དེ་རིང་ནི2026ལོའི་ཟླ04པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཟི་ཚ་སྡེ་དགུ་ལྗོངས་ཁུལ་གྱིས་དུས་ཚིགས་དང་པོར་གནས་སྐོར་བ་མང་པོ་བསུས།

2026-04-01 15:57:28   |   144

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཚེས28ཉིན་གཟི་ཚ་སྡེ་དགུ་ལྗོངས་ཁུལ་དོ་དམ་ཅུ་ནས་རྒྱུས་ལོན་པ་ལྟར་ན། 2026ལོའི་ཟླ3པའི་ཚེས28བར་དུ་གཟི་ཚ་སྡེ་དགུ་ལྗོངས་ཁུལ་གྱིས་ལོའི་ནང་གནས་སྐོར་པ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི100ལས་བརྒལ་ཞིང་། 2025ལོ་དང་བསྡུར་ན་ཉིན11སྔ་སྣུར་བྱས་ཡོད་པས། ཉེ་བའི་ལོ3གྱི་དུས་མཉམ་ལས་ཆེས་སྔ་བའི་ཟིན་ཐོ་བསྐྲུན་ཡོད། ལྗོངས་ཁུལ་གྱིས་གྲུབ་འབྲས་གཡུར་ཟ་བླངས་ཏེ་ལོ་ཧྲིལ་བོའི་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་མགོ་ཡག་པོ་བརྩམས་ནས། འཛམ་གླིང་རང་བྱུང་ཤུལ་བཞག་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་དང་སྤུས་ཚད་མཐོ་བའི་འཁོར་བསྐྱོད་ཞབས་ཞུའི་འགྲན་རྩོད་བྱེད་ཤུགས་ཡོངས་སུ་མངོན།

1.jpg

པར་འདི་ནི་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཡིན།

ངོ་སྤྲོད་ལྟར་ན། 2026ལོའི་དུས་ཚིགས་དང་པོར་གཟི་ཚ་སྡེ་དགུའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་སྐོར་ཁྲོམ་ར་བརྟན་བརླིང་ངང་འཕར་སྣོན་བྱུང་། སྡོམ་རྩིས་ལྟར་ན། ཟླ3པའི་ཚེས28ཉིན། གཟི་ཚ་སྡེ་དགུ་ལྗོངས་ཁུལ་གྱིས་སྡོམ་པས་གནས་སྐོར་པ་མི་ཐེངས་ཁྲི100.15སྣེ་ལེན་བྱས་པ་དུས་མཉམ་ལས15.38%འཕར་ཡོད། དེའི་ནང་མངའ་ཁོངས་སུ་འཛུལ་བའི་གནས་སྐོར་པ་མི་ཐེངས་ཁྲི9.04སྣེ་ལེན་བྱས་པ་དུས་མཉམ་ལས31.18%འཕར་ཡོད།

ལོ་གསར་པ་མགོ་ཚུགས་པ་དང་བསྟུན། གཟི་ཚ་སྡེ་དགུ་ལྗོངས་ཁུལ་གྱིས“བདེ་འཇགས་དང་གོ་རིམ་ལྡན་པ། སྤུས་ལེགས། ནུས་མཐོ། དཔལ་ཡོན”གྱི་གནས་སྐོར་ཞབས་ཞུ་དམིགས་འབེན་དུ་བཟུང་ནས། དཔྱིད་གསར་དུས་ཆེན་འགྲུལ་རྒྱུན་མཐོ་རླབས་དང་ཉིན་རྒྱུན་དཔྱིད་བརྒལ་གནས་སྐོར་རིང་ལ་སྣེ་ལེན་དང་ཞབས་ཞུ། འགན་སྲུང་སོགས་ཀྱི་གཙོ་གནད་ལས་དོན་གཙོ་བོར་བཟུང་། གཞན་ཡང་གནས་སྐོར་པ“སེམས་བདེ་གནས་སྐོར་དང་སྤྲོ་སེམས་ཀྱི་གནས་སྐོར། སྤྲོ་བའི་ངང་ཕྱིར་ལོག”བྱེད་ཐུབ་པར་འགན་སྲུང་གང་ལེགས་བྱས། ལྗོངས་ཁུལ་གྱིས་ནམ་ཡང་གནས་སྐོར་པའི་བདེ་འཇགས་གཙོ་བོར་བཟུང་ནས་གོ་རིམ་ཧྲིལ་བོ་དང་ཕྱོགས་ཡོངས་ཀྱི་བདེ་འཇགས་སྣེ་ལེན་མ་ལག་བསྐྲུན། སྤྱི་བདེ་དང་འཕྲལ་བསྟུན། མེ་འགོག་སོགས་ཀྱི་སྡེ་ཚན་དང་མཉམ་འབྲེལ་གྱིས་དུས་གཏན་འཁེལ་གྱིས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོ་སྤེལ། མངོན་མེད་ཤུགས་རྐྱེན་ལེགས་སྒྱུར་དོ་དམ་ལམ་སྲོལ་བཙུགས་ཏེ་འགྲུལ་རྒྱུན་ཤིན་ཏུ་མང་བའི་དུས་སུ་སྔོན་ལ་འཕྲལ་བསྟུན་སྔོན་ཇུས་བཟོས་ཏེ་ནང་འཛུལ་དང་ལྗོངས་ཁུལ་གཙོ་བོ། འགྲིམ་འགྲུལ་འགག་རྩ་སོགས་ཀྱི་ཁྱབ་ཁོངས་སུ་ལས་འགན་སྒྲུབ་མཁན་དང་ལམ་སྟོན་མཚོན་རྟགས་བཀོད་སྒྲིག་བྱས་པ་མ་ཟད། དུས་ལྟར་ནང་འཛུལ་འགྲུལ་ཚད་ལེགས་སྒྲིག་གིས་ནུས་ལྡན་ངང་ཁྱབ་ཁོངས་བཀག་འགོག་དང་གཡོལ་ཏེ“མཐོ་རླབས་མི་འཚང་དང་གནས་སྐོར་གོ་རིམ་ལྡན་པ”མངོན་འགྱུར་བྱུང་།

ཞབས་ཞུ་ལེགས་གཏོང་ཐད། ལྗོངས་ཁུལ་གྱིས་གནས་སྐོར་པའི་ཞབས་ཞུ་ལྟེ་གནས་དང་ལྗོངས་ཁུལ། རླངས་འཁོར་འདུག་ས་ནས་དང་བླངས་ཞབས་ཞུ་ས་ཚིགས་བཀོད་སྒྲིག་བྱས་པས། མཐོ་རླབས་དུས་སུ་ལས་དོན་མི་སྣ་ཚང་མ་གཞི་རིམ་དུ་ཕྱིན་ཏེ་གནས་སྐོར་པར་བློ་འདྲི་དང་རོགས་རམ་མཁོ་འདོན་བྱེད་པ་མ་ཟད། དུས་མཚུངས་སུ་གནས་སྐོར་པའི་རེ་ཞུ་ཐག་གཅོད་ལམ་བུ་ཤར་གཏོང་བཏང་ནས་མགྱོགས་མྱུར་དང་ལེན་ལམ་སྲོལ་བཙུགས་ཏེ་མྱུར་དུ་རིགས་སོ་སོའི་གནད་དོན་ཐག་གིས་བཅད་དེ་གནས་སྐོར་པའི་བསྟོད་པ་ཐོབ། དཔྱིད་གསར་དུས་ཆེན་རིང་ལ་ལྗོངས་ཁུལ་གྱིས་ད་དུང་བོད་ཆའང་གཟུགས་འདས་འཁྲབ་སྟོན་དང་དམངས་སྲོལ་མཉམ་འགུལ་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་ནས། གནས་སྐོར་པས་དར་སྔོན་པོ་དང་གངས་རི་ཧའེ་ཙི་ལ་གཟིགས་པ་དང་ཆབས་ཅིག་ཏུ་དམངས་སྲོལ་ཁྱད་ཆོས་རོལ་མྱོང་བྱས་ཆོག

འགན་སྲུང་བྱེད་ཐབས་ཕྱོགས་ནས། ལྗོངས་ཁུལ་གྱིས་རྒྱུན་མཐུད་ངང་མཁྲེགས་ཆས་སྒྲིག་བཀོད་རིམ་སྤར་བྱས་ནས། ལྗོངས་གཟིགས་རླངས་འཁོར་དང་གནས་སྐོར་ལྟེ་གནས། གསང་སྤྱོད་ཁང་བཅས་ཀྱིས་གཙང་ཞིང་གོ་རིམ་ལྡན་པ་དང་། འཕྲང་ལམ་ལམ་ར། ངལ་གསོ་འདུག་སྟེགས། གནས་སྐོར་པའི་བགྲོད་ལམ་སོགས་ཀྱི་སྒྲིག་བཀོད་ཞིབ་བཤེར་བཟོ་བཅོས་བཀོད་སྒྲིག་བྱས། མཐོ་རླབས་དུས་སུ་ལྗོངས་གཟིགས་རླངས་འཁོར་ཤར་གཏོང་ཚད་དང་འགྲིམ་འགྲུལ་འཁོར་ཐིག་ལེགས་སུ་བཏང་སྟེ“མྱུར་བསྐྱོད་དལ་སྐོར”མངོན་འགྱུར་བྱུང་། ལྗོངས་ཁུལ་གྱིས་གཟི་ཚ་སྡེ་དགུ་རྫོང་དང་། ཏ་ཅུའུ་གནས་སྐོར་ཚོགས་པ་དང་མཉམ་འབྲེལ་གྱིས“རྫོང་ཅུ་སི”མཉམ་འབྲེལ་ལས་དོན་ལམ་སྲོལ་བཙུགས་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་བསྡུས་ཏེ་མཐུན་སྦྱོར་མཉམ་འགུལ་དང་ནུས་མཐོ་འཁོར་བསྐྱོད་ཀྱི་ལས་དོན་རྣམ་པ་ཆགས། ནན་གྱིས“ཚད་བཀག མངག་ཉོ། གནས་གཡོལ”སྣེ་ལེན་ལམ་ལུགས་ཀྱིས་པ་སེ་མངག་ཉོ་མ་ལག་ལེགས་གཏོང་གིས་དུས་བཀར་ནང་འཛུལ་དང་། པ་སེ་གསབ་བའི་ལམ་ལུགས་ལག་བསྟར་གྱིས་ནུས་ལྡན་ངང་པ་སེ་ལྐོག་འཚོང་སོགས་བཀག་སྟེ། ལུགས་རྙིང་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་ཀྱི་འགྲུལ་རྒྱུན་མཐོ་རླབས་དུས་ཀྱི་པ་སེ་ཉོ་བའི་འདྲ་མཉམ་རང་བཞིན་དང་སྟབས་བདེ་རང་བཞིན་འགན་སྲུང་བྱས།

དུས་ཚིགས་དང་པོར་གནས་སྐོར་པ་ཤིན་ཏུ་མང་པས་ལོ་ཧྲིལ་བོའི་རིག་གནས་གནས་སྐོར་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཙུགས། ཐེངས་འདིའི་གནས་སྐོར་བ་སྣེ་ལེན་བྱེད་ཚད་ཁྲི་བརྒྱ་ལས་བརྒལ། དེས་གཟི་ཚ་སྡེ་དགུའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་པ་མ་ཟད། ཞིབ་ཕྲ་ཅན་གྱི་ཞབས་ཞུའི་ཧུར་སེམས་ཕན་འབྲས་མངོན། མ་འོངས་པར། གཟི་ཚ་སྡེ་དགུ་ལྗོངས་ཁུལ་གྱིས་མུ་མཐུད་དུ“མི་ཡུལ་གྱི་ལྷ་ཡུལ་ཁམས”དེ་སྲུང་ནས་རྒྱུན་མཐུད་ངང་ཞབས་ཞུ་མཐོར་འདེགས་དང་བདེ་འཇགས་བརྟན་གཏོང་། འགན་སྲུང་འཐུས་ཚང་བཅས་བྱས་ཏེ། སྔར་ལས་མང་བའི་སྤུས་ལེགས་རིག་གནས་གནས་སྐོར་རོལ་མྱོང་སྤེལ་རྒྱུ་ཡིན་པས། ས་ཆ་སོ་སོའི་གནས་སྐོར་པས་སེམས་ཁམས་ཀྱི་འཚོ་སྡོད་གནས་མཆོག་འཚོལ་བར་དགའ་བསུ་བྱེད་བཞིན་ཡོད།


མཉམ་སྤྱོད།