དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《རྔ་བའི་བོད་རིག་པ》ཡི་རྩོམ་བསྡུའི་བརྡ་ཐོ།

2026-01-22 15:14:14   |   320

རྩོམ་སྒྲིག   སངས་དོན།    ཡོང་ཁུངས། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


རྒྱ་ཆེའི་ཀློག་པ་པོ་དང་རིག་གཞུང་ཞིབ་འཇུག་པ་ལགས།

《རྔ་བའི་བོད་རིག་པ》ནི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་གཙོ་སྒྲིག་གནང་བའི་ནང་ཁུལ་རྒྱུ་ཆ་རང་བཞིན་གྱི་དུས་དེབ་ཅིག་རེད། དུས་དེབ་འདི་བཏོན་པ་ནས་བཟུང་བོད་ཀྱི་ཕུལ་བྱུང་ཤུལ་བཞག་རིག་གནས་དང་གནའ་དཔེ་ལོ་རྒྱུས་ཡིག་ཚངས་སྐོར་གྱི་ཞིབ་འཇུག་ལ་རྐང་ཚུགས་ཏེ། སྤྱི་ཚོགས་དཔལ་འབྱོར་དང་བསམ་བློ་རིག་གནས་སྐོར་སོགས་ཀྱི་ཁྱབ་ཁོངས་མང་པོའི་ཐད་ལ་ཕྱོགས་བསྡུས་ཞིབ་འཇུག་བྱས་ཤིང་། བོད་ཀྱི་ཆོས་ལུགས་མཚན་ཉིད་རིག་པ་དང་། སྐད་ཡིག་རྩོམ་རིག གནམ་དཔྱད་སྐར་རྩིས། གསོ་བ་རིག་པ། བཟོ་ལས་སྒྱུ་རྩལ་སོགས་ཀྱི་ཞིབ་འཇུག་ལེ་ཚན་བསྒྲིགས་པས། ཞིབ་འཇུག་པ་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་། སྤུས་ཀ་ལེགས་པའི་རིག་གཞུང་དཔྱད་རྩོམ་ཡང་མང་པོ་བཀོད་པས་སྤྱི་ཚོགས་སུ་གདེང་འཇོག་མི་དམན་པ་ཐོབ། དུས་རབས་གསར་བའི་ནང་《རྔ་བའི་བོད་རིག་པ》ཡིས་ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་མཛུབ་སྟོན་འོག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློ་ཁྱབ་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ལས་ཀའི་གཙོ་བོར་བཟུང་སྟེ། རྔ་ཁུལ་གྱི་ཕུན་སུམ་ཚོགས་པའི་ས་ཁོངས་རིག་གནས་དང་མི་ཆོས་ཐོན་ཁུངས་ཀྱི་སྔོག་འདོན་དང་ཞིབ་འཇུག་ལ་གཉེར་དང་གཉེར་བཞིན་པའི་སྒང་ཡིན།

རང་ཁུལ་གྱི་རིག་གནས་སློབ་གསོའི་བྱ་གཞག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁུངས་བཙན་པའི་རྒྱུ་ཆ་དང་འཐབ་ཇུས་མ་དཔེ་མཁོ་འདོན་བྱེད་པ་དང་། 《རྔ་བའི་བོད་རིག་པ》མུ་མཐུད་དུ་ལེགས་པོར་སྤེལ་ནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཞིང་། དམིགས་ས་རང་བཞིན་དང་ཀློག་འདོད་པའི་སྤྲོ་བ་ཆེར་བསྐྱེད། སྤེལ་རེས་སྟེགས་བུ་གསར་བསྐྲུན་དང་། སྔར་ལས་ལྷག་པས་སྤྱི་ཡོངས་ལ་ཞབས་ཞུ་དང་བློ་བསྐྱེད་ཡར་སྐུལ་གྱི་ནུས་པ་སོགས་འདོན་སྤེལ་བྱེད་ཆེད། རིགས་ཁོངས་སོ་སོའི་ཆེད་མཁས་རྣམ་པས་ཕྱག་རྩོམ་རེ་བསྐུར་རྒྱུའི་རེ་བ་སྙིང་ནས་ཞུ།

《རྔ་བའི་བོད་རིག་པ》ནི་སྐད་གཉིས་ལམ་ནས་སྤེལ་བའི་ལོ་ཕྱེད་དུས་དེབ་ཅིག་ཡིན། ལོ་སྟོད་ལ་བོད་ཡིག(ཧི་མ་ལ་ཡའི་ཡིག་གཟུགས)པར་མའི་དུས་དེབ་དང་། ལོ་སྨད་ལ་རྒྱ་ཡིག་པར་མའི་དུས་དེབ་ཡིན།

གཅིག རྩོམ་ཡིག་གི་ནང་དོན།

༡ མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལོ་རྒྱུས་ལ་སྔོག་འདོན་དང་ཞིབ་འཇུག་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བསམ་བློ་འགྲེལ་སྤེལ་བྱེད་པའི་ལོ་རྒྱུས་དང་མི་སྣའི་སྐོར།

༢ རྔ་ཁུལ་གྱི་ཁྱད་ཐོན་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ཐོན་ལས་རྣམ་པ། སྤྱི་ཚོགས་འཕེལ་རྒྱས་སོགས་ཐད་ཀྱི་རྩོམ་ཡིག་དང་དཔྱད་ཞིབ་སྙན་ཞུ།

༣ བོད་ཀྱི་མཚན་ཉིད་རིག་པ་དང་། རྩོམ་རིག གསོ་བ་རིག་པ། བཟོ་རིག་པ་སོགས་ཀྱི་སྐོར་དང་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དང་བསམ་བློ་རིག་གནས་སྐོར་གྱི་ཞིབ་འཇུག

༤ བོད་རིག་པའི་ཞིབ་འཇུག་དང་འབྲེལ་བའི་དཔྱད་རྩོམ་དང་བརྗོད་གཞི་གཞན་དག

གཉིས། རྩོམ་ཡིག་གི་བླང་བྱ།

༡ ཡང་དག་པའི་ཆབ་སྲིད་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་གཞི་ཁ་གསལ་བ། ལྟ་བ་ཡང་དག་པ། ནང་དོན་ཚད་དང་ལྡན་པ། ཁྱབ་སྤེལ་རིན་ཐང་དང་ལག་ལེན་ལ་མཛུབ་སྟོན་བྱེད་པའི་དོན་སྙིང་ངེས་ཅན་ལྡན་པ།

༢ རྩོམ་ཡིག་གི་རྣམ་པ་ལ་གཏན་འཁེལ་མེད། ཡིག་འབྲུ་སྟོང་གཉིས་ཡན་དགོས།

༣ གལ་སྲིད་པར་གཞི་ཡོད་ན་དེའི་འགྲེལ་བཤད་ཡོད་དགོས།

༤ རྒྱ་བོད་རྩོམ་ཡིག་ནང་གི་དེབ་མིང་རྣམས་དཔེ་རྟགས《》ནང་དུ་འགོད་པ་དང་། ལུང་ཚིག་རྣམས་འདྲེན་རྟགས“”སུ་འགོད་དགོས།

༥ དཔྱད་རྩོམ་ལ་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ། ལུང་ཚིག་གི་འགྲེལ་བཤད་བཅས་འཇོག་དགོས།

གསུམ། དོ་སྣང་བྱ་དགོས་པ་འགའ།

༡ བསྐུར་ཡོང་བའི་རྩོམ་ཡིག་ནི་རང་ཉིད་ཀྱི་བརྩམས་ཆོས་དངོས་ཡིན་དགོས་པ་དང་། མི་གཞན་གྱི་ལུགས་མཐུན་ཁེ་ཕན་ལ་གནོད་ན་འགན་འཁྲི་རང་གིས་འཁུར་དགོས།

༢ རྩོམ་ཡིག་ཏུ་རྩོམ་པ་པོའི་མིང་དང་། ལས་ཁུངས། འབྲེལ་གཏུག་ཨང་གྲངས། སྦྲག་གནས་སོགས་གསལ་བོར་བྲི་དགོས།

༣ འདིར་བསྐུར་ཡོང་བའི་རྩོམ་ཡིག་ལ་ངེད་རྩོམ་སྒྲིག་ཁང་གིས་བཟོ་བཅོས་བྱེད་ཆོག

༤ དུས་དེབ་ཏུ་བཀོད་པའི་རྩོམ་ཡིག་ལ་རྩོམ་ཡོན་ངེས་ཅན་སྤྲོད་རྒྱུ།

༥ རྩོམ་བསྡུའི་དུས་ཚོད། ལོ་སྟོད་ཟླ་བ་གསུམ་པའི་ཚེས་སུམ་ཅུའི་སྔུན། ལོ་སྨད་ཟླ་བ་བརྒྱད་པའི་ཚེས་སུམ་ཅུའི་སྔུན།

རྩོམ་སྐུར་ཡིག་སྒམ།  abzxbjb@163.com

ཁ་པར་ཨང་གྲངས།  0837-2821771


མཉམ་སྤྱོད།