དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

​བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ལས་བོད་ལུགས་གསོ་རིག་གི་མཚོན་དོན་ཇི་ལྟར་ཡིན།

2024-12-13 09:58:45   |   145

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱིར་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོའི་མཚོན་ཆ་འདི་དང་འདིའོ་ཞེས་མཐའ་གཅིག་ཏུ་ངེས་པར་མི་ནུས་པར་རི་མོའི་སྒྱུ་རྩལ་གྱི་རྣམ་པ་གནའ་ནས་ད་ལྟའི་བར་ཟམ་མི་ཆད་པར་དུས་རབས་ཀྱི་འགྲོས་དང་འཚམ་པའི་འགྲེལ་ཚུལ་རྣམ་པ་མི་འདྲ་བ་བྱུང་།  དེང་གི་དུས་སུའང་སྔར་གྱི་རྨང་གཞིའི་སྟེང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།  འདིར་བོད་ལུགས་གསོ་རིག་གི་གཞུང་དང་འཚམ་པར་སྦྱར་ནས་གླེང་བར་བྱའོ།  བཀྲ་ཤིས་རྟགས་བརྒྱད་ཅེས་གྲངས་ཀྱི་རྣམ་པའི་ཐོག་ནས་བཤད་ན་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི་ནད་རིགས་ཐམས་ཅད་དང་བཅོས་ཐབས་ཀུན་བསྟན་པའི་བརྗོད་བྱ་ཡན་ལག་བརྒྱད་མཚོན་ནོ།   རྟགས་བརྒྱད་སོ་སོའི་མཚོན་དོན་ལས་འཁོར་ལོའི་མཚོན་དོན་ནི་གསོ་རིག་གི་བརྒྱུད་པ་བཟང་པོ་བར་མ་ཆད་པར་གཅིག་ནས་གཅིག་ཏུ་བརྒྱུད་སྤྲོད་ཐུབ་པས་འཕྲིན་ལས་ཀྱི་རྒྱུན་དང་གསོ་རིག་བསྟན་པ་སྲིད་མཐའི་བར་དུ་གནས་ཐུབ་ཅེས་པའི་མཚོན་བྱེད་ཅིག་ཡིན།  གདུགས་ཀྱི་མཚོན་དོན་ནི་ལུས་ལ་ནད་གཞི་སྣ་ཚོགས་བྱུང་ན་ཡང་ཚ་གྲང་གཉིས་ལས་མི་འདའ་བས།  གདུགས་ཀྱིས་ཆར་ཉིའི་གདུང་བ་སེལ་ནུས་པ་ལྟར་བོད་ལུགས་གསོ་རིག་ལས་བསྟན་པའི་གཉེན་པོ་བསིལ་དྲོད་གཉིས་ཀྱིས་ལུས་སེམས་ལ་འཚེ་བའི་ཚ་གྲང་གི་གདུང་བ་ཐམས་ཅད་སེལ་ནུས་པའི་མཚོན་བྱེད་ཅིག་ཡིན།  རྒྱལ་མཚན་གྱི་མཚོན་དོན་ནི་རིག་གཞུང་གི་མ་ལག་ཆ་ཚང་ཞིང་ཁུངས་བཙན་ལ་གསོ་དཔྱད་ཀུན་གྱི་རྒྱལ་པོ་ལྟ་བུར་གྱུར་པས་ན།  འདི་དུས་ནམ་ཡང་འགྲོ་བའི་དཔལ་དུ་གྱུར་ནས་མི་ཟད་ཅིང་།  ཡ་ང་བའི་ནད་ཀྱི་དགྲ་བོ་ལས་རྣམ་པར་རྒྱལ་ནུས་པའི་མཚོན་དོན་དུ་རྒྱལ་མཚན་གྱིས་མཚོན་པར་བྱེད་པ་ཞིག་ཡིན།  དཔལ་བེའུ་གྱི་མཚོན་དོན་ནི་རང་ལུགས་སུ་འགྲོ་བའི་ལུས་དང་གསོ་བྱའི་ནད།  གསོ་བྱེད་གཉེན་པོ་ཐམས་ཅད་འབྱུང་བཞིའི་ངོ་བོ་བདག་ཉིད་གཅིག་པར་ཡིན་པའི་ཕྱིར་ན།  སྣོད་བཅུད་འབྲེལ་བ་དམ་ཟབ་ཏུ་ལྡན་པའི་མཚོན་བྱེད་དུ་དཔལ་བེའུ་ཡིས་མཚོན་པར་བྱེད་པ་ཡིན།  དུང་དཀར་གྱི་མཚོན་དོན་ནི་དུང་དཀར་གྱིས་སྒྲ་སྒྲོག་ཚེ་རྒྱང་རིང་པོར་གྲགས་ཤིང་ཐོས་ནུས་པ་ལྟར་བོད་ལུགས་གསོ་རིག་གིས་འགྲོ་དོན་བོད་ཀྱི་འགྲོ་བ་ཙམ་མ་ཟད།  ས་ཡི་གོ་ལའི་ཁྱོན་ཀུན་ཏུ་འགེངས་ཤིང་རྣམ་དཀར་གྱི་མཛད་འཕྲིན་རྒྱས་པའི་མཚོན་བྱེད་ཅིག་ཡིན།  པདྨའི་མཚོན་དོན་ནི་འདམ་སྐྱེས་པདྨ་འདམ་ན་གནས་ཀྱང་འདམ་གྱི་དྲི་མས་མི་གོས་པ་བཞིན།  སྨན་པ་རྣམས་འཁོར་བའི་འདམ་རྫབ་ཁྲོད་ན་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་ཞག་གིས་བཅིངས་པའི་གྲ་ཤིག་ཡིན་ན་ཡང་།  གངས་ཅན་གསོ་རིག་གཞུང་ལུགས་ལ་ཇི་བཞིན་འཇུག་ཙ་ན།  ཚད་མེད་བཞི་ཡིས་བློ་སྐྱེད་དང་རྒྱུ་དྲུག་ལྡན་པའི་སྨན་པ་བླ་མེད་དམ་ལྷ་རྗེ་ཡི་མཚོན་བྱེད་དོ།  གསེར་ཉའི་མཚོན་དོན་ནི་རིག་གཞུང་གི་ཐོས་བསམ་དང་མཐོང་བརྒྱུད་ལག་ལེན་གཉིས་ཁ་མ་བྲལ་བ་ཟུང་དུ་འཇུག་དགོས་པའི་མཚོན་བྱེད་དམ་གཞན་ཡང་སྨན་དང་རྩིས་གཉིས་པོ་ནམ་ཡང་ཁ་འབྲལ་ཐབས་མེད་པའི་མཚོན་བྱེད་དུའང་འགྱུར་རོ།  བུམ་པའི་མཚོན་དོན་ནི་བོད་སྨན་སྨན་མཆོག་དེ་དག་ནི་ཚེ་བསྲིང་ནད་འཇོམས་པའི་འཆི་མེད་ཀྱི་བདུད་རྩིའི་བུམ་པ་དང་མཚུངས་ལ།  རྟགས་བརྒྱད་གཟུགས་ཆ་ཚང་བུམ་པ་འདི་ལ་བཀོད་པས་བོད་ལུགས་གསོ་རིག་ནི་དངོས་གྲུབ་སྟེར་བའི་འགྲན་བྲལ་རིན་ཆེན་གྱི་བུམ་པ་ལྟ་བུ་ཞིག་ཡིན་པའི་མཚོན་བྱེད་དོ།


མཉམ་སྤྱོད།