དེ་རིང་ནི2025ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གེ་སར་རིག་གནས།

2024-08-29 14:44:39   |   519

རྩོམ་སྒྲིག སངས་དོན། ཡོང་ཁུངས། མཚོ་བྱང་ཁུལ་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི། བཤེར་འབེབས། རིན་ཆེན་ཚེ་རིང་།


           བོད་ཀྱི་དཔའ་བོའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོ་སྟེ་གླིང་སྒྲུང་ནི་སྤྱི་ལོ2006ལོའི་ཟླ5པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་”དུ་བདམས། སྤྱི་ལོ2009ལོའི་ཟླ9པའི་ཚེས30ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་ངག་ཐོག་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང”ནང་གཏན་འཁེལ་བྱས།  

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་དང་། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་རྒྱུད། མདོ་ལ་རིང་མོའི་འདབས་རོལ་དུ་གནས་ཤིང་། གངས་རི་དང་གྲོག་རོང་། གཙང་བོ། ནགས་ཀླུང་། མཚོ་དང་མཚེའུ། རྩྭ་ཐང་། བྱེ་ཐང་། གངས་ཀླུང་སོགས་རང་བྱུང་གི་ས་གཤིས་ཕུན་སུམ་ཚོགས་པོ་ཡོད་པས་སྣ་མང་རིག་གནས་གྲུབ་པའི་ཁོར་ཡུག་གི་ཆ་རྐྱེན་ཡོད་ལ། ཁོར་ཡུག་དེ་འདྲ་ལ་བརྟེན་ནས་གླིང་སྒྲུང་གི་ས་བོན་ཀྱང་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གནས་འདིར་ཁྱབ་ཡོད། དཔེར་ན། གེ་སར་རྟ་ཕུར་དང་། འབྲུག་མོའི་སླ་ང་། གེ་སར་བཞུགས་ཁྲི། གཡག་ལ་སེར་པོ། གེ་སར་རྨོག་ཞྭ་སོགས་ཤུལ་རྟེན་དང་དེ་དག་དང་འབྲེལ་བའི་ངག་རྒྱུན་ཕུན་སུམ་ཚོགས།

གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་དང་ཡུལ་ཁོངས་ཀྱི་སྐྱེ་ཁམས་གནས་སྐོར་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་གཏོང་ཆེད། མཚོ་བྱང་ཁུལ་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིས་གེ་སར་སྒྲུང་བ་གདན་འདྲེན་ཞུས་ཏེ་མཐོན་པོ་སྒང་དང་། ཤྭ་ཐང་ཆུ་ཚན། ལྷ་ཆབ་ཁུག གཉན་ཆེན་ཞལ་དཀར། ཨ་མྱེས་སྟོང་སོ། བློན་པོ་བྱ་རྒོད། ར་གདོང་ཀླད། མེ་ལྷ་གངས་དཀར། གངས་ལུང་བྲག་ཕུག བྱ་རྒོད་རི་ཁྲོད། གཡག་ལ་སེར་པོ། བཙུན་མོ་དམར་ཡག བྲག་ཚ་ཚའམ་གླིང་གི་དཔའ་རྟུལ་སུམ་ཅུ། འབྲུག་མོའི་སླ་ང་། ཨ་མྱེས་བ་ཡན་སོགས་གླིང་གེ་སར་དང་འབྲེལ་བ་ཡོད་པའི་གནས་གལ་ཆེན་དག་ཏུ་སོང་སྟེ་གླིང་སྒྲུང་གི་ས་བོན་དང་ལོ་རྒྱུས་འཚོལ་བསྡུ་བྱས།


མཉམ་སྤྱོད།