ཡོད། ནུབ་ཕྱོགས་སུ་བལྟས་ན། མཚོ་སྙིང་མ་ཧཱ་དེ་བ་ནི་རེས་མངོན་རེས་སྦས་སུ་འདུག་ཅིང་། དེ་ནི་སྨུག་པའི་ཀློང་དུ་མེ་ཏོག་ལ་བལྟ་བ་དང་མཚུངས་ཤིང་། ངོ་མཚར་ཆེ་ལ་སྦས་ཡུལ་གྱི་སྣང་བ་ཡང་སྟེར། གནས་འདི་ན་མིག་ཟུང་གི་ཁ་ཕྱོགས་བོར་འགྲོ་བ་དང་། གོམ་པའི་འདེགས་འགྱོག་ཇེ་དལ་དུ་འགྱུར་བ། བསམ་གཞིག་གི་རིགས་ལམ་ཇེ་གསལ་དུ་འགྲོ་བ་སོགས། ཞིབ་བརྗོད་ཡོད་ཚད་ནི་ནུས་མེད་དང་ལྷག་མ་ཞིག་ཏུ་འགྱུར་འགྲོ། སྨོན་ལམ་མཐོན་པོའི་མཛེས་སྡུག་ནི་མཐོ་སྒང་ན་འགྲན་ཟླ་བྲལ་ལོ།

5.jpeg

སྨོན་ལམ་མཐོན་པོའི་ལུགས་སྲོལ་གྱིས་ང་ཚོའི་བསམ་ཕྱོགས་ཀྱི་ཁ་ལོ་སྒྱུར་བཞིན་ཡོད། མཛེས་སྡུག་ལྡན་པའི་སྨོན་ལམ་མཐོན་པོས་གནའ་བོའི་གཏམ་རྒྱུད་བསྣམས་ནས་ཡོང་། དུས་རབས་ཀྱི་འཕོ་འགྱུར་རབ་དང་རིམ་པ་བརྒྱུད་པ་ན། སྲོལ་རྒྱུན་དང་དེང་རབས་གནས་འདི་ན་ལྷན་དུ་འདྲེས་ཤིང་། འབད་འཐབ་མདུན་སྐྱོད་ཀྱི་གླུ་གཞས་ངག་ནས་གཏོང་བཞིན་མཆིས། གནས་འདི་ནི་རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་དཔེ་མཚོན་ལམ་ཐིག་ཡིན་པ་དང་། རྒྱལ་སྤྱིའི་ལྕགས་རྟ་ལུས་རྩལ་གྱི་གནས་མཆོག་ཡིན་ལ། རྐང་ཐང་པ་དང་སྒེར་འཁོར་ལྗོངས་རྒྱུ་པའི་ཞིང་ཁམས་ཀྱང་ཡིན། སྨོན་ལམ་མཐོན་པོའི་རྒོ་དམར་དང་ཤྭ་ཆེན། གནའ། ཝ་དམར་སོགས་རི་སྐྱེས་སྲོག་ཆགས་རྣམས་ཀྱིས་ཁྱེད་དང་མཉམ་དུ་ལུས་རྩལ་གྱི་སྤྲོ་བ་མཉམ་སྤྱོད་བྱེད། ཞོགས་པའམ་ས་སྲོད་གང་རུང་དུ་སྨོན་ལམ་མཐོན་པོར་བསྐྱོད་དེ་མི་ཚེ་གང་པོར་བརྗེད་དཀའ་བའི་སྤྲིན་རྩེའི་འོད་ཟེར་ལ་ལག་སྙོབ་ཐེངས་ཤིག་བྱས་ཆོག་སྟེ། ཞོགས་པའི་ཉི་རྩེའམ་དགུང་ཁའི་ཉི་ཟེར་ལ་བལྟས་ནས། མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་བྱང་རྒྱུད་ཀྱི་ཉི་རྩེ་དང་པོའི་མཛེས་སྡུག་དང་དགུང་ཁའི་ཉི་ཟེར་མཚོ་རུ་ནུབ་པའི་བཀྲག་མདངས་སེམས་ཀྱིས་མྱང་ཆོག སྨོན་ལམ་མཐོན་པོ་དང་མཚོ་སྔོན་པོ་གཉིས་ལུས་དང་གྲིབ་མ་བཞིན་དུ་ཁ་མི་འབྲལ་ཞིང་། རི་ཆུ་གཉིས་ཀ་ཕར་བརྟེན་ཚུར་བརྟེན་བྱས་ཡོད་པས། གནས་འདི་ནི་མི་འགྱུར་དམ་བཅའ་འཇོག་པའི་གནས་མཆོག་ཡིན་ལ། བརྩེ་དུང་ལྷུག་པོར་བརྗོད་སའི་གནས་ལེགས་ཤོས་དེ་ཡང་ཡིན། སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་རུ་དེང་རབས་ཀྱི་ཉམས་ཀྱིས་ཕྱུག་པའི་སྐར་དབྱིངས་ཁང་པ་དང་མཁའ་དབྱིངས་ཚང་། གུར་དཀར་པོ་བཅས་གོ་རིམ་ལྡན་པའི་ངང་རི་འདབས་སུ་བསྒྲིགས་ཡོད་པ་ནི། སེམས་ཀྱི་མེ་ཏོག་རྣམ་པར་བཞད་པའི་འཆར་ཡན་གྱི་རྣམ་པ་ཡག་པོ་ཞིག་ཏུ་སྣང་། གནས་འདིར་བསྡད་དེ་རྟའི་འཚེར་སྐད་དང་བྱ་བྱེའུ་འབའ་འབུའི་སྐད་སྒྲ་སྣ་ཚོགས་ལ་ཉན་པ་དང་། ནམ་མཁའི་སྐར་ཚོགས་ལ་བལྟ་བ། སྤྲིན་དཀར་ནག་གི་འདུ་འགོད་ལ་གཟིགས་པ་བཅས་ནི། རི་ཆུ་དང་ཁ་ཏ་གློད་པའི་སྙན་ངག་གི་ཞིང་ཁམས་ཤིག་ཏུ་འཁུམས། ལྕེ་རྩེར་གནས་པའི་སྨོན་ལམ་མཐོན་པོས“སོ་སོའི་རྒྱན་གྱིས་སོ་སོར་བརྒྱན། །རྒྱན་ཐོག་རྒྱན་བརྩེགས་ཀུན་ནས་མཛེས། །”ཞེས་པའི་མི་རིགས་ཀྱི་སྲོལ་བཟང་རོལ་མྱོང་བྱེད་པར་གདན་འདྲེན་ཞུ་སྟེ། རྩིབ་ཤ་དང་རང་སའི་མེ་ཁོག ལུག་ཤ་སྲེག་མ། མཚོ་སྔོན་གྱི་འབྲི་ཞོ། དཀྲུག་ཇ། ནས་རྩམ་སོགས་མཐོ་སྒང་གི་སྐྱེ་ཁམས་ཁྱད་ལྡན་ཟས་མཆོག་གིས་ཁྱེད་ཀྱི་འཚོ་བའི་མཚན་ཉིད་རིག་པའི་གསང་གནད་བཀྲོལ་བ་དང་བདེ་སྐྱིད་ལྡན་པའི་ཕ་ཡུལ་དྲན་པའི་གདུང་བ་བསླང་ངེས། མི་རིང་བའི་གནས་སུ་ཡོད་པའི་བོན་རྒྱ་ཕྱུགས་ར་དང་མདའ་བཞི་དམངས་སྲོལ་སྡེ་བས་མི་རིགས་ཀྱི་གོམས་གཤིས་རོལ་མྱོང་བྱེད་དུ་གདན་འདྲེན་ཞུ་ལ། ཡན་ལག་བཟོ་གྲྭ་གསུམ་པའི་སྣེ་ལེན་ཁང་གིས་ཁྱེད་རང་བསྐྱར་དུ་དམག་གླུ་སིང་སིང་གཏོང་བའི་ངར་ཤུགས་ཀྱིས་ཁེངས་པའི་ལོ་ཟླར་ལོག་ཏུ་འཇུག མཐོ་སྒང་གི་ཁྱད་ལྡན་ཚོང་རྫས་འགྲེམ་ཚོང་ལྟེ་གནས་ཀྱིས་ཁྱེད་ཀྱི་ཐེངས་འདིའི་འགྲུལ་སྐྱོད་དོན་ལྡན་དུ་གཏོང་སྲིད། གནས་འདི་ནས་བཟའ་བཏུང་ལ་རོལ་ན་བྲོ་བ་ལྡན་ཞིང་། ཞག་སྡོད་བྱས་ན་སྣང་བ་སྐྱིད་པ། རྩེ་མོར་རོལ་ན་སྤྲོ་དགས་ཁེངས་པ། ཐོན་རྫས་ཉོས་ན་ཁྱད་ཆོས་ལྡན་པ་བཅས་ཡིན་ནོ།

6.jpg

“གོ་བ་བརྒྱ་ལས་མཐོང་བ་གཅིག་བཟང”ཟེར་བ་ལྟར། ཉི་ཟླའི་གཟི་བྱིན་གྱིས་སྤྲས་པའི་སྨོན་ལམ་མཐོན་པོ་ནི། རྔམ་བརྗིད་ཀྱི་ཉམས་ལ་གཏིང་དཔག་དཀའ་བའི་གསང་བ་གནས་ཤིང་། གནའ་བོའི་རྙིང་ཀོག་ལས་དེང་རབས་ཀྱི་ལང་ཚོའི་གཟི་དཔལ་འབར། གནས་དེར་མ་བསླེབ་པའི་སྔོན་ལ། ཞེ་ལ་ཆགས་ཤིང་རྨི་ལམ་དུ་འཁོར་བའི་སེམས་ཀྱི་སྙེག་ས་ཡིན་ལ། བསླེབས་པའི་རྗེས་སུ། ཡོད་ཚད་ལྷིང་འཇགས་སུ་གནས་པའི་སེམས་ཀྱི་ལོག་མལ་ཡིན། མཐོ་སྒང་གི་སྒེའུ་ཁུང་ལ་བལྟས་མི་ཚར་བའི་རི་མོ་ལྟ་བུའི་རི་ཆུ་བདོག་ཅིང་། བཤད་མི་ཚར་བའི་ལོ་ཟླའི་གཏམ་རྒྱུད་ཡོད་ལ། མྱངས་མི་ཚར་བའི་མི་ཡུལ་གྱི་འཆར་ཡན་མངའ། གནས་འདི་ནི། ཁྱེད་ཀྱིས་རྒྱུན་དུ་གླེང་ཞིང་རེ་བའི་སྙན་ངག་དང་རྒྱང་རིང་དེ་ཡིན་ནོ།།


མཉམ་སྤྱོད།