དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་གེ་སར་རིག་གནས་ཤུལ་རྟེན་ཏེ། སྦལ་བ་ཐང་།

2025-05-06 10:18:02   |   88

རྩོམ་སྒྲིག ཀླུ་མཁར་རྒྱལ།    ཡོང་ཁུངས། 《མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གེ་སར་རིག་གནས   བཤེར་འབེབས། རིན་ཆེན་ཚེ་རིང་། 


123.jpg

སྦལ་བ་ཐང་ནི་མདོ་ལ་རྫོང་རྫ་དམར་ཡུལ་ཚོའི་ཆུ་དཀར་སྡེ་བའི་ཞིང་སར་ཡོད་དེ། རྫོང་མཁར་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅུའི་མཚམས་ཀྱི་ལམ་འགྲམ་གྱི་བདེ་ཞིང་སྙོམས་པའི་ས་ཞིང་གི་སྟེང་ན་སྦལ་བ་ཞིག་དང་འདྲ་བའི་རྡོ་ནག་པོ་ཞིག་ཡོད་པས་དེ་ལྟར་བཏགས་པ་ཡིན། ངག་རྒྱུན་དུ་བདུད་མོ་ལྭ་བ་ལྗང་ཁུ་གྱོན་ཞིང་གདོང་ན་སྨེ་བ་མང་བ་ཞིག་གིས་ཡུལ་མིར་གནོད་ཅིང་གཙེས་པ་ན་གླིང་གེ་སར་རྒྱལ་པོའི་བློན་པོ་འཇིགས་མེད་ཀྱིས་བཏུལ་བ་སྦལ་བར་གྱུར་པ་ཡིན་པར་བཤད།

ངག་རྒྱུན་ཆ་ཚང་ནི་འདི་ལྟ་སྟེ། གླིང་གེ་སར་རྒྱལ་པོ་ས་འདི་བརྒྱུད་ནས་ཧོར་ཡུལ་ལ་འགྲོ་དུས། རི་ཆུ་ནགས་གསུམ་འཛོམས་པའི་ས་ཆ་སྐྱིད་པོ་ཞིག་ཡིན་ཡང་ཁྱིམ་ཚང་ཤིན་ཏུ་ཉུང་བ་དང་། ས་ཞིང་ཚང་མའང་ས་རྒོད་དུ་གྱུར་ཡོད་པ་མཐོང་རྗེས་སེམས་ལ་དོགས་པ་སྐྱེས་ནས། རང་གི་དམག་དཔོན་འཇིགས་མེད་ཟེར་བ་གནས་ཚུལ་རྩད་གཅོད་དུ་མངགས། འཇིགས་མེད་ནི་དཔའ་རྩལ་དང་བློ་རིག་གཉིས་འཛོམས་ཀྱི་དཔའ་རྒོད་ཅིག་ཡིན་པ་མ་ཟད། བཙན་པོའི་གཉའ་ནས་གནོན་ཞིང་གཉོམ་ཆུང་བྱམས་ཀྱིས་སྐྱོང་མཁན་ཞིག་ཀྱང་ཡིན་པས། ཁོ་རང་མྱུར་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་མོད། ལུང་པའི་ནང་གི་ཁྱིམ་ཚང་ཐམས་ཅད་གཞན་ལ་བྲོས་སོང་བས་འདྲི་ས་ཞིག་མ་རྙེད། ཁོས་ལུང་པའི་ཕྱོགས་སོ་སོར་ཡུན་རིང་བཙལ་མཐར། ལུང་པའི་ཕུ་ན་ཁང་སྟོང་ཞིག་གི་ནང་ན་ཨ་ནེ་རྒན་མོ་ཞིག་ངུ་བཞིན་པ་མཐོང་། དེར་གནས་ཚུལ་དྲིས་པར། ཨ་ནེ་རྒན་མོས་ལོ་འགའི་སྔོན་ལ་ལྭ་བ་ལྗང་ཁུ་གྱོན་ཞིང་གདོང་ན་སྨེ་བ་མང་བའི་བདུད་མོ་ཁ་ཆེ་ཞིག་ང་ཚོའི་སྡེ་བར་ཡོང་ནས་གསོད་འཕྲོག་བཅོམ་གསུམ་བྱས་པ་མ་ཟད། ད་དུང་ཁོ་མོར་ཕྱག་འཚལ་བ་དང་བསང་བཏང་ནས་མཆོད་པ་བྱེད་དུ་འཇུག གལ་ཏེ་མོ་རང་ཅུང་མ་དགའ་ཚེ། བྱ་སྒོང་འདྲ་བའི་སེར་བ་མང་པོ་ཕབ་ནས་ང་ཚོའི་ལོ་ཏོག་དང་ཕྱུགས་ཟོག་ཚང་མ་བཅོམ་འགྲོ་ཞེས་ངུ་ཞོར་དུ་བཤད། དེ་ནས་འཇིགས་མེད་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ་ཨ་ནེ་རྒན་མོར་བདུད་མོ་དེ་གར་ཡོད་དྲིས་ཏེ་ཕྱོགས་དེར་བདུད་མོ་བཙལ་དུ་སོང་། འཇིགས་མེད་ཀྱིས་བདུད་མོ་དེའི་སྒོ་ཁར་ཡུན་རིང་བསྒུགས་པ་ན། བདུད་མོས་ལག་གཡོན་པས་ལུག་ཅིག་བཟུང་བ་དང་། ལག་གཡས་པས་ཐོ་བ་ཆེན་པོ་ཞིག་བཟུང་ནས་མ་དགའ་བའི་རྣམ་འགྱུར་དང་བཅས་སྒོར་བུད་དེ་འཇིགས་མེད་ལ་འཐབ། འཇིགས་མེད་དང་བདུད་མོ་གཉིས་བར་དམ་གཙང་འགྲམ་ནས་ཡུན་རིང་ལ་འཐབ་ཀྱང་རྒྱལ་ཕམ་གྱི་དབྱེ་བ་མ་བྱུང་བས། འཇིགས་མེད་ཀྱི་སེམས་ལ་བདུད་མོ་འདིའི་ཆ་ལུགས་དང་བྱ་སྤྱོད་གང་ལ་བལྟས་ཀྱང་། སྦལ་བ་ཞིག་གི་སྤྲུལ་བ་ཡིན་ཁོ་ཐག་རེད། གཙང་འགྲམ་ནས་འཐབ་ན་འདི་ག་ལ་ཐུབ། ཐབས་བརྒྱ་ཇུས་སྟོང་གིས་རི་མགོར་ཁྲིད་ནས་འཐབ་ན་རྒྱལ་ཐུབ་སྙམ་ནས་བདུད་མོའི་ལག་གི་ལུག་དེ་འཕྲོགས་ནས་རི་མགོར་འབྲོ་ཁུལ་བྱས། བདུད་མོས་མོ་རང་གི་བཟའ་ཆས་འཕྲོགས་སོང་བས་ཞེ་སྡང་གིས་འཇིགས་མེད་བདའ་ནས་རི་འགོར་སོང་། རི་མགོར་ཐོན་དུས་བདུད་མོ་དེ་ཐང་ཆད་ནས་སྟོབས་ཤུགས་མེད་པར་གྱུར། འཇིགས་མེད་ཀྱིས་གོ་སྐབས་དེ་དང་བསྟུན་ནས་རལ་གྲིས་བདུད་མོའི་རྐང་པ་ཡ་གཅིག་བཅད་པ་ན། བདུད་མོ་དེ་ས་ལ་འགྱེལ་ནས་སྦལ་བ་ཞིག་ཏུ་གྱུར། འཇིགས་མེད་ཀྱིས་སྦལ་བས་སྤྲུལ་བའི་བདུད་མོ་དེ་ཐུལ་སོང་སྙམ་ནས་ངལ་གསོ་ཅུང་ཙམ་བྱས་རྗེས་དུ་ཁུག་ནང་གི་དུ་བ་བླངས་ནས་འཐེན་རྩིས་བྱས་པ་ན། སྦལ་བ་རི་འདབས་ལ་ཐོན་ནས་བར་དམ་གཙང་བོའི་ནང་ལྡིང་རྩིས་བྱེད་བཞིན་ཡོད་པ་མཐོང་སྟེ། བྲེལ་འཚུབ་ངང་ནུས་ཤུགས་ཡོད་དགུ་བཏོན་ནས་སྦལ་བ་དེའི་རྐང་བ་ཡ་གཅིག་རྡོག་པས་མནན་པར་ཤུགས་དྲག་པའི་རྐྱེན་གྱིས་རང་གི་རྐང་བ་ས་ནང་ལ་འཛུལ་ནས་ཕྱིར་ལེན་མ་ཐུབ། འཇིགས་མེད་ཀྱིས་སྦལ་བ་མནན་ནས་ལོ་མང་འགོར་བར་སར་འཐིམས་སོང་། སྦལ་བ་དེའི་མགོ་སྔོན་ཆད་བར་དམ་གཙང་བོའི་ཕྱོགས་སུ་འཁོར་ཡོད་ཀྱང་རྗེས་སུ་རང་གི་ཉེས་པ་ངོས་ཟིན་ནས་འགྱོད་པ་སྐྱེས་པ་དང་། རང་ཉིད་ཀྱང་རྗེས་ཕྱོགས་ཀུན་ལ་ཉེ་རིང་མེད་པར་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་པའི་ཁྲི་གདུགས་ཉི་མ་ལྟ་བུ་ཞིག་ཏུ་འགྱུར་དགོས་སྙམ་ནས་རང་གི་མགོ་བོ་རིམ་བཞིན་ཤར་ལ་ཕྱོགས་པ་ཡིན་ཟེར།


མཉམ་སྤྱོད།